[གནད་བསྡུས] དེ་ཡང་འཛམ་གླིང་འཁྲུག་ཆེན་དང་པོ་དང་གཉིས་པའི་སྔ་གཞུག་ཏུ་ནུབ་ཕྱོགས་རྒྱབ་ཁབ་ཁག་གི་ལོ་ཙཱའི་ལས་སྒོ་ལ་སྔར་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་གྲུབ་འབྲས་གཏོས་ཆེ་བ་ལོན་ཡོད་དེ། གཅིག་ནས་ལོ་ཙཱའི་ལས་སྒོ་ཡི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་པ་དང་། གཉིས་ནས་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་སློབ་ཁྲིད་ཡོངས་ཁྱབ་སྒོས་སྤེལ་བ། གསུམ་ནས་ལོ་ཙཱ་པའི་མཐུན་ཚོགས་གསར་འཛུགས་དང་ལོ་ཙཱའི་ཞིབ་འཇུག་གི་དུས་དེབ་གསར་འདོན་བྱས་པ། བཞི་ནས་འཕྲུལ་ཆས་ལོ་ཙཱའི་རམ་འདེགས་ལ་བརྟེན་པ། ལྔ་ནས་ལོ་ཙཱའི་ཆེད་རྩོམ་གསར་རྩོམ་ལ་ཤ་ཐང་རུས་ཐང་གིས་འབད་པ་སོགས་ངོམ་དུ་རི་བའི་ལོ་ཙཱའི་བྱ་གཞག་གི་འཕེལ་རྒྱས་དེ་དག་ལ་མཚོན་ན། འཛམ་གླིང་ཡུལ་གྲུ་སོ་སོའི་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྲུན་གྱི་ཕྱོགས་སུ་མིག་ལྟོས་དང་བློ་འབྱེད་ཀྱི་རིན་ཐང་བླ་མེད་ལྡན་ཡོད་ཀྱང་། རང་རེའི་བོད་ཀྱི་ལོ་ཙཱ་པའི་སྡེ་ལ་མཚོན་ན་འདིའི་ཕྱོགས་སུ་སློབ་སྦྱོང་ངོ་སྤྲོད་བྱེད་མཁན་ཤིན་ཏུ་ཉུང་བས་ན། ཁོ་བོས་ནུབ་ཕྱོགས་དེང་རབས་ལོ་ཙཱའི་གཞུང་ལུགས་སྐོར་རགས་ཙམ་ལྟ་ཀློག་བགྱིས་ཏེ་བློ་སྐྱེད་ཐུང་ངུ་ཙམ་ཞིག་ཞུས་ཡོད།
[གནད་ཚིག] ནུབ་ཕྱོགས་དེང་རབས། ལོ་ཙཱའི་གཞུང་ལུགས། རྒྱ་བོད་ལོ་ཙཱ། བློ་སྐྱེད།
གླེང་གཞི།
“ནུབ་ཕྱོགས་ལོ་ཙཱའི་ལས་དོན་གྱི་ཆ་ནས་གླེང་ན་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་ལོ་ཙཱའི་ཁྱབ་ཁོངས་ཀྱི་རྒྱ་ཆེ་ཚུལ་དང་རྣམ་པ་ཡི་སྣ་མང་ཚུལ། གཞི་ཁྱོན་གྱི་གཏོས་ཆེ་ཚུལ། འབྲས་བུ་ཡི་ཕོན་ཆེ་ཚུལ་ནི་ལོ་རྒྱུས་ཀྱི་དུས་སྐབས་གང་ཞིག་ལ་མཚོན་ན་ཡང་བསྡུར་མི་བྲ་བ་ཞིག་ཡིན།”①དུས་རབས་ཉི་ཤུ་པ་ནི་ལོ་ཙཱ་ཡི་དུས་རབས་ཡིན་ཞེས་པའི་བསྔགས་པ་བརྗོད་སྲོལ་མཆིས་ཤིང་། དུས་སྐབས་དེ་རུ་སུའུ་ལེན་སྔོན་མ་དང་དབྱིན་ཇི། འཇར་མན། ཧྥ་རན་སི་སོགས་ཡོ་རོབ་གླིང་གི་རྒྱལ་ཁབ་གཙོ་བོ་དག་གི་ལོ་ཙཱའི་བྱ་གཞག་ལ་དར་རྒྱས་ཤིན་ཏུ་རྒྱ་ཆེན་པོ་ཕྱིན་ཅིང་ཨ་རི་དང་ཁ་ན་ཏ་སོགས་རྒྱལ་ཁབ་ཀྱི་ལོ་ཙཱའི་ལས་སྒོ་ལ་ཡང་དགའ་མགུ་འོས་པའི་རྣམ་པ་ཤར། དེ་ཡང་བྱེ་བྲག་ཏུ་བརྗོད་ན། ཚོང་ལས་དང་ཕྱི་འབྲེལ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ལོ་ཙཱའི་བྱ་གཞག་ལ་འཕེལ་རྒྱས་བྱུང་སྟེ་གཞི་ཁྱོན་སྔར་ལས་རྒྱ་ཆེ་བར་གྱུར་པ་དང་། ལོ་ཙཱའི་སློབ་གྲྭ་གསར་སྒྲུབ་བྱས་ནས་ལོ་ཙཱའི་སློབ་ཁྲིད་ཡོངས་སུ་ཁྱབ་གདལ་བྱུང་ལ། ལོ་ཙཱ་པའི་སྒྲིག་གཞི་གསར་འཛུགས་དང་ལོ་ཙཱ་ཞིབ་འཇུག་གི་དུས་དེབ་གཉེར་བ། འཕྲུལ་ཆས་ལོ་ཙཱའི་རམ་འདེགས་ལ་བརྟེན་པ། ལོ་ཙཱའི་གཞུང་ལུགས་སྐོར་གྱི་ཆེད་རྩོམ་མང་དུ་བྱུང་བ་སོགས་ཁྱད་ཆོས་དུ་མ་ཞིག་ལྡན་པ་དེས། དུས་སྐབས་དེའི་ནུབ་ཕྱོགས་ལོ་ཙཱའི་བྱ་གཞག་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་འབྱུང་དུ་བཅུག་སྟེ། ད་ལྟའི་དུས་ལ་མཚོན་ནའང་ལོ་ཙཱའི་གཞུང་ལུགས་འཛུགས་སྐྱོང་གི་ཐད་ལ་དཔེ་སྟོན་དང་བློ་འབྱེད་ཀྱི་རིན་ཐང་རྒྱ་ཆེན་པོ་ལྡན་པས། ནུབ་ཕྱོགས་ལོ་ཙཱའི་གཞུང་ལུགས་ཀྱི་ཁྱད་ཆོས་ཕྱོགས་སྡོམ་སྒོས་ངོ་སྤྲོད་དང་འབྲེལ་ཏེ་བློ་སྐྱེད་ཐུང་ངུ་ཙམ་ཞུས་ན་གཤམ་ལྟར།
དང་པོ། ལོ་ཙཱའི་ལས་སྒོ་ཡི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དགོས་པ།
འཛམ་གླིང་འཁྲུག་ཆེན་དང་པོའི་ཡར་སྔོན་ལ་རྒྱལ་ཁབ་གཉིས་བར་དུ་ཉོ་ཚོང་བྱེད་པའི་སྐབས་སུ་སྟོབས་ལྡན་རྒྱལ་ཁབ་ཀྱི་སྐད་རིགས་སྤྱོད་བཞིན་ཡོད་ཀྱང་། འཛམ་གླིང་འཁྲུག་ཆེན་དང་པོའི་རྗེས་སུ་ལོ་ཙཱའི་གཞི་ཁྱོན་ལ་སྐུལ་འདེད་ཆེན་པོ་ཐེབས་ཤིང་། ནང་སྒོས་སུ་འཛམ་གླིང་འཁྲུག་ཆེན་གཉིས་པ་མཇུག་བསྒྲིལ་བའི་རྗེས་སུ་ནུབ་ཕྱོགས་རྒྱལ་ཁབ་སོ་སོའི་བར་འགྲོ་འོང་བྱེད་པ་དང་གླིང་ཆེན་གཞན་དག་གི་རྒྱལ་ཁབ་བར་འགྲོ་འོང་བྱེད་པ་གང་ཞིག་ཡིན་ཡང་། ལོ་ཙཱའི་ལས་དོན་ནི་ཉིན་རྒྱུན་ལས་དོན་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད། དེ་ཡང“མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་བསྡོམས་རྩིས་ལྟར་ན། 