ཕ་མའི་གཅེས་ཕྲུག
ངའི་ཨ་ཕའི་མིང་ལ་ཨ་ཕ་ཟེར་ཞིང་།
ཨ་མའི་མིང་ལ་ཨ་མ་ཟེར་རོ།།
ངེད་ཚང་གི་ཨ་ཕས་བཤད་ན།
ང་ནི་ཨ་ཕའི་གཅེས་ཕྲུག་ཡིན་ཟེར་ལ།
ངའི་ཨ་མས་བཤད་ན་ཡང་།
ང་ནི་ཨ་མའི་གཅེས་ཕྲུག་ཡིན་ཟེར།
དགེ་རྒན་ལགས།
དོན་དམ་དུ་ང་ནི་སུའི་གཅེས་ཕྲུག་རེད་དམ།
གནམ་གྱི་སྐར་མ།
དགེ་རྒན་ལགས།
གནམ་ལ་སྐར་མ་ག་ཚོད་འདུག་གམ།
སྐར་མ་རེ་རེའི་མིང་ག་རེ་རེད་དམ།
ངས་གྲོགས་པོ་དག་གི་མིང་ཤེས་ཡོང་།
ད་ནི་སྐར་མ་དག་གི་མིང་ཤེས་ན་འདོད།
ཨ་མས་བཤད་པའི་སྐར་མ་གཅིག་གི་མིང་ངས་བཤད་ཤེས་ཏེ།
དེ་ནི་སྐར་མ་མཛོ་འདོགས་རེད།
དགེ་རྒན་ལགས།
སྐར་མ་གཞན་པ་དག་གི་མིང་ཤོད་དང་།
སྐར་མ་མཛོ་འདོགས་ཀྱི་ཨ་ཕ་སུ་རེད་དམ།
གཅིག་སྣོན་རྟགས་གཅིག
ངས་མཛུབ་མོ་གུག་ནས་རྩིས་ན།
གཅིག་གི་ཁར་གཅིག་བསྣན་གཉིས་རེད།
འཛིན་གྲྭ་ཆུང་བའི་གྲོགས་པོ་ཚེ་རིང་གིས་བཤད་ན་ལྔ་རེད་ཟེར།
གཏུག་བཤེར།
ངས་ཚེ་རིང་ལ་མིག་ལོག་གིས་མ་བལྟས་མོད་ཁོས་བལྟས་སོང་ཟེར།
ངས་སྒྲོལ་མ་མ་བོས་མོད་མོས་བོས་བྱུང་ཟེར།
ཀ་ཁ་འདོན་ཤེས་དག་ངས་འདོན་རྒྱུ་ཡིན།
སྒྲོལ་མས་རྐང་སྣམ་དུ་གཅིན་ཤོར་འདུག
རི་བོང་གི་རྣ།
ཨ་ཁུ་རི་བོང་བཞོན་ནས་རྒྱུགས་ན་ཆོག་གམ།
ངའི་ཨ་ཕས་འཕྲུལ་རྟ་བཞོན་ནས་རྒྱུགས་བཞིན་འདུག
ང་ཡང་ཨ་ཕ་བཞིན་རྒྱུགས་ན་འདོད།
དགེ་རྒན་ལགས།
ངས་རི་བོང་གི་རྣ་ཨ་ཕའི་འཕྲུལ་རྟའི་སྣུམ་སྒོ་བཞིན་བཅུ་ན་འདོད།
ངས་ཨ་ཕ་གཟུགས་ན་འདོད།
དེ་རིང་སྔ་དྲོ་ང་ཚོས་སྡོང་པོ་བཙུགས།
དེ་རིང་ཕྱི་དྲོ་ང་ཚོས་མེ་ཏོག་བཏབ།
དགེ་རྒན་ཀྱིས་བཤད་ན་སྡོང་པོ་དང་མེ་ཏོག་སྐྱེ་ཡོང་ཟེར།
ང་ལ་ཨ་ཕ་མེད་པས།
ངས་ཨ་ཕ་སྡོང་པོ་དང་མེ་ཏོག་བཞིན་དུ་གཟུགས་འདོད།
དེ་བྱས་ཚེ།
གཞུག་མར་ང་ལ་ཨ་ཕ་ཡོད་སྲིད་དོ།།
གནང་བ་སྟེར་རོགས།
དགེ་རྒན་ལགས།
ང་ལ་གནང་བ་ཞིག་སྟེར་རོགས།
ང་བརྩེ་ན་འདོད་བྱུང་།
དགེ་རྒན་ལགས།
ང་ལ་གནང་བ་ཞིག་སྟེར་རོགས།
གྲོགས་པོ་ཚེ་རིང་གིས་ཀྱང་གནང་བ་ཞུས་སོང་།
དགེ་རྒན་ལགས།
ང་ལ་གནང་ཞིག་སྟེར་རོགས།
ངས་གནང་བ་ཞིག་ཞུ་ན་འདོད།
ཁ་ཡག་བཤད་སྟངས་ཤིག
ཡི་གེ་འདི་འདོན་ཤེས་མཁན་ཧ་ཅང་དཀོན་མོད།
དགེ་རྒན་གྱིས་ཀློག་ཐེངས་གཅིག་གིས་བཀླག་སོང་།
དགེ་རྒན་གྱི་ངོ་ནི།
མཚམས་ལན་རེར་ཀ་ར་ཞིམ་པོ་ཞིག་དང་འདྲ་ལ།
ཡང་མཚམས་ལན་རེར།
དབུགས་ལྒང་ཞིག་དང་འདྲ།
མ་ཤི་ན་ཆོག་གམ།
ངེད་ཚང་གི་ཨ་ནེ་ང་ལ་ཧ་ཅང་བཟང་།
ངའི་ཨ་ཕས་ཨ་ནེ་ཤི་སོང་བས་ཕྱིར་ཡོང་མེད་ཟེར།
ངའི་གྲོགས་པོས་ཁྱེད་ལ་ཨ་ནེ་ཡོད་པ་མ་རེད་ཟེར།
དགེ་རྒན་ལགས།
ངའི་ཨ་ནེ་མ་ཤི་ན་མི་ཆོག་གམ།
ང་ལ་ཨ་ནེ་དགོས་པས།
གནམ་གྲུའི་ཁ་ལོ་བ།
གནམ་གྲུའི་ཁ་ལོ་བ་བྱེད་ཚེ་ནམ་མཁའི་ལྷ་མོ་མཐོང་སྲིད།
ངས་གནམ་གྲུའི་ཁ་ལོ་བ་བྱས་ནས་ལྷ་མོ་དང་མཉམ་དུ་བརྩེ་ན་འདོད་བྱུང་།
ང་ལ་གནམ་གྲུ་ཞིག་ཉོས་ན་ཆོག་གམ།
ཁྱེད་གནམ་གྲུའི་ཁ་ལོ་བ་བྱས་མྱོང་ངམ།
ལྷ་མོ་ནམ་མཁར་ཡོད་པ་བདེན་ནམ།
དགེ་རྒན་ལགས།
ང་རང་གནམ་གྲུའི་ཁ་ལོ་བ་བྱེད་ནུས་སམ།
ང་རང་ལྷ་མོ་དང་མཉམ་དུ་འདུག་ཐུབ་བམ།
རི་མོ་འབྲི་བ།
དགེ་རྒན་ལགས།
ངས་རི་མོ་ཞིག་བྲིས་ཡོད།
རི་མོ་འདི་ནི་ཁྱེད་ཡིན།
དགེ་རྒན་ལགས།
ངས་བྲིས་པའི་རི་མོ་ལས་ཁྱེད་ལ་རྐང་བ་ཡ་གཅིག་མེད་དོ།།
གསང་བ།
དགེ་རྒན་ལགས།
ང་ལ་གསང་བ་ཞིག་ཡོད།
གཞན་ལ་བཤད་མི་རུང་སྟེ།
ངས་ཀྱང་གྲོགས་པོ་ཚེ་རིང་ལ་མ་གཏོགས་བཤད་མེད།
ངའི་མིང་ལ་ཅི་ཟེར།
ཨ་ཕས་ངའི་མིང་ལ་གཅེས་ལོ་ཟེར།
ཨ་མས་ངའི་མིང་ལ་བདེ་ཁོ་ཟེར།
དགེ་རྒན་གྱིས་གྲོགས་པོ་ཆུང་ཆུང་ཟེར།
འདུག་རོགས་ཀྱིས་བདེ་སྐྱིད་སྒྲོལ་མ་ཟེར།
ངའི་མིང་ལ་དོན་དམ་དུ་ཅི་ཟེར།
དགེ་རྒན་ལགས།
ཁྱེད་ལ་མིང་དུ་ཡོད།