[གནད་བསྡུས] རྩོམ་འདིར་མངོན་པ་གོང་འོག་དང་བོད་ཀྱི་ཚད་མའི་ལྟ་གྲུབ་གཞིར་བཟུང་ནས་སེམས་སེམས་བྱུང་གི་མཚན་ཉིད་འཇོག་ཚུལ་ལ་གཙོ་བོ་བྱེད་ལས་དང་། འབྲེལ་བའི་སྒོ་ནས་སྦྱར་བའི་རྣམ་པ་གཉིས་ཡོད་པ་དང་། དེ་དག་ཀྱང་རྫས་གཅིག་ཡིན་མིན་གྱི་ཤེས་བྱེད་ལྟ་བུར་སོང་བས་དེའི་སྒོ་ནས་རྫས་གཅིག་ཡིན་མིན་བརྟག་པ། གཉིས་པ་གཅིག་ཐ་དད་ཀྱི་རྣམ་གཞག་ལས་འཕྲོས་ཏེ་རྫས་གཅིག་གི་འཇོག་བྱེད་མི་འདྲ་བ་དང་དེར་འབྲེལ་གྱི་རིགས་པ་སྣ་ཚོགས་ཀྱིས་སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་བརྟག་པ། གསུམ་པ་འབའ་བསྡུས་ལས་བསྟན་པའི་འགལ་འབྲེལ་གྱི་རྣམ་གཞག་ནི་བསྟན་བཅོས་སྔ་མའི་བཅུད་བསྡུས་ཤིང་ཐུན་མིན་གྱི་ལྟ་བའི་གནད་མཆིས་པས། དེ་ཉིད་དཀྱུས་སུ་བཟུང་སྟེ་དཔྱད་གཞི་ལ་འཇུག་པ་བཅས་སྙིང་དོན་གསུམ་གྱི་སྒོ་ནས་སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་ཐད་རྒྱབ་རྟེན་གྱི་ལུང་དང་ངེས་བྱེད་ཀྱི་རིགས་པ། གསལ་བྱེད་ཀྱི་དཔེ་དང་རིས་འགྲེལ་ལ་སོགས་ཀྱི་ཐབས་ལས་བརྩམས་ཏེ་དཔྱད་བརྗོད་བྱས་ཡོད།
[གནད་ཚིག] སེམས་སེམས་བྱུང་། མཚན་ཉིད་འཇོག་ཚུལ། རྫས་གཅིག་དང་ཐ་དད། འགལ་འབྲེལ།
གླེང་གཞི།
སེམས་སེམས་བྱུང་གི་རྣམ་གཞག་ནི་ཚད་མ་རིག་པ་དང་མངོན་པ་གོང་འོག་གི་བརྗོད་བྱ་གལ་ཆེན་ཞིག་ཡིན་ལ།སེམས་ཁམས་རིག་པ་ལ་ཆེས་ཉེ་བར་མཁོ་བའི་ནང་དོན་གཙོ་བོ་ཞིག་ཀྱང་ཡིན། དེ་ལས་སེམས་སེམས་བྱུང་གི་སོ་སོའི་ངོ་བོ་དང་རྣམ་པ། བྱེད་ལས། གྲངས་དང་རིགས། ཁྱད་པར་དང་གཉེན་པོ་བསྟེན་ཚུལ་སོགས་བཤད་ཡོད་ལ། དེ་དག་ཀྱང་བྱེ་བྲག་གི་ངོ་བོ་ཕྲ་ཞིང་ཞིབ་པས་རྟོགས་དཀའ་བ་དང་།རྟོགས་ན་དོན་ཆེ་བ་ལ་སོགས་ཀྱིས་སྔོན་བྱོན་མཁས་གྲུབ་དག་འདི་ཉིད་གཞུང་ཆེན་ལ་འཇུག་པའི་ཐེམ་སྐས་དང་།ཉམས་ལེན་ལ་གཞོལ་བའི་དོན་པོར་འཛིན། དེའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་རྩ་འགྲེལ་དང་།རྗེས་འཇུག་དམ་པ་རྣམས་ཀྱི་འགྲེལ་བ། ཟུར་བཀོལ། ཟིན་བྲིས་ལ་སོགས་པ་ཕུན་སུམ་ཚོགས་ཤིང། ཚད་མའི་བསྟན་བཅོས་ཀྱི་ཁྲོད་དུའང་དེའི་སྐོར་ལ་དགག་གཞག་སྤང་གསུམ་དང་བཅས་པའི་རིགས་པའི་གནད་ཤིན་ཏུ་མང་། གཞན་དེ་དང་འབྲེལ་བའི་ཞིབ་འཇུག་པའི་དཔྱད་རྩོམ་ཡང་མི་ཉུང་བ་ཡོད་ཅིང་། ཆེད་དུ་སེམས་སེམས་བྱུང་གི་སྐོར་བརྗོད་བྱར་བདམས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱང་མཆིས། ཡིན་ནའང་།སྐབས་འདིར་བརྗོད་པར་བྱ་བ་སྟེ་སེམས་སེམས་བྱུང་གཉིས་རྫས་གཅིག་དང་ཐ་དད་གང་ཡིན་ཐད་རིམ་བྱོན་མཁས་པ་རྣམས་རྩོད་གཞིར་གྱུར་པ་དང་། བཞེད་རྒྱུན་མི་མཐུན་པ་ཡང་ཅི་རིགས་མཆིས། མིག་སྔར་ལག་སོན་བྱུང་བའི་དཔྱད་འབྲས་ཁྲོད་དེའི་ཐད་ལ་དམིགས་ཀྱིས་འཇུག་པའི་དཔྱད་རྩོམ་ཞིག་མཐོང་ཡུལ་དུ་མ་གྱུར་ལ། གང་ན་ཞར་བྱུང་དུ་མངོན་པ་ཐམས་ཅད་ཀྱང་རྟ་མོག་མོག་གི་སྤུ་ལྟར་སྣང་བས། འདིར་ཆེད་དུ་སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་གྱི་སྐོར་སྙིང་དོན་དུ་བཟུང་ནས་ཅུང་ཟད་དཔྱད་པར་འདོད་དོ། །
དང་པོ། སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་གྱི་ལུགས་འགོད་པ།
དེ་ཡང་མངོན་པ་གོང་འོག་དང་ཚད་མའི་ལྟ་དགོངས་གཞིར་བཟུང་ན། སེམས་སེམས་བྱུང་གཉིས་སོ་སོར་རྫས་གཅིག་ཏུ་བཞེད་པའི་ལུགས་དང་། རྫས་ཐ་དད་དུ་བཞེད་པའི་ལུགས། གཉིས་ཀར་བཞེད་པའི་ལུགས་བཅས་གསུམ་དུ་བསྡུ་རུང་བར་འདོད།དེ་ལས་རྫས་གཅིག་ཏུ་འདོད་པའི་ལུགས་ལ་མགོན་པོ་ཀླུ་སྒྲུབ་དང་སྐལ་ལྡན་ཁྱད་པར་ཅན། དཔལ་ལྡན་ཆོས་གྲགས། ཉི་མ་སྦས་པ་དང་། རྒྱལ་ཚབ་རྗེ་དང་། མཁས་གྲུབ་ཐམས་ཅད་མཁྱེན་པ། རྗེ་དགེ་འདུན་གྲུབ། རྗེ་འབའ་མདའ་བ་སོགས་ཡོད། ཁོང་རྣམ་པས་རྒྱུ་མཚན་གཙོ་བོ་བཞིའི་སྒོ་ནས་སེམས་སེམས་བྱུང་གཉིས་རྫས་གཅིག་ཏུ་བསྒྲུབས་པ་སྟེ། 1.སེམས་བྱུང་ནི་སེམས་ཉིད་སྣ་ཚོགས་སུ་སྣང་བར་འདོད་པ།2.སེམས་ནི་སེམས་བྱུང་ལས་གཞན་ཡིན་ན་གཟུགས་སམ་ཡང་ན་དོན་བྱེད་ནུས་སྟོང་སོགས་སུ་འགྱུར་བ། 3.གང་ཟག་གཅིག་གི་རྒྱུད་ལ་རྟོག་པ་རྫས་ཐ་དད་པ་དུ་མ་དུས་ཅིག་ཅར་མི་སྐྱེ་བ། 4.དེ་གཉིས་ཕན་ཚུན་ལས་སྐྱེས་ཤིང་རྫས་ལོགས་སུ་གྲུབ་པ་མེད་པར་འདོད་པ་བཅས་སོ། །