1948ནས1970ལོའི་བར་དུ་འཛམ་གླིང་གི་འགྱུར་དེབ་ལྡབ་བཞི་འཕར་ཞིང་། དེའི་ཁྲོད་འཇར་མན་གྱི་འགྱུར་དེབ་ཆེས་མང་བ་རེད། ཆེས་ཐོག་མའི་ཡོ་རོབ་གླིང་ཚོང་རའི་ལས་ཁུངས་ཆེ་ཆུང་ཀུན་གྱིས་ལོ་ཙཱ་པ་གླས་པའི་གྲངས་ཀ1300ལྷག་ཡོད་ཅིང་། དེའི་ཁྲོད་ཆེད་བསྐོས་ཀྱི་ངག་སྒྱུར་མི་སྣ450དང་ཡིག་སྒྱུར་མི་སྣ550ཡོད། གཞན་དག་ནི་དུས་ཐུང་ལས་ཀའི་གན་རྒྱ་བཞག་པའི་རང་དབང་ལོ་ཙཱ་པ་ཡིན”①ཞེས་གསལ། ནང་སྒོས་སུ་དུས་སྐབས་དེར་དངོས་ཡོད་དགོས་མཁོ་ལ་གཞིགས་ཏེ་ཚོང་ལས་དང་ཕྱི་འབྲེལ། ཚན་རྩལ་ཕྱོགས་ཀྱི་ལོ་ཙཱའི་ལས་དོན་ལ་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། དེའི་ཁྱབ་ཁོངས་ནི་ཐ་ན་རྩོམ་རིག་ལོ་ཙཱ་ལས་ཡོངས་སུ་འགོངས་ཏེ་ནུབ་ཕྱོགས་དེང་རབས་ལོ་ཙཱ་འཕེལ་རྒྱས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར།
ལོ་ཙཱར་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་འབྱུང་བར་སྲོག་དབུགས་གསར་བ་ཞིག་འཐོབ་པར་བརྩོན་དགོས་ཤིང་ལོ་ཙཱར་བརྟེན་ནས་འགྲོ་འོང་འབྲེལ་འདྲིས་ཀྱི་དགོས་མཁོ་ཚིམ་པར་བྱ་དགོས། དེ་ཡང་ལོ་ཙཱ་ནི་གཞན་གྱི་ལེགས་ཚོགས་ཅི་སྙེད་རང་གི་རྒྱན་དུ་ལེན་བྱེད་ཀྱི་ཐབས་མཆོག་ཅིག་ཡིན་པའི་ཆ་ནས། སྤྱི་ཚོགས་ཡར་རྒྱས་ལ་ཕན་པའི་ཚོང་ལས་དང་ཚན་རྩལ། ཕྱི་འབྲེལ་སོགས་ཁྱབ་ཁོངས་སོ་སོའི་ལོ་ཙཱའི་ལས་སྒོ་རྒྱ་ཆེར་སྤེལ་ནས་དངོས་ཡོད་ཀྱི་དགོས་མཁོ་བསྐང་དགོས་མོད། འོན་ཀྱང་རང་རེ་ལ་མཚོན་ན་སྤྱི་ཚོགས་ཡར་རྒྱས་ཀྱི་འགྲོས་དལ་བ་དང་བསམ་བློ་འཁོར་ཕྱོགས་ཀྱི་གུ་ཅུང་ཙམ་དོག་པའི་སྟབས་ཀྱིས་དེང་གི་ཆ་ལ་ལོ་ཙཱའི་ཐད་ཀྱི་ལས་སྒོ་སྤེལ་བཞིན་མཆིས་ནའང་། སྤྱི་ཡོངས་ལ་ཁྱབ་པ་དང་ཆ་ཡོངས་སུ་ཚང་བ་ཞིག་མ་ཡིན་ཞིང་ནང་སྒོས་སུ་སྤྱི་ཚོགས་འཕེལ་རྒྱས་ལ་དགོས་མཁོ་ཆེ་བའི་ཁྱབ་ཁོངས་ནས་ལོ་ཙཱའི་འཕྲིན་ལས་སྤེལ་བའི་ཕྱོགས་སུ་ཤུགས་བརྒྱབ་པ་ཤིན་ཏུ་མི་འདང་། སྤྱིར་ན་ལོ་ཙཱའི་འཕྲིན་ལས་ལ་བརྟེན་ནས་མི་རིགས་གཞན་གྱི་རིག་གནས་ཀྱི་ལེགས་ཆ་ཚུར་བསྡུས་ན་ཤིན་ཏུ་ལེགས་པ་སྨོས་མ་དགོས་ཀྱང་། དེང་གི་དུས་འདི་ནི་སྔ་མའི་དུས་དང་ཡེ་ནས་མི་འདྲ་བར་སྤྱི་ཚོགས་འཕེལ་བའི་འགྲོས་རླབས་ཤིན་ཏུ་མྱུར་བས་གཙོ་གནད་ཀྱི་ཡང་ལྕི་མ་འཕྱུགས་པར་ལས་ཀྱི་སྣེ་མོར་འཇུག་རྒྱུ་གལ་འགངས་ཆེ། ད་ལྟའི་རྒྱ་བོད་ལོ་ཙཱའི་ལས་སྒོ་གཉེར་བའི་སྤྱི་ལྡོག་ནས་བལྟས་ན་ཚོང་ལས་དང་ཚན་རྩལ། ཕྱི་འབྲེལ། དམག་དོན། ཁྲིམས་རིག