དེ་རིང་ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཁ་བྱང་དུ་བྱས་ནས་ཐུན་མོང་སློབ་སྦྱོང་སྤེལ་བའི་དམིགས་ཡུལ་ནི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཏང་ཡོངས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དེ་ཡིན།
འདིར་ངས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་དམིགས་ནས་ནན་བཤད་ཁ་ཤས་བྱ་རྒྱུ་ཡིན།
དང་པོ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་རྩ་བའི་བླང་བྱ་ཡིན། ང་ཚོ་ལྟ་བུའི་འཛམ་གླིང་ཐོག་གི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་ཆེ་ཤོས་ཤིག་གི་ངོས་ནས་བཤད་ན། རིགས་པའི་གཞུང་ལུགས་སྟོབས་ལྡན་ཡིན་ན་ད་གཟོད་ཁ་ཕྱོགས་གསལ་བ་དང་། མི་སེམས་གཅིག་མཐུན། གཏིང་ཤུགས་འདང་བ་བཅས་ཡོང་ཐུབ། མར་ཁེ་སིའི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་སློབ་སྟོན་ལྡན་པ་ནི། ང་ཚོའི་ཏང་གིས་ཕུགས་བསམ་དང་དད་སེམས་བརྟན་ཏུ་གཏོང་བ་དང་ལོ་རྒྱུས་ཀྱི་རང་དབང་དམ་འཛིན་བྱེད་པའི་རྩ་བ་གནས་ས་ཡིན། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་ཀར་སྐུལ་འདེད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ང་ཚོའི་ཏང་གིས་ལོ་རྒྱུས་གསར་སྐྲུན་དང་འོད་སྟོང་འབར་བའི་གྲུབ་འབྲས་བླངས་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་རྙོག་འཛིང་ཆེ་བའི་རྒྱལ་ཕྱི་ནང་གི་དུས་བབ་དང་། དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་འཕེལ་རྒྱས་བརྟན་གསུམ་གྱི་ལས་འགན། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་བཅས་མདུན་དུ་ལྷགས་ཚེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་འཐབ་ཇུས་དམིགས་འབེན་མངོན་འགྱུར་བྱེད་དགོས་ན། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་། ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྒྱུན་ཆད་མེད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་པ་དང་། འདི་ནི་ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བའི་བསམ་ཕྱོགས་གཙོ་བོ་རེད།
ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གོམ་པ་གང་མདུན་དུ་སྤོས་ན། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ཀྱང་གོམ་པ་གང་མདུན་དུ་སྤོ་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ལོ་ངོ་10ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་རིམ་བརྒྱུད་ཡོད། ང་ཚོས་ལོ་རྒྱུས་ཀྱི་ལམ་རིམ་འདི་དང་བསྟུན་ནས་ཏང་ཡོངས་ཀྱི་ལོ་ངོ་10ཡི་སློབ་སྦྱོང་ལ་སྐུལ་འདེད་བཏང་བ་དང་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད། འོན་ཀྱང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ། ཕྱོགས་གཅིག་ནས་དོན་དམ་དུ་སློབ་སྦྱོང་དང་དད་མོས་དང་བེད་སྤྱོད་བྱེད་པ་དང་། སློབ་སྦྱོང་ཡག་པོ་བྱེད་ཅིང་གོ་བ་ཟབ་མོ་ལོན་ལ་དོན་མཐའ་འཁྱོལ་བ་ཞིག་བྱེད་པའི་ཐད་ད་དུང་མཐོང་ཆེན་བྱེད་དགོས་པའི་གནད་དོན་འགའ་ཤས་གནས་ཡོད། ཕྱོགས་གཞན་ཞིག་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་དགོངས་པ་གལ་ཆེན་དང་ལྟ་བ་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོགས་ཚུན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱས་བཤད་བྱེད་རིམ་ནང་དུ་ལྟ་བ་གསར་པ་ཁ་ཤས་བཏོན་ཡོད་ལ། ལྷག་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྐོར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གཞ་ཆེན་འདི་བཏོན་པ་མ་ཟད་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་པ་བཅས་ཀྱི་ཐོག་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ཡོད། དེའི་སྐོར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་འགོ་བརྩམས་མ་ཐག་ཡིན། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཐོག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་ཡོད། འདི་ནི་ཏང་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བའི་ཆེད་དུ་ཡིན།