རྫས་ཐ་དད་དུ་བཞེད་པའི་ལུགས་ལ། སློབ་དཔོན་ཐོགས་མེད་དང་། མཁན་པོ་ཛྙཱ་ན་བཛྲ། དཔལ་ལྡན་ཟླ་བ་གྲགས་པ། ས་བཟང་མ་ཏི་པཎ་ཆེན། མཆིམས་ཆེན་ནམ་མཁའ་གྲགས་པ། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་མཆིས། ཁོང་རྣམ་པས་མངོན་པའི་བསྟན་བཅོས་རྣམས་སུ་སེམས་སེམས་བྱུང་རྫས་ཐ་དད་དུ་བཞེད་དེ། དེ་ཡང་གཙོ་བོ་རྒྱུ་མཚན་ལྔའི་སྒོ་ནས་སེམས་སེམས་བྱུང་རྫས་ཐ་དད་པར་བསྒྲུབས་པ་སྟེ། 1.སེམས་སེམས་བྱུང་ཐ་དད་པར་མེད་ན་ཕུང་བོ་ལྔའི་རྣམ་གཞག་མི་འཐད་པ། 2.སེམས་བྱུང་སེམས་ཀྱི་གནས་སྐབས་མ་ཡིན་པར་དོན་ཐ་དད་པར་གྲུབ་པ། 3.མདོ་ལས་བྱུང་བའི་ལྷན་ཅིག་བྱུང་བ་ཞེས་བྱ་བ་དང་འདྲེས་པ་ཞེས་བྱ་བའི་སྒྲ་ཉམས་པར་འདོད་པ། 4.རྫས་གཅིག་ན་སེམས་ནི་ངོ་བོ་ཉིད་ཀྱིས་དགེ་མི་དགེར་གྱུར་ནས་གཏན་རྣམ་པར་མི་འདག་པ། 5.དེ་གཉིས་རྫས་གཅིག་ཏུ་འདོད་ན་མཚུངས་ལྡན་གྱི་རྒྱུ་མི་སྲིད་པ་བཅས་སོ། །
གཉིས་ཀར་བཞེད་པའི་ལུགས་འདི་ཅུང་དམིགས་བསལ་བ་ཞིག་སྟེ། ལུགས་འདིས་སེམས་བྱུང་འགའ་ཤས་ཤིག་སེམས་དང་རྫས་གཅིག་པ་དང་ཕལ་ཆེ་བ་སེམས་དང་རྫས་ཐ་དད་དུ་འདོད་དེ། དཔེར་ན། བཙུན་པ་ཤྲཱི་རཱ་ཛས་སྤྱིར་ཕུང་བོ་ལྔ་ཡོད་པ་ལས་ཚོར་འདུའི་ཕུང་བོ་གཉིས་ཕུང་བོ་གཞན་གསུམ་ལས་ལོགས་སུ་གསུངས་པར་བརྟེན་རྣམ་ཤེས་དང་རྫས་ཐ་དད་དང་། གཞན་ནི་སེམས་ཀྱི་གནས་སྐབས་ལ་བཏགས་པར་འདོད་པས་སེམས་དང་རྫས་གཅིག་ཏུ་འདོད། ཡང་བཙུན་པ་ཀུ་མཱ་རཱ་ཛས་ཚོར་བ་དང་འདུ་ཤེས་རེག་པ་དང་སེམས་པ་བཅས་ཀུན་འགྲོ་ལྔའི་ནང་གི་ཡིད་བྱེད་མ་གཏོགས་པའི་གཞན་བཞི་པོ་སེམས་དང་རྫས་ཐ་དད་དུ་འདོད།“ཡང་བཙུན་པ་དཔལ་ལེན་ལ་སོགས་པ་ཁ་ཅིག་ཚོར་བ་དང་འདུ་ཤེས་དང་སེམས་པ་རྣམས་ནི་ལྷན་ཅིག་སྐྱེའོ་ཞེས་གསུངས་པས་དེ་གསུམ་རྫས་ཐ་དད་དུ་གྲུབ་ཅིང་གཞན་ནི་ལོགས་པར་རྫས་སུ་གྲུབ་པ་མེད་ཅེས་གསུངས།”①ཞེས་སེམས་བྱུང་ལས་འགའ་ཞིག་སེམས་དང་རྫས་གཅིག་ཏུ་སྨྲ་བ་དང་། ལ་ལ་སེམས་དང་རྫས་ཐ་དད་དུ་འདོད་པས་གཉིས་ཀར་བཞེད་པའི་ལུགས་ཞེས་བཏགས་སོ། །
གཉིས་པ། སེམས་སེམས་བྱུང་གི་མཚན་ཉིད་འཇོག་ཚུལ་ལས་དེ་གཉིས་རྫས་གཅིག་ཡིན་མིན་བརྟག་པ།
གཅིག བྱེད་ལས་ཀྱི་སྒོ་ནས་མཚན་ཉིད་འཇོག་ཚུལ།
སེམས་སེམས་བྱུང་གི་ཁྱད་པར་འཆད་དུས་ངེས་པར་གླེང་དགོས་པ་ཞིག་ནི《དབུས་མཐའ་རྣམ་འབྱེད》ལས་བྱུང་བའི་ཚིག་རྐང་གལ་ཆེ་བ་གཉིས་ཏེ།“དེ་ལ་དོན་མཐོང་རྣམ་པར་ཤེས། ། དེ་ཡི་ཁྱད་པར་སེམས་ལས་བྱུང་། །”①ཞེས་པ་དེ་ཡིན། ཚིག་རྐང་འདི་གཉིས་ལ་འགྲེལ་བཤད་མི་འདྲ་བ་བྱུང་བའི་དབང་གིས་སེམས་སེམས་བྱུང་གི་མཚན་ཉིད་འཇོག་སྟངས་ལའང་སྣ་ཚོགས་འབྱུང་སྟེ། 《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག》ལས།“དེ་ལ་དོན་གྱི་ངོ་བོ་ལ་དམིགས་པའི་སེམས་སོ། ། ཁྱད་པར་ལ་དམིགས་པ་ནི་སེམས་ལས་བྱུང་བ་སྟེ།”②ཞེས་དང་། 《དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བ》ལས།“དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། ། དོན་གྱི་ཁྱད་པར་མཐོང་བ་ནི་སེམས་ལས་བྱུང་བ་རྣམས་ཏེ་ཚོར་བ་ལ་སོགས་པའོ། །”③ཞེས་བྱ་བ་དང་། 《མཛོད་འགྲེལ་མངོན་པའི་རྒྱན》ལས།“དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བ་སེམས་དང་། ཁྱད་པར་རང་སྟོབས་ཀྱིས་མཐོང་བ་ནི་སེམས་ལས་བྱུང་བ་ཡིན་ནོ། །”④ཞེས་བཤད། གཞན་ཡང་། བོད་ཀྱི་ཚད་མའི་བསྟན་བཅོས་སུ། “རང་ཡུལ་གྱི་ངོ་བོ་འཛིན་པའི་སྒོ་ནས་བཞག་པའི་གཙོ་བོའི་རྣམ་རིག་དེ་གཙོ་སེམས་ཀྱི་མཚན་ཉིད། རང་ཡུལ་གྱི་ཁྱད་པར་ཅི་རིགས་འཛིན་ཅིང་རང་དང་མཚུངས་ལྡན་གྱི་གཙོ་སེམས་གང་རུང་གི་འཁོར་དུ་བྱུང་བའི་རིག་པ་སེམས་བྱུང་གི་མཚན་ཉིད།”⑤ཅེས་བྱ་བ་ལྟར་འབྲེལ་བ་དང་བྱེད་ལས་ཟུང་འབྲེལ་གྱིས་འཇོག་པ་དང་། 《འབའ་བསྡུས》ལས།“རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ་དེ་སེམས་ཀྱི་མཚན་ཉིད།”⑥དང་།“རང་ཡུལ་དུ་གྱུར་པའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ་སེམས་བྱུང་གི་མཚན་ཉིད།”⑦ཅེས་པ་སོགས་གོང་གི་ཚིག་རྐང་དེ་གཉིས་ལ་ཞིབ་ཆ་རབ་དང་རིམ་པ་ཕྱེ་བས་མཚན་ཉིད་འཇོག་ཚུལ་དུ་མ་སྣང་ངོ་། །