དངུལ་རྩ། འགྲིམ་འགྲུལ། དངུལ་ཁང་། བཟོ་ཚོང་ཁེ་ལས། ཡུལ་སྐོར་སྣེ་ཤན། སྲིད་འཛིན་དོ་དམ་སོགས་ཁྱབ་ཁོངས་ཀྱི་བརྩམས་ཆོས་དང་འབྲེལ་ཡོད་ཡིག་ཆ་བསྒྱུར་བ་ཤིན་ཏུ་ཉུང་བ་མ་ཟད་དེ་འབྲེལ་ལོ་ཙཱའི་གཞུང་ལུགས་བརྩམས་པ་ཉིན་མོའི་སྐར་མ་བཞིན་དཀོན་སྟབས། ནུབ་ཕྱོགས་དེང་རབས་ཀྱི་ལོ་ཙཱའི་ལས་སྒོ་ཡི་ཁྱད་ཆོས་ལ་གཞིགས་ཏེ་རང་གི་ཞན་ཆ་ཁ་གསབ་དང་ལེགས་བཅོས་བྱ་དགོས་པ་གནད་འགག་ཏུ་མཐོང་ངོ་། །
གཉིས་པ། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་སློབ་ཁྲིད་ཡོངས་ཁྱབ་སྒོས་སྤེལ་དགོས་པ།
མཉམ་འབྲེལ་རྒྱལ་ཚོགས་དང་ཡོ་རོབ་གླིང་ཐུན་མོང་ཁྲོམ་ར་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་དབུ་ཚུགས་པ་དང་བསྟུན་ནས་ལོ་ཙཱ་པའི་དགོས་མཁོ་ཉིན་བཞིན་ཇེ་མང་དུ་ཕྱིན་ཞིང་། དགོས་མཁོ་དེ་ཉིད་ཚིམ་ཆེད་དུ་ནུབ་ཕྱོགས་སུ་ལོ་ཙཱ་པ་སྐྱེད་སྲིང་བྱེད་པར་བཙུགས་པའི་སློབ་གྲྭ་གཅིག་རྗེས་གཉིས་མཐུད་དུ་བྱུང་ལ། དེ་ལས་ཆེས་འབུར་དུ་ཐོན་པ་ནི་ཕ་རི་སི་སློབ་ཆེན་གསུམ་པའི་མཐོ་རིམ་ལོ་ཙཱའི་སློབ་གྲྭ་དང་ཝོ་ཐའེ་ཧྭ་སློབ་ཆེན་གྱི་ལོ་ཙཱའི་སློབ་གྲྭ་ཡིན། ལོ་རྒྱུས་སུ་ཐོ་འགོད་བྱས་པ་ལྟར་ན། སྐབས་དེར་ལོ་ཙཱའི་སློབ་ཁྲིད་ནི་གཙོ་བོར་སློབ་མ་རྣམས་ལ་ལོ་ཙཱའི་གཞུང་ལུགས་དང་ཐ་སྙད་ཤེས་བྱ། བརྡ་སྤྲོད་ཞིབ་བསྡུར། གཞི་རྩའི་ཐ་སྙད་དང་སྒྲིག་སྲོལ། ཐབས་རྩལ་སོགས་འཁྲིད་པ་ཡིན་ཞིང་། སློབ་མ་རེ་རེས་གཟའ་འཁོར་རེར་ལོ་ཙཱའི་སྦྱངས་རྩོམ་རེ་བྲིས་རྗེས་དགེ་རྒན་གྱིས་སློབ་ཐུན་སྐབས་དཔྱད་འཇོག་དང་ནོར་འཁྲུལ་ཅི་ཡོད་སྟོན་རྒྱུ་མ་ཟད་དངོས་ཡོད་ལོ་ཙཱའི་ལས་ཀའི་ཁྲོད་བྱུང་བའི་ཆོས་ཉིད་རང་བཞིན་གྱི་གནད་དོན་འདོན་པ་ཡིན། མདོར་ན་གོང་གསལ་གྱི་མིང་གྲགས་ཆེ་བའི་སློབ་གྲྭ་ལས་གཞན་ནུབ་ཕྱོགས་རྒྱལ་ཁབ་ཏུ་ད་དུང་ལོ་ཙཱའི་སློབ་གྲྭ་དང་ལོ་ཙཱའི་སློབ་ཁྲིད་འདོན་སྤྲོད་བྱེད་པའི་སྐད་བརྡའི་སློབ་གྲྭ་དང་སྐད་བརྡའི་སྡེ་ཁག