གཉིས་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་གི་མ་ལག་དང་དགོངས་སྙིང་གི་དོན་གནད་ཁོང་དུ་ཆུད་པར་ཤུགས་རྒྱག་དགོས། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བརྒྱུད་རིམ་ནི་ཉམས་མྱོང་ཕྱོགས་བསྡོམས་དང་། ལྐོག་གྱུར་འཚོལ་ཞིབ། བདེན་དོན་རྙེད་ཐབས་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་དང་། དེ་ནི་བྱ་དངོས་བར་གྱི་ནང་གནས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་ཉིད་གསལ་སྟོན། བྱ་དངོས་འཕེལ་རྒྱས་ཀྱི་ལྡོག་མེད་འགྲོ་ཕྱོགས་སྔོན་དཔག་བཅས་བྱེད་པའི་བརྒྱུད་རིམ་ཞིག་ཡིན། དེ་ལས་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ནི་ཚན་རིག་གི་མ་ལག་ཅིག་ཡིན་ལ། གཏན་ཚིགས་དང་མཐུན་ཞིང་། གཅིག་གྱུར་དམ་ཚགས་ཀྱི་སྤྱི་ཡོངས་ཤིག་ཡིན་པ་སྨོས་མེད་རེད། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་ཇི་ལྟར་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཇི་ལྟར་འཛུགས་སྐྲུན་བྱེད་པ། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྲུན་བྱེད་པ་ལ་སོགས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དྲིས་ལན་འདེབས་པར་ཚགས་དམ་པོར་དམིགས་ཏེ། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་བཅས་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ཡིན། དེའི་ནང་དོན་ནི་སྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་གསུམ་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་གསུམ། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་གསུམ་སོགས་ཕྱོགས་སོ་སོ་ཚུད་ཡོད་པས་ཚན་རིག་དང་མཐུན་པའི་མ་ལག་ཆ་ཚང་ཞིག་ཆགས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གསལ་པོ་བསྟན་དོན། “ཁ་གསལ་བཅུ་”དང་། “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བཅུ་བཞི།” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས་”བཅས་ཀྱིས་དགོངས་པ་དེའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད། ང་ཚོས་ནང་དོན་གཙོ་བོ་དེ་དག་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་དགོས་ལ། དགོངས་པ་དེའི་ཚན་རིག་གི་མ་ལག་ཧྲིལ་པོའང་ཁོང་དུ་ཆུད་པར་བྱས་ཏེ་མཐའ་གསལ་མཐིལ་རྟོགས་ཡོང་བར་བྱེད་དགོས། ཁྱབ་ཁོངས་སོ་སོར་བཏོན་པའི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་དང་། ཕྱོགས་སོ་སོའི་ལས་དོན་ལ་བཏོན་པའི་བྱེ་བྲག་གི་བླང་བྱ་ཚང་མ་ཚན་རིག་གི་མ་ལག་ཧྲིལ་པོའི་ཁྲོད་དུ་བཞག་ནས་ངོས་འཛིན་དང་ཁོང་དུ་ཆུད་པར་བྱེད་དགོས་པ་ལས་ཐར་ཐོར་ཅན་དང་ཕྱོགས་རེ་བའི་རང་བཞིན་ཐོན་དུ་འཇུག་མི་རུང་ལ། ལྗོན་ཤིང་རེ་གཉིས་མཐོང་བ་ལས་ནགས་ཚལ་མི་མཐོང་བ་ཡང་བྱེད་མི་རུང་།