དེས་ན་བྱེད་ལས་ཀྱི་སྒོ་ནས་བཞག་པའི་སེམས་སེམས་བྱུང་གི་མཚན་ཉིད་འཇོག་ལུགས་ལ་སྤྱིའི་ཆ་ནས“དོན་གྱི་ངོ་བོ(ཁྱད་པར)ལ་དམིགས་པ”དང་། “དོན་ཙམ་གྱི(ཁྱད་པར)མཐོང་བ་དང་།”“དོན་གྱི་ངོ་བོ(ཁྱད་པར)རང་སྟོབས་ཀྱིས་མཐོང་བ་དང་།”“རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ(ཁྱད་པར)རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ།”བཅས་མི་འདྲ་བ་འགའ་ཡོད་ཅིང་།དེ་དག་ནི་ཚིག་གདོང་ནས་རིམ་པ་ལྟར“ཙམ”སྒྲ་མེད་པ་ནས་ཡོད་པ།“རང་སྟོབས”མེད་པ་ནས་ཡོད་པ།“རང་ཡུལ་དུ་གྱུར་པ”མེད་པ་ནས་ཡོད་པ་བཅས་ཀྱི་ཁྱད་པར་བྱུང་ཡོད་ལ། དེ་དག་གི་ཚིག་ངོས་ཀྱི་གོ་བ་གཞིར་བཟུང་ནས་དཔྱད་ན། 1.དོན་གྱི་ངོ་བོ(ཁྱད་པར)ལ་དམིགས་པ་སེམས་སེམས་བྱུང་གི་མཚན་ཉིད་དུ་འདོད་ཚེ། སེམས་ཀྱིས་དོན་གྱི་ཁྱད་པར་ལ་དམིགས་མི་དམིགས་དང་སེམས་བྱུང་གིས་དོན་གྱི་ངོ་བོར་དམིགས་མི་དམིགས་ལ་སྒྲོ་འདོགས་ཆོད་མེད་དེ། ངོ་བོ་ཙམ་དང་ཁྱད་པར་ཁོ་ན་ཞེས་གཞན་ལྡན་རྣམ་གཅོད་ཀྱི་སྒྲ་སྤངས་པའི་ཕྱིར། དེ་ཡང་ཡིན་ཏེ། དོན་གྱི་ངོ་བོ་དང་ཁྱད་པར་གཉིས་ཀ་ལ་དམིགས་ནའང་དོན་གྱི་ངོ་བོ(ཁྱད་པར)ལ་དམིགས་པ་ཡིན་པར་འགྱུར་རོ། ། གཞན་ཡང་། སེམས་སེམས་བྱུང་གཉིས་ཁྱད་མེད་དུ་འགྱུར་བ་ནི།“དེ་ཙམ་གྱིས་འཇོག་དཀའ་སྟེ། མཚུངས་ལྡན་གྱི་དབང་གིས་ངོ་བོ་རིག་པ་དང་། ཁྱད་པར་རིག་པ་གཉིས་སེམས་སེམས་བྱུང་གཉིས་ལ་ཁྱད་མེད་དུ་གཞག་དགོས་པའི་ཕྱིར།”①ཞེས་པ་ལྟར་རོ། །
2.དོན་ཙམ་མཐོང་བ་སེམས་དང་དོན་གྱི་ཁྱད་པར་མཐོང་བ་སེམས་བྱུང་དུ་བཀྲལ་བ་ལ། སྐབས་དེའི་དོན་ཙམ་དང་ཁྱད་པར་མཐོང་མི་མཐོང་དེ་གང་ལ་བྱེད། སྣང་མི་སྣང་ལ་བྱེད་དམ།“སྣང་མི་སྣང་གི་ཁྱད་པར་ལ་དབྱེ་ན་ནི། དབང་ཤེས་གཙོ་འཁོར་གཉིས་ཀ་གཟུང་ཡུལ་ལ་སྒྲུབ་འཇུག་ཡིན་པས། གཉིས་ཀ་ལ་ངོ་བོ་དང་ཁྱད་པར་གཉིས་ཀ་སྣང་དགོས་ལ།སྒྲུབ་འཇུག་ཡིན་ཡང་གཅིག་ལ་སྣང་ལ་ཅིག་ཤོས་ལ་མི་སྣང་ན། གཟུགས་འཛིན་དང་སྒྲ་འཛིན་ལྟར་དམིགས་པ་མཚུངས་པ་མཉམ(ཉམས)པར་འགྱུར་རོ། །”②ཞེས་རྒྱལ་ཚབ་རྗེས་གསུངས་ཤིང་། དགེ་འདུན་གྲུབ་པ་ཡང་དེ་དང་མཐུན་པར་བཞེད། 3.དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བ་སེམས་དང་། ཁྱད་པར་རང་སྟོབས་ཀྱིས་མཐོང་བ་སེམས་བྱུང་དུ་བཤད་པ་ནི། སེམས་ཀྱིས་རང་སྟོབས་ཀྱི་ནུས་པ་ལ་བརྟེན་ནས་དོན་གྱི་ངོ་བོའམ་ཞིབ་ཆ་མ་ཕྱེ་བའི་སྤྱི་རྣམ་ཙམ་འཛིན་ཅིང་།གྲོགས་སེམས་བྱུང་ངམ་གཞན་སྟོབས་ཀྱི་ནུས་པས་དོན་གྱི་ཁྱད་པར་རམ་བྱེ་བྲག་གི་ཞིབ་ཆ་མཐོང་། དེས་ན་སེམས་ཀྱིས་དོན་གྱི་ངོ་བོ་མཐོང་བ་ནི་རང་སྟོབས་དང་ཁྱད་པར་མཐོང་བ་གཞན་སྟོབས་ཀྱིས་ཡིན་ལ། སེམས་བྱུང་གི་ཚུལ་ཡང་དེ་དང་མཚུངས། འདི་ནི་མཚན་ཉིད་འཇོག་ཚུལ་སྔ་མ་དང་བསྡུར་ན་ཅུང་ཞིབ་ཕྲ་ཅན་ཞིག་ཏུ་འཁུམས་མོད། 4.ཡིན་ན་ཡང་། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》དང་།《ཚད་མ་རིག་པའི་སྤྱི་དོན》སོགས་སུ“སེམས་ཡིན་ན་རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་པས་ཁྱབ་ཀྱང་། སེམས་ཡིན་ན་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རིག་པ་ཡིན་པས་མ་ཁྱབ་སྟེ། རི་བོང་རྭ་འཛིན་གྱི་སེམས་དེ་སེམས་ཡིན་ཡང་། དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་བློ་མ་ཡིན་པའི་ཕྱིར། ཟུར་ཕྱི་མ་གྲུབ་སྟེ། རི་བོང་རྭ་འཛིན་གྱི་སེམས་རང་སྟོབས་ཀྱིས་མཐོང་བྱའི་རང་ཡུལ་གྱི་དོན་རི་བོང་རྭ་ངོ་བོ་མེད་པའི་ཕྱིར།”③ཞེས་དང་། སེམས་བྱུང་ལའང་སྐྱོན་དེ་ཉིད་རྗོད་པར་བྱེད། དེས་ན་མཚན་ཉིད་ཀྱི་ཟུར་དུ“རང་ཡུལ་དུ་གྱུར་པ”ཞེས་པ་འདི་སྦྱར་བས།“དེ་ལ་དོན་མཐོང་རྣམ་པར་ཤེས། ། དེ་ཡི་ཁྱད་པར་སེམས་ལས་བྱུང་། །”ཞེས་པའི་འགྲེལ་བཤད་དམ། སེམས་སེམས་བྱུང་གི་མཚན་ཉིད་ལ་ཚད་ངེས་ཅན་ཞིག་གི་སྟེང་ནས་ཆེས་ཚགས་དམ་པ་དང་གཏིང་ཚུགས་པའི་ཞིབ་ཆ་ཅན་གྱི་འགྲེལ་བཤད་བགྱིས་ཡོད་པར་སྙམ་པས། སེམས་དང་སེམས་བྱུང་རྫས་གཅིག་ཡིན་མིན་ཡང་འདི་ཉིད་གཞིར་བཟུང་ནས་འཆད་ན་དགོས་པ་ཆེ་བར་སྙམ་མོ། །
གལ་ཏེ་རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ(ཁྱད་པར)རང་སྟོབས་ཀྱིས་མཐོང་བའི་ཆ་ནས་བཞག་པའི་རིག་པ་སེམས་སེམས་བྱུང་གི་མཚན་ཉིད་དུ་འདོད་ཚེ། སེམས་སེམས་བྱུང་ཡང་རྫས་གཅིག་ཏུ་འདོད་དགོས་ཏེ། དཔེར་ན། རང་ཡུལ་གྱི་མེ་ཏོག་དཀར་པོ་ལ་ལྟ་བའི་ཚེ། མིག་ཤེས་ཀྱིས་རང་སྟོབས་ལ་བརྟེན་ནས་མེ་ཏོག་དེའི་ངོ་བོའམ་སྤྱི་རྣམ་ཙམ་འཛིན་ཅིང་།དེ་དང་དུས་མཉམ་དུ་གཞན་སྟོབས་སམ་འཁོར་སེམས་བྱུང་ལ་བརྟེན་ནས་མེ་ཏོག་གི་ཁྱད་ཆོས་དཀར་པོ་ཡིན་པ་དང་འདབ་མ་ལྡན་པ། གཙང་བ་སོགས་འཛིན། དེ་ཡང་ཕྱོགས་གཞན་ཞིག་ནས་བཤད་ན། སེམས་བྱུང་གིས་རང་སྟོབས་ལ་བརྟེན་ནས་རང་ཡུལ་གྱི་མེ་ཏོག་གི་དཀར་པོ་ལ་སོགས་ཀྱི་ཁྱད་པར་མཐོང་ཞིང་གཞན་སྟོབས་སམ་གཙོ་བོ་སེམས་ལ་བརྟེན་ནས་དེའི་ངོ་བོའམ་སྤྱི་རྣམ་འཛིན་པར་བྱེད། མདོར་ན་དུས་གཅིག་ཏུ་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་གྲོགས་ཀྱིས་མེ་ཏོག་དཀར་པོ་དེ་མཐོང་བའོ། ། དེར་བརྟེན། སེམས་སེམས་བྱུང་གཉིས་ནི་བྱེད་ལས་མི་འདྲ་བའི་ཆ་ནས་ཐ་དད་དུ་བཞག་པ་ཙམ་ལས་བློ་གཅིག་གི་རྫས་སུ་གྲུབ་པ་གསལ་བོར་ངེས་སྙམ།
