ལྷ་ཡི་རྫིང་རིང་དང་མཚུངས་མཐའ་བྲལ་རྩྭ་ཐང་ཀློང་། །
བདག་གི་རླངས་འཁོར་འདི་ཡང་མགྲིན་རིང་ཇི་བཞིན་དུ། །
གནས་མཆོག་ལི་ཐང་བསྐོར་བ་ཐེངས་ཤིག་བརྒྱབ་ནས་ནི། །
མཐོ་རིས་ལྷ་ཡི་གནས་དང་དབྱེ་མེད་འདབ་པ་ཐོན། །
རི་བོ་རིགས་གསུམ་མགོན་པའི་རྣམ་སྤྲུལ་ཞིང་། །
རྒྱ་ལྕང་རྐང་འཐུང་མཛེས་པའི་དཔལ་ཉམས་ཅན། །
དྭངས་གཙང་ཡན་ལག་བརྒྱད་ལྡན་རྒྱུ་བའི་གྲོང་། །
གསུམ་འཛོམས་གནས་མཆོག་འདབ་པ་ཨེ་མ་རྨད། །
གློག་འོད་དར་མཚོན་སྣ་ལྔའི་རང་མདངས་ཕུན་སུམ་ཚོགས ། །
མཚན་ལྗོངས་གོས་སུ་གྱོན་པའི་ཡུལ་མི་སྐོར་བྲོ་བ། །
འཚོ་བའི་བྲ་རྡོ་ལྷོད་ལ་བཞགས་ནས་སྐྱོ་བ་སངས། །
སྒྱུ་རྩལ་མཉམ་བཞེངས་ཅན་གྱི་འདབ་པའི་རྒན་གཞོན་སྤྲོ། །
མཐའ་འཁོར་བརྗིད་ཆགས་རྫ་དང་སྤང་རིའི་འཁོར་གཡོག་རྣམས། །
དཀྱིལ་གཞུང་ཡོངས་འདུ་གྲོང་ཁྱེར་ཆེད་དུ་སྲུང་བ་བཞིན། །
ཀླུ་ཡི་བང་མཛོད་ཆུ་སྲིན་གནས་ལྟར་ཆགས་ནས་འདུག།
སེམས་འདི་ཁྱོད་དང་ཉེར་བ་གྱུར་པས་སྨྲ་བསམ་འདས། །
སྲོལ་རྒྱུན་བཟོ་བཀོད་རབ་མཛེས་ཁང་བཟང་ཕྲེང་། །
གཉུག་མའི་ཚོང་ཁྲོམ་བཤམས་པའི་གཞུང་ལམ་དུ། །
དལ་བུ་གོམ་པའི་འདེགས་འཇོག་བསྒྱུར་བ་ན། །
བདག་ནི་གནའ་གྲོང་ལྷ་ས་མྱུལ་བ་འཁྲུལ། །
ལྗོངས་རྒྱུ་ཞིང་ཁམས་ཉི་སྟེན་གནས་ལ་མ་སླེབས་རུང་། །
ཕན་རོགས་གནའ་ཤུལ་བཤམས་སྟོན་ནོར་བུའི་ཕོ་བྲང་དུ། །
གསལ་བའི་རྡོ་ཆས་རྙིང་མས་མེས་པའི་བློ་གྲོས་དང་།
གངས་ཅན་རིགས་འདི་ལོ་ཟླ་ཁྲི་ཕྲག་ཆགས་པ་ཤེས། །
པ་ཊའི་གཞུང་ལམ་གད་སྙིགས་ཕུང་པོས་དབེན། །
དྭངས་གཙང་ཤེལ་གྱི་ཆུ་ཕྲན་གཏིང་མཐའ་མངོན། །
དཔལ་ཡོན་དང་ལྡན་སྔོན་ཐོན་རི་གྲོང་མཛེས། །
མི་རིགས་འཕེལ་རྒྱས་མངོན་པས་གཟི་བརྗིད་སྐྱེས། །
མཁའ་ལ་བསྙེགས་པའི་བཅིངས་གྲོལ་མགྲོན་ཁང་དུ། །
རྒྱ་ཇ་མེ་ཏོག་རོལ་བཞིན་འབེལ་གཏམ་སྨྲ། །
རབ་གསལ་ལས་ནི་མིག་ཞགས་འཕངས་པ་ན། །
མཛེས་ལྗོངས་དང་ནི་མཛེས་མ་ལྷན་དུ་རོལ།།
སྐབས་འགར་སྙན་ངག་མཁན་དང་མཉམ་འདུ་ཞིང་། །
རེ་འགའ་ཞེ་མཐུན་གྲོགས་དང་འགྲོགས་གྱུར་པས། །
ཉིན་ཞག་རིང་མོ་འདི་ཡང་ཡུད་ཙམ་འདས། །
མཐོ་སྒང་གྲོང་འདི་ཁོ་བོས་སྙན་ངག་སྒོམ། །