ལོ་ཙཱའི་སྡེ་ཁག ལོ་ཙཱའི་ཆེད་ལས་སོགས་གང་མང་མཆིས།བསྡོམས་རྩིས་ལྟར་ན།“དེ་འདྲའི་ཟུར་གཏོགས་སློབ་གྲྭ་དང་སྡེ་ཁག ཆེད་ལས་སློབ་ཆེན་ནི་ཁ་ན་ཏ་རུ་སློབ་གྲྭ་བརྒྱད་དང་ཨ་རི་ན་སློབ་གྲྭ་ང་གཅིག ཧྥ་རན་སེ་རུ་སློབ་གྲྭ་གཉིས། འཇར་མན་ནུབ་མ་ན་སློབ་གྲྭ་དྲུག ཧོ་ལན་ན་སློབ་གྲྭ་གཉིས། སའེ་ཏན་ན་སློབ་གྲྭ་གཅིག པི་ལི་ཧྲི་ན་སློབ་གྲྭ་དྲུག དབྱིན་ཇི་ན་སློབ་གྲྭ་དྲུག་བཅས་ཡོད”①དོ། །དེ་ཡང་འཛམ་བུ་གླིང་དང་ནང་སྒོས་སུ་རང་རྒྱལ་གྱི་སྤྱི་ཚོགས་དཔལ་འབྱོར་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་བསྟུན་ནས། བོད་ཀྱི་སྤྱི་ཚོགས་དཔལ་འབྱོར་ཡང་སྔར་ལས་གོང་འཕེལ་ཆེན་པོ་འབྱུང་བཞིན་མཆིས་ན་
ཡང་། ད་དུང་ཧེ་བག་ཤིན་ཏུ་ཆེན་པོ་ལྡན་པས། ཧེ་བག་དེ་ཉིད་ཆུང་དུ་གཏོང་དགོས་ཚེ་སློབ་ཆེན་ཁག་གིས་སློབ་མ་སྐྱེད་སྲིང་གི་ཐད་ནས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་འདུན་ལ་འཚམ་པའི་ཆེད་ལས་མི་འདྲ་བའི་འཇོན་མི་གསོ་སྐྱོང་བྱ་དགོས་ཤིང་། ནང་སྒོས་ཁྱད་པར་དུ་ཆེད་ལས་ལོ་ཙཱ་པ་གསོ་སྐྱོང་བྱས་ནས་སྲིད་འབྱོར་རིག་གསུམ་གོང་ནས་གོང་དུ་སྤེལ་བར་བྱས་རྗེས་འཇོག་རྒྱུ་གནད་ཆེན་དུ་མཐོང་། དེ་ན་ཆེད་ལས་ལོ་ཙཱ་པ་གསོ་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནམ་རྩ་བའི་གཞི་འཛིན་ས་གང་ཞིག་ཡིན་ནམ་ཞེ་ན། ལོ་ཙཱའི་གཞུང་ལུགས་དང་ལག་ལེན་སྐོར་གྱི་སློབ་ཁྲིད་ཡོངས་ཁྱབ་སྒོས་སྤེལ་རྒྱུ་དེ་ཡིན། ནུབ་ཕྱོགས་རྒྱལ་ཁབ་ལ་མཚོན་ན་ལོ་ཙཱ་ཆེད་དུ་སྦྱོང་སའི་སློབ་གྲྭ་འདྲ་མིན་སྣ་ཚོགས་བཙུགས་ཡོད་པས་ལོ་ཙཱ་པའི་དཔུང་སྡེ་ཡང་རང་ཤུགས་སུ་འཕེལ་བ་གདོན་མི་ཟའོ། ། རང་རྒྱལ་གྱི་མི་རིགས་སློབ་ཆེན་ཁག་གིས་ཀྱང་ལོ་ཙཱ་ཆེད་དུ་སྦྱོང་བའི་སློབ་མ་བསྡུས་ནས་ལོ་ཙཱའི་གཞུང་ལུགས་དང་ཐ་སྙད་ཤེས་བྱ། ཐབས་རྩལ་སོགས་འཁྲིད་པའི་ཁར་ལག་ལེན་ལ་དངོས་སུ་གཞོལ་ཏེ་རྣག་ཐོག་འབིག་གིས་གཙགས་པ་བཞིན་སྐྱོན་འདོན་དང་ཆོས་ཉིད