གཉིས། འབྲེལ་བའི་སྒོ་ནས་མཚན་ཉིད་འཇོག་ཚུལ།
འབྲེལ་བའི་སྒོ་ནས་མཚན་ཉིད་འཇོག་ཚུལ་ནི་སེམས་སེམས་བྱུང་གི་མཚུངས་ལྡན་ལྔས་མཚུངས་པར་ལྡན་ཚུལ་གཙོར་བཟུང་ནས་བཤད་དགོས་ལ། དེ་ལས་མཚུངས་ལྡན་ཞེས་པ་ནི《རྣམ་བཤད་ཉི་མའི་འོད་ཟེར》ལས།“ཕན་ཚུན་མཉམ་པར་མི་འབྲལ་བས་ན། མཚུངས་པར་ལྡན་པ་སྟེ།”①ཞེས་འབྱུང་བ་ལྟར། སེམས་སེམས་བྱུང་གཉིས་ནི་རྟེན་དང་།དམིགས་པ་དང་། རྣམ་པ་དང་། དུས་དང་། རྫས་མཚུངས་པ་བཅས་མཉམ་པའི་སྒོ་ནས་ཕན་ཚུན་མི་འབྲལ་བ་ཡིན། དཔེར་ན། མིག་ཤེས་ལ་མཚོན་ན། མིག་ཤེས་མིག་དབང་ལ་བརྟེན་པས་སེམས་བྱུང་ཡང་བརྟེན་པ་དང་། སྔོན་པ་ལ་དམིགས་པས་སེམས་བྱུང་ཡང་དམིགས་པ། རང་ལ་སྔོན་པོའི་རྣམ་པ་ཅན་སྐྱེས་པས་སེམས་བྱུང་ཡང་དེའི་རྣམ་ལྡན་དུ་སྐྱེས་པ། མིག་ཤེས་སྐྱེས་པ་དང་དུས་མཉམ་དུ་སེམས་བྱུང་ཡང་སྐྱེས་པ། སེམས་གཅིག་གི་འཁོར་དུ་ཚོར་བ་གཉིས་མི་སྲིད་པ་ལྟ་བུ་སེམས་རྫས་གཅིག་གི་འཁོར་དུ་སེམས་བྱུང་ཡང་རྫས་གཅིག་སྟེ་གྲངས་མཉམ་པ་ཞིག་ཡིན། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་འབྲེལ་བ་དེ་དག་ནི་སེམས་སེམས་བྱུང་གཉིས་ལ་འབྲལ་མེད་རང་ཆས་སུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་པས། མཁས་པ་དག་དེ་གཉིས་ཀྱི་མཚན་ཉིད་འཇོག་དུས་སུའང་མཚུངས་ལྡན་གྱི་འབྲེལ་བ་སྙིང་བོར་འཛིན་པ་ཡིན། ཐོག་མར《ཕུང་བོ་ལྔའི་རབ་བྱེད》ལས།“དེ་ལ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་གང་ཞེ་ན། ཆོས་གང་དག་སེམས་དང་མཚུངས་པར་ལྡན་པ་རྣམས་སོ། །”②ཞེས་བྱ་བ་སྟེ། ཕྱིས་ཀྱི་མཁས་པ་མང་པོ་ཞིག་ཀྱང་དེའི་རྗེས་སུ་འབྲངས་ནས།“སེམས་ཀྱི་མཚན་ཉིད་ཡོད་དེ། རང་འཁོར་དུ་གྱུར་པའི་སེམས་བྱུང་དུ་མ་ཡོད་པའི་རྣམ་རིག་དེ་ཡིན་པའི་ཕྱིར།”③ཞེས་བྱ་བ་དང་། ཡང《སྡོམ་ཚིག་རིན་པོ་ཆེའི་ཕྲེང་བ》ལས། “སེམས་བྱུང་ཞེས་བྱ་སེམས་ཀྱི་འཁོར། ། སེམས་དང་མཚུངས་ལྡན་ལྷན་ཅིག་གོ། །”④ཞེས་པ་ལ་སོགས་སེམས་སེམས་བྱུང་གི་མཚན་ཉིད་ལ་ཕན་ཚུན་མཚུངས་ལྡན་གྱི་སྒོ་ནས་འཇོག་པར་བྱེད། ཡང་ཅིག་བཤད་ན། དེ་འདྲའི་འབྲེལ་བ་གྲུབ་པ་དེས་སེམས་ནི་སེམས་བྱུང་དང་འབྲལ་བ་མེད་པ་དང་སེམས་བྱུང་ཡང་སེམས་དང་འབྲལ་བ་མེད་པ་སྟེ། དེ་ཡང་གང་ཞིག་རང་གི་འཁོར་སེམས་བྱུང་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་ན་རང་ཉིད་སེམས་ཡིན་པས་ཁྱབ་པ་དང་། གང་ཞིག་རང་གི་གཙོ་བོ་སེམས་དང་མཚུངས་ལྡན་ལྔས་མཚུངས་པར་ལྡན་ན་སེམས་བྱུང་ཡིན་པས་ཁྱབ་པ་གྲུབ་པས། རྗེ་དགེ་འདུན་གྲུབ་པས་མཚོན་པའི་ཚད་ཐུབ་ཀྱི་མཁས་པ་རྣམས་ཀྱི་ལུགས་ལ།མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱི་སྒོ་ནས་མཚན་ཉིད་འཇོག་ཚུལ་ཁས་བླངས་ནས་ཡང་དེ་གཉིས་རྫས་ཐ་དད་དུ་འདོད་པ་ཞིག་ཕལ་ཆེར་མེད་པའི་ཚོད་དུ་གནས། དེར་བརྟེན། སེམས་སེམས་བྱུང་གཉིས་འབྲེལ་བའི་སྒོ་ནས་མཚན་ཉིད་འཇོག་ཚུལ་ལས་བརྟགས་ནའང་རྫས་གཅིག་གི་རྣམ་པར་གནས་སྙམ་སྟེ། སྤྱིར་རྫས་གཅིག་ཡིན་ན་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པས་མ་ཁྱབ་མོད། སེམས་སེམས་བྱུང་གཉིས་རྟེན་དང་དམིགས་རྣམ་དུས་དང་རྫས་མཚུངས་པས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་ན་དེ་གཉིས་རྫས་གཅིག་པ་མགོ་མཉམ་པར་འདོད་དོ། །
གསུམ་པ། གཅིག་ཐ་དད་ཀྱི་རིག་པས་སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་བརྟག་པ།
གཅིག་ཐ་དད་ཀྱི་དོན་ལ་སོ་སོ་བ་མ་ཡིན་པའི་ཆོས་དང་སོ་སོ་བའི་ཆོས་སུ་གོ་བ་ནི་ཚད་མའི་སྤྱི་སྐད་ཡིན་ལ། དེ་གཉིས་ལའང་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་ལྡོག་པ་གཅིག་པ(ཐ་དད)དང་རྫས་གཅིག་པ(ཐ་དད)སོགས་སུ་དབྱེ་བ་ལས་རྫས་གཅིག་དང་ཐ་དད་ཀྱི་མཚན་ཉིད་ལ།“སྐབས་འདིར་མདོ་སྡེ་པའི་ལུགས་སུ་བྱེད་དགོས་པས་དེའི་ལུགས་ལ་རྫས་གཅིག་ཐ་དད་ཀྱི་དོན་ཡོངས་གྲགས་བྱེད་ན་བློ་མ་འཁྲུལ་བས་མངོན་སུམ་ལ་སོ་སོར་སྣང་བ་དེ་རྫས་ཐ་དད་པའི་དོན་དང་། སོ་སོར་མི་སྣང་བའི་དངོས་པོ་དེ་རྫས་གཅིག་ལ་བཞག”①ཅེས་མདོ་སྡེ་པའི་ལུགས་སུ་རྫས་གཅིག་ཐ་དད་ཀྱི་འབྱེད་ཆོས་ནི་མངོན་སུམ་ལ་སོ་སོར་སྣང་མི་སྣང་གི་ཆ་ནས་འཇོག་པར་བཤད། དེ་ལྟར་ན། པཎ་ཆེན་བསོད་གྲགས་ཀྱི《དགོངས་པ་རབ་གསལ》གྱི་ལེའུ་དང་པོར།“ཁ་ཅིག