མ་གཞི་འབྲལ་དགོས་པ་ནི་སྔོན་ནས་རྟོགས་མོད།
དེ་ནི་འདི་ལྟར་ཤ་རུས་ཀྱིས་མི་བཟོད་པ་ཞིག་ཡིན་སྙམ་མེད།
དེ་ལྟར་ནའང་། འུ་གཉིས་དུས་ཚོད་ཀྱི་ཁ་གཏད་དུ།
འདི་ལྟར་ཤིན་ཏུ་ཉམས་ཆུང་བ་རེད་ཨང་།
དུས་ཚོད་འདིར་ཁྱོད་ལ་མིག་ཆུ་མེད།
དངན་པ་མེད། འཛུམ་མདངས་མེད།
ནང་སེམས་མཚོན་པའི་ཁ་བརྡ་དེ་བས་མེད་ནའང་།
བརྗེད་དཀའ་བའི་མིག་མདངས་ཀྱི་ནང་དུ།
སྨྲ་མི་ཤེས་པའི་སྨེང་བ་སྣ་ཚོགས་དང་།
ལག་ཟུང་གི་དྲོད་ཤའི་གསེབ་ཏུ།
འཁྱག་སྣང་གིས་སླད་པའི་ཁྲག་རྒྱུན་འདུག
ཉིན་འདི་དག
ང་ལ་མཚོན་ན་བདེ་སྐྱིད་ཀྱི་མཚོན་བྱེད་དང་།
བརྗེད་དཀའ་བའི་ཕྱིར་དྲན་ལགས།
མཁའ་འགྲོ། ནང་སེམས་མཚོན་བྱེད་ཀྱི་སྐད་ཆ་དག
ད་ནི་མགྲིན་པ་ལས་འོང་ཐབས་མི་འདུག
ངའི་མིག་མདངས་གཉོམ་པོ་འདིས།
ཁྱོད་ལ་བདེ་མོ་འཇོག་པ་ལས་བྱ་ཐབས་བྲལ།
མཁའ་འགྲོ། ཁྱོད་ཀྱིས་ལག་པ་ཡར་བཀྱགས་ཏེ
ང་ལ་གྱེས་བརྡ་གཏོང་སྐབས། ང་ལ།
ལག་པ་ཡར་འགྱོག་པའི་ཤེད་མི་འདུག་ཅིང་།
ཡོངས་རྫོགས་སྡིག་སྒྲིབ་ཀྱིས་བཟུང་སོང་བའི་འཁྲུལ་སྣང་ཞིག་གིས།
ངའི་ཤ་དང་རུས་པ་པའི་གསེབ་ཏུ་ཁ་དོགས་མེད་པའི།
དགུན་ཁ་ཞིག་ཁྲིད་ནས་ཐོན་བྱུངང།
མཁའ་འགྲོ། ཉིན་དེར་འུ་གཉིས་འབྲོག་ཐང་དེའི།
རི་སྒང་དུ་ཉིན་ཕྱེད་ཅིག་ལ་བསྡད་ཅིང་།
རྒྱང་རིང་ལ་བལྟས་ཏེ་རྨི་ལམ་གླེང་དུས།
ཁྱོད་རང་མ་འོང་པར་འབྲོག་མོ་ཞིག་བྱེད་རྒྱུ་ཟེར་དུས།
ང་ལ་དགའ་སྣང་གློ་བུར་བ་ཞིག་བྱུང་བ་དྲན་ན།
རྒྱུ་མཚན་ཅི་ཡིན་མེད་པར་འཁྱག་སྣང་ཞིག་ཐོན་ཡོང་བ་ཅི་ཡིན་ནམ།
ཉི་འོད་ལ་དྲོད་སྣང་མེད་པའི་དུས་ཚོད་ནང་།
ངས། འཇའ་ཚོན་ལྟ་བུའི་འུ་གཉིས་ཉིན་གསུམ་ལ།
ཕྱིར་དྲན་བྱས་ཏེ་བསྡད་བསྡད་མཐར།
དངན་པ་ཞིག་འཐེན་ཞོར །
ཉིན་དེར་འུ་གཉིས་ཉིན་ཕྱེད་ལ་སྡོད་པའི།
འབྲོག་ཐང་གི་ཕྱོགས་སུ་ཡང་ཡང་བལྟས།
མཁའ་འགྲོ་ལགས། ཉིན་ཞག་འདི་དག་ལ།
ཁེར་རྐྱང་གི་འཚོ་བ་རུ་སྐྱོ་རོགས་མེད་པར།
ངས། དུས་ཚོད་འཁང་ར་ཡང་ཡང་བྱས།
དེ་ལྟ་ནའང་། ང་ནི་སྔར་བཞིན་ཁེར་རྐྱང་དུ་འདུག་དགོས་ཨང་།