དེ་དང་ཆབས་ཅིག་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་དགོས་ན། ད་དུང་ངེས་པར་དུ་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཁོང་དུ་ཆུད་པ་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་རིགས་པའི་གཞུང་ལུགས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བའི་ཚན་རིག་དང་མཐུན་པའི་བྱེད་ཐབས་བཏོན་པ་སྟེ། ངེས་པར་དུ་མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་དང་། ངེས་པར་དུ་རང་རྟོན་རང་ཚུགས་རྒྱུན་འཁྱོངས། ངེས་པར་དུ་བདེན་སྲུང་གསར་གཏོད་རྒྱུན་འཁྱོངས། ངེས་པར་དུ་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས། ངེས་པར་དུ་རྒྱུད་རིམ་ལྡན་པའི་འདུ་ཤེས་རྒྱུན་འཁྱོངས། ངེས་པར་དུ་གནམ་འོག་ཡིད་ལ་འཆང་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས་ཞེས་བསྟན་ཡོད། “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་”ནི། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་རེད། “ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་དྲུག་”ཚུད་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཚེ། ད་གཟོད་དགོངས་པ་དེའི་དགོངས་སྙིང་གི་དོན་གནད་དེ་བས་ལེགས་པའི་སྒོ་ནས་གོ་བ་ལེན་ཐུབ་པ་དང་། ད་གཟོད་བསམ་བློ་གཏོང་སྟངས་ཡང་དག་ཡོང་ཐུབ་པ། གནད་དོན་ལ་ངོས་འཛིན་བྱེད་སྐབས་མཐོ་གནས་སུ་ལངས་ཐུབ་པ། གནད་དོན་ལ་དབྱེ་ཞིབ་བྱེད་སྐབས་གཏིང་ཟབ་མོ་མཐོང་ཐུབ་པ། ལས་དོན་སྒྲུབ་སྐབས་ཀྱང་གནད་ལ་འཁེལ་བ་ཞིག་ཡོང་ཐུབ་པས། གྲིམ་ལྷོད་ཚད་ལྡན་དང་ལྷུག་གཏོང་ཐགས་ཐོགས་མེད་པ་ཡོང་བའི་འགན་ལེན་བྱེད་ཐུབ། དངོས་ཡོད་ཀྱི་ལས་དོན་ཁྲོད་དུ་འགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་གནས་བབ་ལ་བརྡར་གཅོད་ཡང་དག་མིན་པ་དང་། ཉེན་ཁར་ཁ་གཏད་འཇལ་དུས་ཧུར་ཐག་མིན་པ། རྙོག་འཛིང་ཆེ་བའི་འགལ་བ་དང་གནད་དོན་ཐག་གཅོད་བྱེད་དུས་གཅིག་བཟུང་གཅིག་ཤོར་དང་འགྲོ་ལྡོག་གཉིས་དཀའ་བཅས་བྱུང་བ་ནི་རྟག་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་དགོངས་སྙིང་གི་དོན་གནད་ཁོང་དུ་ཆུད་མེད་པ་དང་འབྲེལ་བ་ཚགས་དམ་པོ་ཡོད།
གསུམ་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་དགོས། རྒྱལ་ཁབ་ཅིག་ཏུ་རིགས་པའི་གཞུང་ལུགས་མངོན་འགྱུར་བྱུང་མིན་དེ་རིགས་པའི་གཞུང་ལུགས་ཀྱིས་དངོས་ཡོད་དགོས་མཁོ་སྐོང་ཐུབ་མིན་ལ་རག་ལས་ཡོད་པ་དང་། རིགས་པའི་གཞུང་ལུགས་ཀྱི་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་དེ་རིགས་པའི་གཞུང་ལུགས་ཀྱིས་ལག་ལེན་གཏིང་ཟབ་བསྟར་ཐུབ་མིན་ལ་རག་ལས་ཡོད། ལག་ལེན་གྱི་རང་བཞིན་ནི་མར་ཁེ་སིའི་རིང་ལུགས་ཀྱི་མངོན་གསལ་དོད་པོའི་ཁྱད་ཆོས་ཤིག་ཡིན་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི་བེད་སྤྱོད་བྱ་རྒྱུ་ཁོ་ནར་ཐུག་ཡོད་པ་དང་། དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་ཏུ་འགྱུར་བ་བྱ་རྒྱུར་ཐུག་ཡོད། རང་ཉིད་ཀྱི་བསམ་བློ་དང་ལས་ཀ་དང་འགན་འཁྲི་བཅས་དེའི་ནང་དུ་བཞག་ན། ད་གཟོད་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་དངོས་སུ་རྟོགས་ཐུབ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱེད་དགོས་ཞེས་བཏོན་པ་དེ་ནི་ཏང་ཡོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་མཚོན་ཆར་བྱས་ཏེ་རང་སྣང་འཇིག་རྟེན་བསྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཆེད་དུ་རེད། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་རིམ་ཁག་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་རང་ཉིད་ཀྱི་བསམ་བློ་ནང་དུ་བཅུག་སྟེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། བསམ་བློའི་གོ་འཕང་མཐོ་རུ་གཏོང་བ། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་སྐོར་གྱི་