སྔོན་པོ་དང་སྔོན་པོའི་རེག་བྱ་གཉིས་ཁྱབ་མཉམ་རྫས་གཅིག་ཡིན་པ་ལ་བསམས་ནས། ཡུལ་དུས་རང་བཞིན་གང་ལ་བལྟོས་ནས་ཀྱང་གྲུབ་བདེ་རྫས་གཅིག་ཡིན་ཟེར་བ་ནི་བློ་རྩིངས་པ་ཡིན་ཏེ། ཞེས་པ་ནས། སྔོན་པོ་དང་རྫས་གཅིག་ཡིན་ན།སྔོན་པོའི་རེག་བྱ་དང་རྫས་གཅིག་ཡིན་མི་དགོས་པའི་ཕྱིར་ཏེ། སྔོན་པོའི་དྲི་ལྟ་བུས་མ་ངེས་པའི་ཕྱིར།”②ཞེས་སྔོན་པོ་དང་སྔོན་པོའི་རེག་བྱ་གཉིས་གྲུབ་བདེ་རྫས་གཅིག་ཡིན་པ་དགག་པའི་མཐའ་ལ་བརྟགས་ན། གཅིག་ནས་སྔོན་པོ་དང་སྔོན་པོའི་རེག་བྱ་གཉིས་རྫས་གཅིག་ཡིན་པ་དང་། གཉིས་ནས་སྔོན་པོ་དང་སྔོན་པོའི་དྲི་གཉིས་རྫས་གཅིག་ཡིན་པ་ཤེས་ཐུབ་ལ། ཡིན་ནའང་། དེ་གཉིས་རེ་རེ་ནས་མངོན་སུམ་ལ་སོ་སོར་སྣང་བ་ཅན་ཡིན་པས། གོང་གི་མཚན་ཉིད་དེ་ཙམ་གྱིས་འཇོག་དཀའ་བར་སྣང་། དེས་ན《རིགས་པའི་དགོངས་རྒྱན》རང་ལུགས་ལ།“ཚོགས་པ་དང་ཚོགས་པ་ཅན་མ་ཡིན་ཞིང་།ཕྱོགས་གཉིས་ཀ་ནས་གཅིག་སྣང་བའི་མངོན་སུམ་ཡིན་ན་གཅིག་ཤོས་སྣང་བའི་མངོན་སུམ་ཡིན་པས་མ་ཁྱབ་པའི་མུ་ཡོད་ན། ཡུལ་དེ་གཉིས་རྫས་ཐ་དད་པའི་དོན་ཡིན། རྫས་སུ་གྲུབ་པ་གང་ཞིག ཚོགས་པ་དང་ཚོགས་པ་ཅན་ནམ། ཚུར་སྣང་གི་མངོན་སུམ་ལ་སོ་སོར་མི་སྣང་བ་དེ། རྫས་གཅིག་པའི་དོན་ཡིན།”③གསུངས་ལ། དེ་ལྟར་ན། སེམས་སེམས་བྱུང་རྫས་གཅིག་ཡིན་པར་དམ་བཅའ་བར་རིགས་སྙམ་སྟེ། རྫས་སུ་གྲུབ་པ་གང་ཞིག ཚོགས་པ་དང་ཚོགས་པ་ཅན་ནམ། ཚུར་སྣང་གི་མངོན་སུམ་ལ་སོ་སོར་མི་སྣང་བ་ཡིན་པའི་ཕྱིར། དེའང་སེམས་སེམས་བྱུང་གཟུགས་སུ་མ་གྲུབ་པས་ཚོགས་པ་དང་ཚོགས་པ་ཅན་མིན་ན་ཡང་། གདམ་ངའི་དབང་གིས་རྫས་གཅིག་ཡིན་པ་དང་མི་འགལ་ཏེ། རྫས་སུ་གྲུབ་པ་གང་ཞིག་ལ། ཚུར་སྣང་གི་མངོན་སུམ་ལ་སོ་སོར་མི་སྣང་བ་ཡིན་པའི་ཕྱིར། དང་པོ་ནི་དངོས་པོ་དང་དོན་གཅིག་པས་ཤེས་སླ་ལ། གཉིས་པ་ནི་ཐོག་མར་སེམས་སེམས་བྱུང་ནི་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པས། རང་ཡུལ་གྱི་སྔོན་པོ་ལྟ་བུའི་ཡུལ་འཇལ་བ་ལ་དུས་མཉམ་གཅིག་ཏུ་སྔོན་པོ་ལ་དམིགས་ནས་སྔོན་པོའི་རྣམ་ལྡན་དུ་མཚུངས་པར་སྣང་། རང་སྟོབས་ཀྱིས་དོན་གྱི་ངོ་བོ་དང་ཁྱད་པར་སོ་སོར་སྣང་ཞེས་བཤད་ན་ཡང་། གྲོགས་སྟོབས་ཀྱི་དབང་གིས་སྤྱིར་སོ་སོར་མི་སྣང་བ་གོང་ནས་བཤད་ཟིན། དེའི་སྟབས་ཀྱིས་རང་མྱོང་བྱེད་ཀྱི “གཙོ་བོ་སེམས་རང་རིག་མངོན་སུམ་གྱིས་མྱོང་བ་དང་དུས་མཉམ་དུ་དེའི་འཁོར་གྱི་སེམས་བྱུང་རྣམས་ཀྱང་རང་རིག་མངོན་སུམ་གྱིས་མྱོང་བས་ཁྱབ་པའི་ཕྱིར་རོ། །”①དེས་ན་སེམས་སེམས་བྱུང་ནི་ཕྱོགས་གཉིས་ཀ་ནས་གཅིག་སྣང་བའི་མངོན་སུམ་ཡིན་ན་ཅིག་ཤོས་སྣང་བའི་མངོན་སུམ་ཡིན་པས་ཁྱབ་པ་དང་། རྫས་སུ་གྲུབ་པ་གང་ཞིག་ཚུར་སྣང་གི་མངོན་སུམ་ལ་སོ་སོར་མི་སྣང་བས་རྫས་གཅིག་ཏུ་འདོད་པའོ། །
ཡང《སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》ལས།“རྫས་གཅིག་གི་མཚན་ཉིད། ངོ་བོ་སོ་སོ་མ་ཡིན་པར་སྐྱེས་པ།”②ཞེས་དང་། 《བསྡུས་གཞུང་ཉི་མའི་འོད་ཟེར》ལས།“རྫས་ཀྱི་སྒོ་ནས་སོ་སོ་བ་མ་ཡིན་པར་སྐྱེས་པའི་ཆོས་དེ། རྫས་གཅིག་གི་མཚན་ཉིད། གཟུགས་དང་གཟུགས་གཉིས་དེའི་མཚན་གཞི། འདུས་བྱས་སུ་གྱུར་པའི་བདག་ཉིད་གཅིག་པ་དང་རྫས་གཅིག་པ་དོན་གཅིག”③ཅེས་བརྗོད་པ་ལ། རྫས་གཅིག་པ་ལ་ཆ་རྐྱེན་གཉིས་དགོས་ཏེ། གཅིག་ནི་རྒྱུ་རྐྱེན་ལས་གྲུབ་པའི་འདུས་བྱས་དང་། གཉིས་ནི་ངོ་བོ་གཅིག་པ་ཞིག་ཡིན་དགོས། དེ་ལྟ་ན་ཡང་སེམས་སེམས་བྱུང་རྫས་གཅིག་ཡིན་པ་གདོན་མི་ཟ་སྟེ། འདུས་བྱས་ཡིན་པ་ཤེས་སླ། ངོ་བོ་གཅིག་ཚུལ་ནི་འབྲེལ་བ་ཐམས་ཅད་བདག་གཅིག་འབྲེལ་དང་དེ་བྱུང་འབྲེལ་གཉིས་སུ་གྲངས་ངེས་ལ། དུས་མཉམ་ཡིན་པས་དེ་བྱུང་འབྲེལ་མིན་པ་གོང་དུ་སོང་ཟིན། “འོ་ན་དེ་དག་གི་ངོ་བོ་གཅིག་པ་སོགས་ཇི་ལྟར་ཡིན་ཞེ་ན། གང་ཟག་རྒྱུད་ཀྱི་སེམས་དང་། སེམས་དེའི་འཁོར་དུ་བྱུང་བའི་སེམས་རྣམས་ནི་བློ་གཅིག་གི་ཁྱད་པར་མི་འདྲ་བའི་ལྡོག་པ་དུ་མ་ལ་བཞག་པ་ཡིན་གྱི་དེ་གཉིས་ངོ་བོ་གྲུབ་པ་རེ་རེ་ནས་མེད་པའི་ཕྱིར།”④ཞེས་དང་། མཁས་གྲུབ་རྗེས།“གཙོ་བོ་སེམས་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རྣམས་རྫས་གཅིག་ཡིན་པ་འདོད་པ་ཡིན་ཏེ། གཙོ་བོ་སེམས་དང་དེའི་འཁོར་གྱི་སེམས་བྱུང་རྣམས་རྫས་ཐ་དད་ཡིན་ན་བདག་གཅིག