སྟོང་ལྡན་མཁའ་དབྱིངས་སུ་འཕྱོ་བའི། །
སེམས་ཉིད་ང་རོ་ཡི་རང་མདངས། །
ཚིག་སྦྱོར་ཆོ་འཕྲུལ་གྱི་ཕོ་བྲང་། །
སྣང་བའི་རི་སྒང་ལ་བཞེངས་འདོད། །
དགུང་སྟོད་སྤྲིན་ཕུང་གི་བརྩེགས་མ། །
སྐྱི་བསེར་རླུང་བུ་ཡིས་གཏོར་དུས། །
དགུང་སྨད་དགུ་ཚིགས་ཀྱི་ཕག་གི །
སྐར་མའི་མིག་ཆུ་དེ་ཨེ་མཐོང་། །
འཚོལ་སྙེག་ནམ་མཁའ་རུ་འཕུར་བའི། །
འདུན་པའི་ཤོག་བྱ་ལ་ལྟོས་དང་། །
གནམ་ས་ཁ་སྦྱོར་གྱི་འཕྲང་ནས། །
རེ་ཆད་འཁུན་སྒྲ་ཞིག་ཨེ་ཚོར། །
མི་རྟག་གཞོན་དུས་ཀྱི་སྒྱུ་ལུས། །
ལང་ཚོ་སྟོན་མཇུག་གི་སྡོང་ལོ། །
བཟློག་མེད་ལོ་ཟླ་ཡི་རླུང་བུས། །
ཕྱོགས་མེད་ཐང་སྟོང་དུ་ཁྱེར་བཞག །
དུང་བ་ཞིམ་མངར་གྱི་རྒུན་ཆང་། །
བདུད་རྩིའི་ཉིང་ཁུ་རང་མ་འདོད། །
ལུས་སེམས་བཟི་ཁ་ཡི་རྗེས་སུ། །
མྱོང་རོལ་སྐྱུར་དྲི་ལས་མི་འདུག །
བརྗོད་མེད་ཡིད་འགྱུར་གྱི་ཁམས་ལ། །
གཞོན་པའི་སྣང་བ་དེ་བཞེངས་ཀྱང་། །
ལང་ཚོ་ཤོག་དཀར་གྱི་དར་ལྕོག །
ལོ་ཟླའི་སྒང་སོ་ནས་ཟད་སོང་། །
གྲགས་འགུལ་དབེན་པ་ཡི་ལོ་ཟླ། །
མུན་པའི་རེ་ནག་གི་ཕག་ནས། །
ཉིན་མཚན་མཛུབ་མོ་ལ་བརྩིས་ན། །
ཉིན་ཐོའི་ཁུར་པོ་འདི་ལྕི་འགྲོ། །
མནོག་ཆུང་མི་ཚེ་ཡི་ཕུགས་རེ།
ཐ་སྙད་རྩམ་སྐྱ་ཡི་རྒྱགས་ཕྱེ། །
བརྡ་སྤྲོད་སྦར་མོ་རུ་ཉར་ཡང་། །
རྨོངས་གཉིད་རླུང་བུ་ཡིས་འཁྱེར་འགྲོ། །
ཆགས་སྡང་རྩྭ་ཟིལ་གྱི་བ་མོས། །
འཚོ་བའི་གོས་ཐུ་དེ་བརླན་སོང་། །
རེ་དོགས་ཉི་ནུབ་ཀྱི་གྲིབ་སོ། །
གར་སོང་ས་ཕྱོགས་ལ་བསླེབ་ཡོང་། །
རྒྱ་གྲོང་མི་ཚོགས་ཀྱི་གཡོ་ཁྲམ། །
དཔྱིད་ཀྱི་གནམ་ངོ་དང་མཚུངས་པ། །
གདོང་གི་འཛུམ་དྲོད་དེའི་རྗེས་སུ། །
ཞེ་ནག་སྨུག་པ་དེ་འཐིབ་ཡོང་། །
ལས་དབང་བསླུ་བྲིད་ཀྱིས་སྤྲད་པའི། །
ཡིད་འགྲོགས་ཨ་གསར་གྱིས་ཟད་དུས། །
མཆོར་འདོད་ཡིད་ངོ་ནས་གསལ་བའི། །
གདུབ་ཀོར་གཡུ་ཁྲ་ཡང་རྙིང་སོང་། །
དཀར་ནག་སྐད་ཅིག་ཏུ་དབྱེ་བའི། །
བདེན་མཐུའི་དབང་པོ་ཞིག་ཡོད་ན། །
བསླུ་མེད་བདེན་དོན་གྱི་རང་ཞལ། །
འཇིག་རྟེན་དཀར་ངོགས་ལ་སྟོན་རོགས། །