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་བླང་བྱ་རབ་དང་རིམ་པ་སློབ་སྦྱོང་དང་ཁོང་དུ་ཆུད་པ་བྱེད་དགོས་པ་སྟེ། འདིའི་ནང་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་དང་། “རྒྱལ་ཁབ་ཀྱི་དོན་ཆེན་”བློ་ལ་འཆང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་ངེས་ཤེས་འདྲོང་ནུས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་བ། “ནན་གསུམ་དྲང་གསུམ།” བློ་དཀར་སྤྱོད་གཙང་འཁུར་སེམས་དང་། དམངས་ཆེད་དངོས་སྒྲུབ་སྤྱོད་གཙང་ལ་སོགས་པ་ཚུད་ཡོད་ཅིང་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས། ལྷག་པར་དུ་དགོངས་པ་དེའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་དང་། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ་དང་བྱེད་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་དྲག་ཆས་སུ་བསྒྱུར་ནས་སེམས་སུ་འཇགས་པ་དང་བྱ་སྤྱོད་དུ་འཁྱོལ་བར་བྱེད་དགོས།
ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ཁྲོད་སྤྱོད་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྤྱོད་མཁས་པོ་བྱས་ནས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་སྟངས་འཛིན། དུས་རབས་ལ་སྣེ་ཁྲིད་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་དེ་བས་ལེགས་པའི་སྒོ་ནས་སྤྱི་འདོམས་བྱེད་པ་དང་། དུས་ཚོད་དང་གནས་བབ། ཉེན་ཁ་དང་གོ་སྐབས་བཅས་མཐིལ་རྟོགས་བྱས་ཏེ། ཧུར་ཐག་གིས་འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ལ་བསྟུན་པ། འགྱུར་ལྡོག་ཡོང་ཐབས་བཅས་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཕེལ་སྐྱེད་གསར་པ་དང་ཐོད་བརྒལ་གསར་པ་ཡོང་བར་སྐུལ་འདེད་གཏོང་བ་དང་། ཆབ་སྲིད་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཀྱི་འདེགས་སྐྱོར་ཕུན་སུམ་ཚོགས་སུ་གཏོང་བ། ལག་ལེན་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ། སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ་དང་། དགེ་མཚན་དེ་བས་མངོན་པ། མདུན་ལྗོངས་དེ་བས་འོད་སྟོང་ལྡན་པ་བཅས་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འགལ་བ་དང་གནད་དོན་སྣ་ཚོགས་ཐག་གཅོད་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ཏེ་ཉེན་ཁ་ཚབས་ཆེན་འགོག་སེལ་བྱས་ནས་སེམས་ཁྲལ་གྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། མཐའ་ཚད་ཀྱི་བསམ་གཞིག་རྒྱུན་འཁྱོངས་བྱེད་པ། བདེ་སྡོད་ཉེན་བསམ་དང་མ་འོངས་སྔོན་འགོག་བཅས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཉག་ཕྲན་གཞུ་རྒྱུད་ཀྱི་ལྟོང་ཁར་སྤྲས་པ་ལྟ་བུའི་དམག་གྲབས་རྣམ་པ་མཐའ་འཁྱོངས་བྱེད་པ་དང་། ཆུ་མ་འོང་གོང་ནས་རགས་རྒྱག་པ་དང་རྐྱེན་རྩ་ཆུང་ཟློག་བྱས་ནས། ཉེན་ཁ་སྣ་ཚོགས་མ་ཐོན་གོང་ནས་འགོག་པ་དང་མ་འབྱུང་གོང་ནས་སེལ་བ་བཅས་བྱས་ཏེ། ཉེན་ཁ་སྣ་ཚོགས་ཚོད་འཛིན་མི་ཐུབ་པར་མཆེད་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ་དང་མ་ལག་རང་བཞིན་གྱི་ཉེན་ཁར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། དགོངས་པ་དེ་སྤྱོད་མཁས་པོ་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བཏང་སྟེ་དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་མཐའ་འཁྱོངས་བྱེད་པ་སྟེ། གནད་དོན་གསར་པ་ཐོན་པར་ཐག་གཅོད་ཡག་པོ་བྱ་རྒྱུར་སྣང་ཆེན་བྱེད་པ་མ་ཟད། མདུན་ན་ཡོད་པའི་གཏིང་རིམ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུར་ཡང་སྣང་ཆེན་བྱས་ཏེ། ཏང་གི་ངོ་བོ་དང་། ཏང་གི་ཁ་མདོག །ཏང་གི་བྲོ་བ་བཅས་ནམ་ཡང་མི་འགྱུར་བའི་འགན་ལེན་བྱེད་དགོས།