་འབྲེལ་མེད་ཅིང་། དུས་མཉམ་ཡིན་པའི་ཕྱིར་དེ་བྱུང་འབྲེལ་མེད་པས་འབྲེལ་མེད་དོན་གཞན་དུ་འགྱུར་ལ། དེ་འདོད་ན། རྟེན་དང་བརྟེན་པ་མ་ཡིན་པར་ཐལ་ལོ། །”⑤ཞེས་བྱ་བའི་ཤུགས་ལས་ཀྱང་བདག་གཅིག་འབྲེལ་ལམ་ངོ་བོ་གཅིག་པར་བསྟན་ཡོད་དོ། ། གཞན་ཡང《རིགས་ལམ་འཕྲུལ་ལྡེ》ལས་ཡུལ་དང་ཡུལ་ཅན་གྱི་སྐབས་སུ་མངོན་སུམ་དང་རྗེས་དཔག་གཉིས་རྫས་གཅིག་ཏུ་སྒྲུབ་པའི་རིགས་པ་ལ་བརྟེན་ནས་སེམས་སེམས་བྱུང་སོགས་ཀྱང་རྫས་གཅིག་ཏུ་སྒྲུབ་པར་བྱེད་ལ། དེའི་ཚུལ་ནི“མངོན་སུམ་ཆོས་ཅན། ཁྱོད་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དང་རྫས་གཅིག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པ་གང་ཞིག། རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།”⑥ཞེས་པ་བཞིན། སེམས་ཡང་སེམས་ལས་བྱུང་བ་དང་རྫས་གཅིག་ཡིན་དགོས་ཏེ། སེམས་བྱུང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་དང་རྫས་གཅིག་ཡིན་པ་དང་། སེམས་བྱུང་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་ཡང་སེམས་ཀྱི་བྱེ་བྲག་ཡིན་པས། སེམས་དང་སེམས་བྱུང་གཉིས་རྫས་གཅིག་ཡིན་པ་རིགས་པས་འགྲུབ་ངེས། དེ་བས“རིགས་པ་འདི་ལ་བརྟེན་ནས་རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་གཉིས་རྫས་གཅིག འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་རྫས་གཅིག དབང་ཤེས་དང་ཡིད་ཤེས་གཉིས་རྫས་གཅིག སེམས་དང་སེམས་བྱུང་གཉིས་རྫས་གཅིག ཚད་མ་ཚད་མིན་གྱི་ཤེས་པ་གཉིས་རྫས་གཅིག་ཏུ་གྲུབ་བོ། །”①ཞེས་གསུངས་པ་བཞིན་ནོ། །
བཞི་པ། འགལ་འབྲེལ་གྱི་རིག་པས་སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་བརྟག་པ།
ནང་པའི་ཚད་མའི་བསྟན་བཅོས་སུ་འབྲེལ་བ་ལ་བདག་འབྲེལ་གྱི་འབྲེལ་བ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་གཉིས་སུ་གྲངས་ངེས་ལ། དེ་ལས་བདག་གཅིག་འབྲེལ་ནི་ཆེས་རྩོད་གཞི་ཆེ་བ་ཞིག་ཡིན་མོད། འདིར་དགེ་བཤེས་འབའ་མདའ་བའི་བསྡུས་གྲྭའི་སྤྱི་དོན་གཞིར་བཟུང་ནས་བཤད་ན།བདག་གཅིག་འབྲེལ་གྱི་འབྲེལ་བ་ཞེས་པ་ནི། དངོས་པོ་གཉིས་ལ་མཚོན་ན་དེ་གཉིས་ངོ་བོ་སོ་སོ་བ་མ་ཡིན་པ་ཡིན། ལྡོག་པ་ཐ་དད་པ་ཡང་ཡིན། གཅིག་ལོག་ན་ཅིག་ཤོས་ལྡོག་པར་ངེས་པ་ཅན་ཡང་ཡིན་པ་ཞིག་ལ་འདོད། དེ་ལའང་ཕན་ཚུན་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་དང་ཕན་ཚུན་མ་ཡིན་པ་བདག་གཅིག་འབྲེལ། ཅིག་ཤོས་ནས་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་བཅས་གསུམ་དུ་བཤད། དེ་ལས་བདག་གཅིག་འབྲེལ་གྱི་མཐའ་ལ་ཞིབ་པར་བརྟགས་ན། བདག་གཅིག་འབྲེལ་ལམ་ངོ་བོ་གཅིག་པ་ལ། འགལ་བ་ཡིན་པའི་བདག་གཅིག་འབྲེལ་ཞིག་དང་འགལ་བ་མ་ཡིན་པའི་བདག་གཅིག་འབྲེལ་བཅས་གཉིས་ཡོད་ལ། དང་པོ་ནི། ཕན་ཚུན་མ་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་ལ་གོ་སྟེ། དེའི་ཁྲོད་དུ་སེམས་སེམས་བྱུང་ལྟ་བུ་བྱེད་ལས་ཀྱི་སྒོ་ནས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་དང་། བུམ་པ་དང་བུམ་པའི་རྡུལ་ཕྲན་ལྟ་བུ་ཡན་ལག་དང་ཡན་ལག་ཅན་གྱི་འབྲེལ་བ་ལྟ་བུ་རིགས་གཉིས་ཡོད་སྙམ་མོད་བརྟག་པར་བྱ། གཉིས་པ་ནི་ཕན་ཚུན་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་དང་ཅིག་ཤོས་ཡིན་ལ་ཅིག་ཤོས་མ་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་གཉིས་ལྟ་བུ་སྟེ། དེ་ཡང་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་པ་དང་མིན་པ་གཞིར་བཟུང་ནས་དབྱེ་བསྡུ་བྱས་ན་རེའུ་མིག་ཏུ་གསལ་བ་ལས་འབྱུང་བ་ལྟར་ཡིན་ལ།
རེའུ་མིག་འདི་ལ་དབྱེ་ཞིབ་བྱས་ན། ང་ཚོས་ཤེས་ཐུབ་པའི་གནད་དོན་གལ་ཆེན་འགའ་ནི། 1.བདག་གཅིག་འབྲེལ་གྱི་འབྲེལ་བ་ལ་གསུམ་དུ་གྲངས་ངེས་ཀྱང་། དེ་གསུམ་པོ་གང་རུང་ཡིན་ན། རང་བཞིན་རྟགས་ཀྱི་ཁྱབ་འབྲེལ་གྱི་སྒོ་ནས་བསྒྲུབ་བྱ་སྒྲུབ་ནུས་པས་མ་ཁྱབ་སྟེ། ཕན་ཚུན་མ་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་དང་གཞི་མཐུན་གཅིག་ཅན་གྱི་བདག་གཅིག་འབྲེལ་བཅས་ཀྱིས་མི་ནུས་པའི་ཕྱིར། དེར་བརྟེན། བདག་གཅིག་འབྲེལ་དེ་ལས་ཁྱབ་ཆེའོ། ། 2.བདག་གཅིག་འབྲེལ་ཡིན་ན་འགལ་བ་མ་ཡིན་པས་མ་ཁྱབ་སྟེ། བུམ་པ་དང་བུམ་པའི་མཆུ་དང་། སེམས་སེམས་བྱུང་ལྟ་བུ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་མོད་འགལ་བ་ཅན་ཡིན་པའི་ཕྱིར། 3.དེས་ན་སེམས་སེམས་བྱུང་ནི་བདག་གཅིག་འབྲེལ་གྱི་ནང་ནས་ཕན་ཚུན་མ་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་གྱི་ཁོངས་སུ་འདུས་པས། སེམས་སེམས་བྱུང་ནི་ཕན་ཚུན་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ་ཡིན་པར་མ་ཟད། འགལ་བ་ཡང་ཡིན་པའི་ཆ་རྐྱེན་གཉིས་ལྡན་ཞིག་ཡིན་པ་ཤེས་ཐུབ། དབལ་མང་བས།“ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་གསུངས་པས་ཐམས་ཅད་རྫས་གཅིག་ཏུ་འདོད་པ་གྲགས་ཆེ་ལ།”①ཞེས་བྱ་བ་དང་། གོ་སླ་བའི་སྒོ་ནས་མདོར་དྲིལ་ན། སྔོ་འཛིན་གྱི་བློ་དེ་རང་སྟོབས་ཀྱིས་སྔོན་པོའི་ངོ་བོ་མཐོང་བ་ཡིན་པའི་ཆ་ནས་སེམས་དང་། སྔོན་པོའི་ཁྱད་པར་རང་སྟོབས་ཀྱིས་མྱོང་བའི་ཆ་ནས་སེམས་བྱུང་དུ་བཞག་པ་ནི། དཔེར་ན་འབྲོག་པའི་ཉེར་སྤྱད་པགས་ཤུད་དང་མཚུངས་ལ། པགས་པ་མཉེད་བྱེད་དུ་གྱུར་དུས་པགས་ཤུད་དང་། ཁྱི་ལ་རྒྱག་པའི་དུས་སུ་དབྱུག་པར་འགྱུར་བ་བཞིན། བྱ་བྱེད་ཀྱི་ཆ་ནས་ཐ་དད་པ་ཙམ་མ་ཟད་འགལ་བ་ལའང་འགྱུར་ཏེ། ཁྱི་རྒྱག་དབྱུག་པར་གྱུར་དུས་པགས་ཤུད་མིན་ལ། པགས་ཤུད་ཡིན་དུས་དབྱུག་པ་མ་ཡིན་པས་བྱེད་པའི་ལས་ཀྱི་ཆ་ནས་འགལ་བའོ། ། ཡིན་ནའང་། རྫས་ཀྱི་ཆ་ནས་ཤིང་ལས་བྱས་པའི་རྫས་དེ་ཉིད་ལས་གཞན་དུ་མ་འདས་པས་རྫས་གཅིག་པ་ཡིན། ཚུལ་དེ་བཞིན་སེམས་སེམས་བྱུང་བྱེད་ལས་ཀྱི་ལྡོག་པ་ཐ་དད་པ་ཙམ་ལས་མཐར་ཐུག་གི་ངོ་བོ་གཅིག་ཏུ་གྲུབ་པ་ཡིན། རི་མོ་ལྟར་མཚོན་པར་བྱས་ན།
གལ་ཏེ་ཤེས་པ་ནི=oདང་། སྔོ་འཛིན་གྱི་བློ=Mདང་། སྔོན་པོའི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་སེམས=Pདང་། སྔོན་པོའི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་ཆ་ནས་སེམས་བྱུང=Sཡིན་པའི་དབང་དུ་བཏང་ན། oཡི་ནང་ཚན་དུ་གྱུར་པའིPདངSགཉིས་ཀMཡི་རྫས་ཡིན་པ་འདྲ་བར་མ་ཟད། Pཡི་ལོགས་སུSམེད་པ་དངSཡི་ལོགས་སུPམེད་དེ།“སེམས་ལས་དོན་ལོགས་སུ་གྱུར་པའི་སེམས་བྱུང་མེད། སེམས་བྱུང་ལས་དོན་ལོགས་སུ་སེམས་མེད་པའི་ཕྱིར་རོ། །”②ཞེས་བཤད་མོད། འོན་ཀྱང་བྱེད་ལས་ཀྱི་ཆ་ནས་ལྡོག་པ་ཐ་དད་པ་ཙམ་དུ་མ་ཟད་འགལ་བར་གྱུར་ཕྱིན། PདངSགཉིས་ཐ་དད་ཅིང་གཞི་མཐུན་མེད་པའི་རི་མོ་ལྟར་བཀོད་པ་ཡིན། དེས་ན་སེམས་དང་སེམས་བྱུང་གཉིས་ཕན་ཚུན་མ་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་དུ་གྲུབ་པ་དེས་དོན་གྱིས་ཅི་ཞིག་ར་སྤྲོད་བྱས་ཡོད་ཅེ་ན། ཐོག་མར་སེམས་སེམས་བྱུང་གཉིས་ནི་ཤེས་པའི་ནང་ཚན་དུ་འདུས་པའི་རྫས་ཡིན་ལ། ཡང་དེ་གཉིས་འགལ་བ་ཡིན་ན་ཡང་། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པས་རྫས་གཅིག་ཡིན་པ་ཤུགས་ལ་འཕངས། གོང་དུའང“དེས་ན་དངོས་པོ་ཡིན་ན་ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་བོ། །”ཞེས་བྱ་བ་དང་།མདོར་ན།“གང་ཟག་གཅིག་གི་རྒྱུད་ཀྱི་སེམས་དང་སེམས་དེའི་འཁོར་དུ་གྱུར་པའི་སེམས་བྱུང་གཉིས་ནི་ངོ་བོ་གཅིག་ཀྱང་ཡིན། རྫས་གཅིག་ཀྱང་ཡིན། ཐ་དད་ཀྱང་ཡིན། འགལ་བ་ཡང་ཡིན། མཚུངས་ལྡན་རྣམ་པ་ལྔ་མཚུངས་ཀྱང་ཡིན།”①ཞེས་གསུངས་པ་ལྟར་འགལ་འབྲེལ་གྱི་རིག་པས་བརྟགས་ན་ཡང་། སེམས་སེམས་བྱུང་གཉིས་རྫས་གཅིག་ཐ་དད་ལས་རྫས་གཅིག་ཏུ་ངེས་པ་སྒྲུབ་ནུས་སོ། །
མཇུག་སྡུད་པ།
སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་ལ་བཞེད་པ་སྣ་ཚོགས་མཆིས་ནའང་། དེ་དག་མཐའ་གཅིག་ཏུ་འགལ་བར་གྲུབ་པ་ཞིག་དང་བདེན་རྫུན་གྱི་ཁྱད་པར་གསལ་བ་ཞིག་ཡེ་ནས་མ་ཡིན་ཏེ། སོ་སོའི་ལུགས་ཀྱི་ཁུངས་དང་འཛིན་མཚམས། རྣམ་པར་དཔྱོད་ཚུལ། ཁམས་དང་མོས་པ་མི་མཐུན་པ་སོགས་ཀྱིས་བཞེད་རྒྱུན་ཡང་དུ་མ་བྱུང་། དེའི་ཕྱིར། སེམས་སེམས་བྱུང་གཉིས་རྫས་གཅིག་ཡིན་མིན་ལ་འདོད་ཚུལ་མི་འདྲ་བ་བྱུང་བ་དེས་མཁས་པ་སོ་སོའི་རང་རང་གི་ལྟ་གྲུབ་ཀྱི་ཁྱད་ཆོས་དང་རིན་ཐང་མཚོན་ཡོད། བློ་དམན་བདག་ལ་མཚོན་ན་བཞེད་པ་དེ་དག་ལས་བརྒལ་བའི་རང་རྐང་གི་ལྟ་བ་ཞིག་སྨྲ་མི་བཏུབ་མོད། རང་གིས་བརྟག་དཔྱད་བགྱིས་པའི་མྱོང་བ་ཞིག་བཤད་ན། སེམས་སེམས་བྱུང་གི་མཚན་ཉིད་འཇོག་ཚུལ་དང་གཅིག་ཐ་དད་ཀྱི་རྣམ་གཞག འགལ་འབྲེལ་གྱི་རིག་པ་བཅས་ཀྱིས་བརྟགས་ན་སེམས་སེམས་བྱུང་གཉིས་རྫས་གཅིག་ཏུ་ཁས་བླངས་ན་བློ་བདེ་བ་ཞིག་རེད་སྙམ་མོད། རྣམ་རྟོག་གིས་བྱས་པའི་འཆར་སྒོ་འདི་དག་ལ་ཡིད་རྟོན་རུང་དཀའ་བས་འདིར་ཡང་གཟུ་ལུམ་དུ་སྨྲ་བ་འབྱུང་སྲིད་ན་བློ་གསལ་རྣམས་ཀྱིས་དགོངས་འཆར་སྩོལ་ཅིག་ཀྱེ། །
