སྤྲིན་པ་བཞིན་འགྱུ་ཞིང་གཡང་དཀར་ལྟར་རྩེན་པའི།
བསིལ་རླུང་བཞིན་རྒྱུ་ཞིང་རྟ་རྒོད་ལྟར་འཚེར་བའི།
ཟིལ་བ་བཞིན་དྭངས་ཤིང་མར་ཕྱུར་ལྟར་ལྟེམས་པའི།
ལྗང་ནེམ་ནེམ་གྱིས། ཁྲ་ལམ་ལམ་གྱིས།
མཛེས་མཚར་མཚར་གྱིས། འོད་ཁྱུག་ཁྱུག་གིས།
སྤང་སྔོན་མོའི་ཚེ་ནོམ་དུ་འབོད་པའི།
སྒོ་ཕྱུགས་མོའི་མཛེས་རྒྱན་གྱིས་བཏེགས་པའི།
སྤྲིན་ལེབ་མོའི་བཞིན་དཔལ་ལ་འགྲན་པའི།
གཡུ་སྦྲང་གིས་དུང་བ་བརྗོད་ས།
ཕྱེ་ལེབ་ཀྱིས་སེམས་པ་གླན་ས།
མེ་ཏོག རི་སུལ་དུ་བཞད་པའི་མེ་ཏོག
གཞོན་ནུ་མའི་མིག་མཐར་སྐུང་བའི་ཟུར་མིག་གི་མདའ་མོ་ཡིན་ནམ།
འཛུམ་ཞལ་གྱིས་གྲོལ་ཏེ་བརྩེ་དུང་གིས་མཆོད་པའི་ལང་ཚོ་ཡིན།
ཁ་བ་བཞུས་རྗེས་ཀྱི། ཆར་བ་བབས་ཤུལ་ན།
ཉི་འོད་ཀྱི་བདེ་དྲོད་རུམ་པའི་རི་སུལ་དུ་མེ་ཏོག་གི་འཛུམ་མདངས་རྒོད།
མེ་ཏོག་འདི་དག སྤང་སྔོན་མོར་འཁྱུད་པའི་མེ་ཏོག་འདི་དག
བཟོ་རིག་གི་སྤྲུལ་བསྒྱུར་མ་ཞུགས་པའི་མེ་ཏོག་འདི་དག
མི་ཚོགས་ཀྱི་ཁ་རླངས་མ་ཕོག་པའི་མེ་ཏོག་འདི་དག
དུས་དང་ཆར་གྱིས་སིམ་པའི་དབེན་འཇགས་ཀྱི་སྣང་ངོར།
མགོ་རིས་དཀྲིས་པའི་ཨ་ཆེའི་ལྷད་མེད་ཀྱི་བརྩེ་བ།
བཞོ་ཟེའུ་ཁུར་བའི་འབྲོག་མོའི་ཡ་ཆུང་གི་མར་ལོ།
སུ་ཞིག་གི་སྙིང་ཆུང་གི་ལུ་གུ་ལྡིང་ལྡིང་།
གང་ཞིག་གི་འདོད་ཞེན་གྱི་འགྲམ་ཆུ་ལྡང་ལྡང་།
མེ་ཏོག་ལ་ཚོས་རྩི་མི་དགོས་དཀར་དམར་གྱི་མདངས།
མེ་ཏོག་ལ་ལེགས་བཅོས་མི་དགོས་རང་དབང་གིས་བཞད།
མེ་ཏོག་གིས་ཚ་གྲང་གི་འཚོ་བ་སྦྲ་ཁྱིམ་དུ་སྙོར།
མེ་ཏོག་གིས་ཆར་རླུང་གི་སྐྱིད་སྡུག་རི་སུལ་དུ་གཉེར།
མེ་ཏོག་རྩྭ་ཐང་དུ་བཞད་པ་ནས།
དར་སྣེ་རླུང་གིས་སྐྱོད་པའི་མན་ངག་སྙིང་དུ་སྒོམ།
རླུང་རྟ་དགུང་དུ་གཏོར་བའི་སྲོལ་རྒྱུན་རིང་དུ་སྤུར།
ཁ་ཚུབ་ལས་བཀར་བའི་ཉི་ཁྱིམ་གྱི་གཏམ་རྒྱུད་དང་།
གཏམ་རྒྱུད་ཀྱི་བྱུང་བ་མཚོན་པའི་མེ་ཏོག་འདི་དག
ལུ་གུ་དང་མཉམ་དུ་འབྲོག་པའི་སྦྲ་ཁྱིམ་དུ་འཛོམས་ཏེ།
ཨ་ཆེའི་བྲང་ཁོག་ན་ལུ་གུ་ལྟར་ལྡིང་བའི་མེ་ཏོག
ད་དུང་ཡང་རི་སུལ་དུ་སྙིང་སྡུག་གེར་བཞད།
མེ་ཏོག རི་སུལ་དུ་བཞད་པའི་མེ་ཏོག
དབྱར་ཟླ་འདིར་སུ་ཞིག་གིས་པར་མིག་ཏུ་བཙུད་ཨེ་འགྲོ།
དུས་ཟླ་འདིར་སུ་ཞིག་གིས་རྐང་འོག་ཏུ་བརྫིས་ཨེ་འགྲོ།
ཡང་ན་མེ་ཏོག་རང་མེ་ཏོག་གིས་བཞད་སྲིད་ཨང་།
རི་སུལ་དུ་བཞད་པའི་མེ་ཏོག
སྤྲིན་གྱི་མེ་ཏོག ཁ་བའི་མེ་ཏོག
རྩྭ་ཐང་དུ་བཞད་པའི་ཡིད་འོང་གི་མེ་ཏོག