་རང་བཞིན་གྱི་གནད་དོན་ཕྱོགས་སྡོམ་བྱས་ཏེ་གཞུང་ལུགས་ཀྱི་མ་རྐང་དང་ལག་ལེན་གྱི་ཉམས་མྱོང་གིས་ཕྱུག་པར་བྱས་ཚེ། གཞི་ནས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་འདུན་ལ་འཚམ་པའི་འཇོན་མི་གསོ་སྐྱོང་ཐུབ་པའི་ཁར་སྤྱི་ཚོགས་ཀྱི་སྣེ་འདྲེན་ཡང་ཡོངས་སུ་ཐུབ་བོ། །
གསུམ་པ། ལོ་ཙཱ་པའི་མཐུན་ཚོགས་གསར་འཛུགས་དང་ལོ་ཙཱ་ཞིབ་འཇུག་གི་དུས་དེབ་གསར་འདོན་བྱ་དགོས་པ།
ནུབ་ཕྱོགས་སུ་དེང་དུས་ཀྱི་ཁུགས་སོ་རུ་བསླེབས་པ་ན་རྒྱལ་ཁབ་སོ་སོའི་ལོ་ཙཱ་པ་རྣམས་རྩ་འཛུགས་བྱས་ནས་ལོ་ཙཱ་པའི་མཐུན་ཚོགས་སྣ་ཚོགས་བཙུགས་ཤིང་ལོ་ཙཱའི་དུས་དེབ་སྣ་ཚོགས་བཏོན་པ་དང་། མཐུན་ཚོགས་སོ་སོར་རང་ཉིད་ཀྱི་གསར་སྒྲུབ་དགོངས་གཞི་དང་དམིགས་ཡུལ་ལྡན་པས་ལས་དོན་བདེ་ལེགས་ངང་སྤེལ་བར་ཕན་བསྐྱེད་ཆེ།ཚོགས་པ་ཐུན་མོང་གི་སྟོབས་ཤུགས་ནི་མི་སྒེར་དང་བསྡུར་ཚེ་སྟོབས་ཤུགས་ཆེན་པོ་ལྡན་ཞིང་། ལོ་ཙཱའི་འཕྲིན་ལས་རྒྱ་ཆེར་སྤེལ་བ་ལའང་དེ་མཚུངས་ཀྱི་སྟེགས་བུ་རྒྱ་ཆེན་པོ་འཛོམ་དགོས། དེ་ཡང་ནུབ་ཕྱོགས་དེང་རབས་ལ་མཚོན་ན་ལོ་ཙཱ་དང་འབྲེལ་བའི་མཐུན་ཚོགས་ཤིན་ཏུ་མང་པོ་བཙུགས་ཡོད་པ་མ་ཟད་ལོ་ཙཱར་འབྲེལ་བའི་དུས་དེབ་ཀྱང་ཤིན་ཏུ་མང་པོ་ཞིག་བཏོན་ཡོད་པ་དེས་ལོ་ཙཱའི་བྱ་གཞག་གོང་དུ་འཕེལ་བ་ལ་གཞན་དྲིང་མི་འཇོག་པའི་བྱས་རྗེས་བཞག་ཡོད། སྤྱིར་ད་ལྟའི་རྒྱ་བོད་ལོ་ཙཱ་ལ་ཡང་ཆེ་ཕྱོགས་ནས་ཀྲུང་གོའི་ལོ་ཙཱ་པའི་མཐུན་ཚོགས་དང་མཚོ་སྔོན་ཞིང་ཆེན་ལོ་ཙཱ་པའི་མཐུན་ཚོགས་སོགས་མཐུན་ཚོགས་དང་། 《ཀྲུང་གོའི་ལོ་ཙཱ》སོགས་དུས་དེབ་རེ་འགའ་ཡོད་ཀྱང་། རྒྱ་བོད་ལོ་ཙཱ་དང་བོད་རྒྱ་ལོ་ཙཱ་ལ་ཆེད་དུ་དམིགས་པའི་མཐུན་ཚོགས་དང་དུས་དེབ་ཤིན་ཏུ་ཉུང་བས། དེ་མཐུན་གྱི་དམིགས་སྒོ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་མཐུན་ཚོགས་སྣ་མང་གཟུག་དགོས་པ་མ་ཟད་ལོ་ཙཱའི་གནས་ཚུལ་དང་གསར་འགྱུར། ལོ་ཙཱའི་གཞུང་ལུགས་འོས་སྦྱོར། ལོ་ཙཱའི་གནད་དོན་སོགས་འཁོད་པའི་དུས་དེབ་ཀྱང་སྣ་མང་འདོན་དགོས་པ་ཡིན། སྔོན་ཆད《ལོ་ཙཱ་གླིང》དང་།《ཀློག་པ་པོ》སོགས་ལོ་ཙཱར་འབྲེལ་བའི་དུས་དེབ་རེ་འགའ་བཏོན་པ་དེས་དར་ཅིག་གི་རིང་ལོ་ཙཱ་ལ་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡང་། རྒྱུ་རྐྱེན་དུ་མའི་དབང་གིས་མུ་མཐུད་དུ་གཉེར་མ་ཐུབ་པ་ནི་ཡིད་ཕངས་དགོས་པའི་གནས་སུ་འཁུམས་ཤིང་མ་འོངས་པར་སྐལ་བ་ལྡན་ཚེ་དེ་