* རྡོ་རྗེ་སྐྱབས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2020ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
① ས་བཟང་མ་ཏི་པཎ་ཆེན། མངོན་པ་ཀུན་བཏུས་ཀྱི་འགྲེལ་པ་ཤེས་བྱ་རབ་གསལ་སྣང་བ། [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2011:70.
① རྗེ་བཙུན་བྱམས་པ་མགོན་པོ། བཀའ་བསྟན་དཔེ་བསྡུར་མ།(སེམས་ཙམ། བེ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:903
① རཏྣ་ཨ་ཀ་ར་ཤཱན་ཏི། བཀའ་བསྟན་དཔེ་བསྡུར་མ།(སེམས་ཙམ། ཧི) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:370
① སློབ་དཔོན་དབྱིག་གཉེན། བཀའ་བསྟན་དཔེ་བསྡུར་མ།(སེམས་ཙམ། བེ) [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002:7
① མཆིམས་ཆེན་ནམ་མཁའ་གྲགས་པ། 《མཛོད་འགྲེལ་མངོན་པའི་རྒྱན》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:48
① བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། 《རིགས་ལམ་འཕྲུལ་ལྡེ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006:279
① ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:207
① ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:217
① དབལ་མང་དཀོན་མཆོག་རྒྱ་མཚོ། 《སེམས་སེམས་བྱུང་རྣམ་གཞག་རང་རྒྱུད་གསལ་བའི་མེ་ལོང》 [M] སྣ་རིང་། ཤ386
① རྒྱལ་ཚབ་དར་མ་རིན་ཆེན། 《ལེགས་པར་བཤད་པ་ཆོས་མངོན་རྒྱ་མཚོའི་སྙིང་པོ》རྒྱལ་ཚབ་རྗེའི་གསུང་འབུམ།(ག)(2)[M] མི་རིགས་དཔེ་སྐྲུན་ཁང་། 2019.10 :438
① བློ་བཟང་ཆོས་གྲགས། 《ཚད་མ་རིག་པའི་སྤྱི་དོན》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2017:205
① བུ་སྟོན་རིན་ཆེན་གྲུབ། 《ཆོས་མངོན་པ་ཀུན་བཏུས་ཀྱི་དར་ཊཱིཀ་རྣམ་བཤད་ཉི་མའི་འོད་ཟེར》 [M] སྣ་རིང་།ཤ146
① སློབ་དཔོན་དབྱིག་གཉེན། 《ཕུང་བོ་ལྔའི་རབ་བྱེད》 སྣ་རིང་། (བསྟན་འགྱུར།)(པེ་ཅིང་།)སུམ་ཅུ་པ།(སི)བཅུ་གསུམ། འོག
① དབལ་མང་དཀོན་མཆོག་རྒྱལ་མཚན། 《སེམས་སེམས་བྱུང་གི་རྣམ་གཞག་རང་རྒྱུད་གསལ་བའི་མེ་ལོང》 [M] དགའ་ལྡན་ཆོས་འཁོར་གླིང་ནས་པར་བཏབ། ཤ377
① ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། 《སེམས་སེམས་བྱུང་གི་སྡོམ་ཚིག་རིན་པོ་ཆེའི་ཕྲེང་བ》 [M] མི་རིགས་དཔེ་སྐྲུན་ཁང་།1998:2
① དགེ་བཤེས་ཡེ་ཤེས་དབང་ཕྱུག 《ཚད་མ་རྣམ་འགྲེལ་གྱི་རིགས་པའི་དགོངས་རྒྱན》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014:444
① པཎ་ཆེན་བསོད་ནམས་གྲགས་པ། 《ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:100
① དགེ་བཤེས་ཡེ་ཤེས་དབང་ཕྱུག 《ཚད་མ་རྣམ་འགྲེལ་གྱི་རིགས་པའི་དགོངས་རྒྱན》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2014.3 :449
① མཁས་གྲུབ་དགེ་ལེགས་དཔལ་བཟང་། 《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》 [M] མི་རིགས་དཔེ་སྐྲུན་ཁང་། 1984:174
① མཁས་གྲུབ་དགེ་ལེགས་དཔལ་བཟང་། 《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》 [M] མི་རིགས་དཔེ་སྐྲུན་ཁང་། 198:400
① རྭ་བསོད་ནམས་དབང་རྒྱལ། 《བསྡུས་གཞུང་ལེགས་བཤད་ཉི་མའི་འོད་ཟེར》 [M] ཅང་ཧའོ་གློག་རྡུལ་དཔེ་སྐྲུན་ཁང་། 201:69
① ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 200:211
① མཁས་གྲུབ་དགེ་ལེགས་དཔལ་བཟང་། 《ཚད་མ་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ》 [M] མི་རིགས་དཔེ་སྐྲུན་ཁང་། 1984:174
① བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། 《རིགས་ལམ་འཕྲུལ་ལྡེ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011:260
① བློ་བཟང་ཚུལ་ཁྲིམས་བྱམས་པ་རྒྱ་མཚོ། 《རིགས་ལམ་འཕྲུལ་ལྡེ》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011:260
① དབལ་མང་དཀོན་མཆོག་རྒྱ་མཚོ། 《སེམས་སེམས་བྱུང་རྣམ་གཞག་རང་རྒྱུད་གསལ་བའི་མེ་ལོང》 [M] སྣ་རིང་། ཤ386
① ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:211
① ཐུབ་བསྟན་དགེ་ལེགས་རྒྱ་མཚོ། 《བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:210