བཞི་པ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་མིག་དཔེ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། འགོ་ཁྲིད་ལས་བྱེད་པས་ཕྱོགས་གང་ཅིའི་ཐད་ནས་རང་དཔེ་གཞན་སྟོན་དང་གོང་གིས་འོག་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ངས་ཡང་དང་ཡང་དུ་ནན་བཤད་བྱས་ཡོད། འདི་ནི་འགོ་ཁྲིད་བྱེད་ཐབས་དང་ལས་ཀ་སྒྲུབ་ཐབས་ནུས་ལྡན་ཞིག་ཡིན་པ་ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་བྱུང་ཡོད། ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཐད་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་ཡིག་ཆའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་། བླང་བྱ་དེ་བས་ནན་པ། བྱེད་ཐབས་དེ་བས་ཏན་ཏིག་བཅས་ཀྱི་ཐོག་ནས་ཏང་ཡོངས་ལ་དཔེ་སྟོན་བྱེད་པ་དང་། ཚད་ཤིང་འཛུགས་པ། སྣེ་ཁྲིད་ཡག་པོ་བཅས་བྱེད་དགོས། སྣེ་ཁྲིད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་ཡོངས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བྱེད་དགོས། སྣེ་ཁྲིད་དེ་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། དོན་དངོས་ལ་ཟབ་ཞུགས། མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བཅས་བྱས་ནས་གནད་དོན་གྱི་འདུ་ཤེས་ཆེ་རུ་སྐྱེད་པ་དང་། ཏན་ཏན་ཏིག་ཏིག་གིས་གནས་ཚུལ་རྟོགས་པ་དང་། གནད་དོན་འཚོལ་བ། ཐབས་ཇུས་བཏོན་པ་བཅས་བྱས་ཐོག །གནད་དོན་ཐག་གཅོད་བྱེད་པའི་བསམ་བློ་གསར་པ་དང་བྱེད་ཐབས་གསར་པ་བཏོན་ནས། ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་བྱེད་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བར་ཁྲིད་སྟོན་དང་སྐུལ་འདེད་བྱེད་དགོས། སྣེ་ཁྲིད་དེ་གནད་དོན་ལ་ལྟ་ཞིབ་དང་དག་ཐེར་བྱེད་པར་དམ་འཛིན་ཡག་པོ་བྱས་པ་དང་། གནས་བབ་གསར་པ་དང་ལས་འགན་གསར་པ་དང་འགན་འཁྲི་གསར་པ་བཅས་ཟུང་འབྲེལ་ཚགས་དམ་པོ་བྱས་ཏེ། སློབ་སྦྱོང་དང་། ཞིབ་བཤེར། དག་ཐེར་བཅས་འབྲེལ་མཐུད་ཟབ་མོ་བྱས་ཐོག །ཕྱོགས་ཡོངས་ནས་རང་ངོས་ཀྱི་མི་འདང་ས་དང་ལས་ཀའི་ནོར་འཛོལ་འཚོལ་བ། ཏང་ཕྱི་ནང་གི་ལྟ་སྐུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་རང་རྟོགས་ངང་དང་ལེན་བྱེད་པ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་ཏན་བྱེད་པ། བསམ་བློའི་འབྱུང་རྩ་དང་ལམ་ལུགས་ལམ་སྲོལ་ཐོག་ནས་གནད་དོན་ཐག་གཅོད་ཤུགས་ཆེན་བྱེད་པ། ཏང་ཡོངས་ཀྱི་སྣེ་ཁྲིད་དེ་ཞིབ་བཤེར་ནན་པོ་དང་དག་ཐེར་ཏན་ཏིག་བཅས་བྱས་ནས། དག་ཐེར་གྱི་ཕན་འབྲས་དངོས་ལ་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས། སྣེ་ཁྲིད་དེ་རང་ཉིད་གནས་སའི་ས་ཁུལ་དང་ལས་བགོས་འགན་གཉེར་ཁྱབ་ཁོངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་པ་དང་། འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། འཕེལ་རིམ་གྱི་བརྒྱུད་རིམ་ཧྲིལ་པོ་ཁོང་དུ་ཆུད་པ་བྱེད་དགོས། མགོ་འབུས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་སྣ་ཚོགས་ཤེས་རྟོགས་དང་ཐག་གཅོད་ཧུར་ཐག་བྱེད་པ་དང་། རྒྱུན་གཏན་གྱི་ལས་དོན་དང་བརྗོད་དོན་གཙོ་བོའི་སློབ་གསོའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བཅས་བྱས་ཏེ། ལས་དོན་ལ་དམ་འཛིན་ནན་མོ་དང་དམ་འཛིན་ཟབ་མོ་བྱེད་ཅིང་། ཁ་ཕྱོགས་མི་ནོར་བ་དང་ཤུགས་ཚད་མི་ཆུང་བ་འགན་ལེན་བྱས་ཐོག །བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས་ཕན་འབྲས་ངོ་མ་ཐོབ་པར་བརྩོན་དགོས།
བློ་བཟང་ལྷ་མོས་བསྒྱུར།