འདྲའི་དུས་དེབ་སྣ་ཚོགས་ཇེ་མང་དུ་བཏོན་ན་དེང་གི་རྒྱ་བོད་ལོ་ཙཱ་ཡར་ལྡན་དུ་འཕེལ་བའི་གསོས་སྨན་དུ་འགྱུར། དེ་ཡང་ནུབ་ཕྱོགས་ཀྱི་སྐད་བརྡ་མཁས་པ་ཞིག་གིས་བསྡོམས་རྩིས་བླངས་པ་ལྟར་ན་དུས་སྐབས་དེར་དུས་དེབ་བརྒྱད་ཁྲི་ལྷག་ལྡན་པ་དེ་ལས་བསམ་གཞིག་བཏང་ཚེ། རང་ཅག་ལ་དེ་འདྲའི་སྟེགས་བུ་དང་ཁོར་ཡུག་ཡེ་ནས་ཆགས་མེད་པར་རྗེས་ལུས་ཐེབས་འདུག་པས་ཤུགས་སྣོན་དང་འབད་འབུངས་བྱ་དགོས་པའི་གནས་ཁོ་ན་ཉིད་དོ། །
བཞི་པ། འཕྲུལ་ཆས་ལོ་ཙཱའི་རམ་འདེགས་ལ་བརྟེན་དགོས་པ།
མི་ལོ་ཉིས་སྟོང་ལྷག་གི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་སྲོལ་རྒྱུན་ལོ་ཙཱའི་སྒྱུར་ཐབས་ནི་ལག་རྩལ་ཐད་ནས་ངོ་བོའི་འགྱུར་ལྡོག་ཅི་ཡང་བྱུང་མེད་པར། སྐད་རིགས་གཉིས་བར་གྱི་བརྗེ་སྒྱུར་ནི་སྔར་བཞིན་ངེས་པར་དུ་མིའི་ཀླད་ཤུགས་ཀྱི་རྩལ་ལ་བརྟེན་དགོས་མོད། འོན་ཀྱང་རྒྱལ་སྤྱིའི་བར་ཚན་རིག་དང་རིག་གནས་བརྗེ་རེས་ཉིན་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས་སྐད་དང་ཡི་གེའི་རྒྱུ་ཆ་རི་ལྟར་སྤུངས་པས་མིའི་ཀླད་ཤུགས་ལོ་ཙཱ་ཁོ་ནར་བརྟེན་ནས་རྒྱལ་སྤྱིའི་དགོས་མཁོ་དུས་ཐོག་ཏུ་ཚིམ་པར་བྱེད་མི་ཐུབ། དེར་བརྟེན་སྲོལ་རྒྱུན་གྱི་ལག་ཐབས་ལ་བརྟེན་པའི་ལོ་ཙཱ་ཡིས་དུས་རབས་ཀྱི་འགྲན་རྩོད་གདོང་གིས་བསུས་ཤིང་འཕྲུལ་ཆས་ལོ་ཙཱ་ཡང་དེ་དང་བསྟུན་ནས་རིམ་གྱིས་བྱུང་། 1933ལོར་ཨ་སྡོད་ཧྥ་རན་སིའི་ཚན་རིག་པ་ཆོ་ཀྲི•ཨ་ཨེར་ཁྲུའུ་ཉི་ཡིས་འཕྲུལ་ཆས་སྤྱད་ནས་སྐད་བརྡ་ལོ་ཙཱ་བྱེད་པའི་དྲན་ཚུལ་བཏོན་པ་མ་ཟད་ལོ་ཙཱའི་འཕྲུལ་ཆས་ཤིག་ཀྱང་གསར་གཏོད་བྱས། ལོ་དེར་ད་དུང་སུའུ་ལེན་གྱི་གསར་གཏོད་པ་ཆི་སྨི་ཨེར་ནུའོ་ཧྥུ•ཐེ་ལུའོ་དབྱང་སི་ཅི་ཡིས་འཕྲུལ་ཆས་ཀྱིས་རང་འགུལ་ངང་ལོ་ཙཱ་བྱེད་པའི་བསམ་ཚུལ་བཏོན་པ་མ་ཟད་སྔ་ཕྱིར་གློག་ཤུགས་ལོ་ཙཱའི་འཕྲུལ་ཆས་དང་གློག་རྡུལ་ལོ་ཙཱའི་འཕྲུལ་ཆས་གསར་གཏོད་བྱས་པ་སོགས་འཕྲུལ་ཆས་ལོ་ཙཱ་ཡི་དབུ་ནི་སྔ་མོ་ནས་བརྩམས་ཟིན་ཀྱང་། ངེས་པ་དོན་གྱི་རང་འགུལ་ལོ་ཙཱའི་འཕྲུལ་ཆས་ནི1946ལོར་ཕེན་སེ་ཧྥ་ཉི་ཡ་སློབ་ཆེན་གྱི་ཨའེ་ཁོ་ཐེ་དང་མོ་ཆི་ལི་གཉིས་ཀྱིས་འཕྲུལ་སྒྱུར་མ་ལག་ཁྲོད་དུ་རྩིས་འཁོར་སྤྱད་པ་དེས་གཞི་ནས་འཕྲུལ་ཆས་ལོ་ཙཱ་དང་འཕྲུལ་ཆས་ལོ་ཙཱའི་ཞིབ་འཇུག་གི་སྒོ་འཕར་ཡངས་པར་ཕྱེ་བ་ཡིན་ནོ། ། དེ་ཡང་ནུབ་ཕྱོགས་འཕྲུལ་ཆས་ལོ་ཙཱའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཤུགས་རྐྱེན་ཆེས་ཆེ་བ་ནི་ཨ་རིའི་ཝེ་ཧྥུ་ཡིན། ཁོང་དང་པུའུ་སི་གཉིས་ཀྱིས་འཕྲུལ་ཆས་ལོ་ཙཱའི་སྐོར་གྱི་གཞུང་ལུགས་གནད་དོན་ཞིབ་བརྗོད་བྱས་པའི་ཁ་བྱང་ལ《ལོ་ཙཱ》ཟེར་བའི་བརྗེད་བྱང་ཞིག་སྤེལ་ཡོད་པ་དེས་ནུབ་ཕྱོགས་རྒྱལ་ཁབ་སོ་སོར་ཤུགས་རྐྱེན་རྒྱ་ཆེན་པོ་ཐེབས།
དུས་སྐབས་གསར་བར་སླེབས་པ་ན་སྲོལ་རྒྱུན་གྱི་མིའི་ཀླད་ཤུགས་ལ་བརྟེན་པའི་ལོ་ཙཱ་ཡིས་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་མཐུན་པའི་ལོ་ཙཱའི་དགོས་མཁོ་ཚིམ་པར་བྱེད་མ་ནུས་པར། སྔ་ཕྱིར་གློག་ཤུགས་ལོ་ཙཱའི་འཕྲུལ་ཆས་དང་གློག་རྡུལ་ལོ་ཙཱའི་འཕྲུལ་ཆས་སོགས་གསར་གཏོད་བྱས་ཏེ་འཕྲུལ་ཤུགས་ལ་བརྟེན་ནས་རང་འགུལ་གྱིས་ལོ་ཙཱ་བྱེད་པའི་མགོ་ཡོངས་སུ་ཚུགས་པ་མ་ཟད། ད་དུང་རིམ་པ་བཞིན་འཐུས་སྒོ་ཇེ་ཚང་དང་རྣམ་པ་ཇེ་ལེགས་སུ་བཏང་སྟེ་ཡར་རྒྱས་ཆེན་པོ་ཕྱིན། དེ་དང་བསྡུར་ན་འུ་ཅག་གིས་ད་ལྟའི་ཚན་རིག་དར་བའི་དུས་རབས་འདི་ལ་ད་དུང་ཆོས་ཉིད་ཕྱོགས་སྡོམ་གྱི་རྨང་གཞིའི་སྟེང་ཚན་རིག་གི་ཐབས་ལ་བརྟེན་ནས་འཕྲུལ་ཆས་ལོ་ཙཱ་ཕྱོགས་ཡོངས་ནས་སྤེལ་ཐུབ་བཞིན་མེད་པ་ནི།རྗེས་ལུས་ཐེབས་པའི་རྣམ་པ་ཞིག་ཡིན་ཞིང་ཉེན་ཁ་ལྷགས་པའི་གནད་དོན་ཞིག་ཀྱང་ཡིན་པས། འདིའི་ཕྱོགས་སུ་རྩ་འཛུགས་དང་འཆར་གཞི་ལྡན་པའི་སྒོ་ནས་ཤུགས་སྣོན་གང་ལེགས་མཛད་དགོས་པ་དང་གཞན་གྱི་ལེགས་པའི་ཆ་རྣམས་སློབ་སྦྱོང་དང་ནང་འདྲེན་བྱེད་པར་རིགས། དེ་ཡང་ད་ལྟའི་སྐབས་སུ་འཕྲུལ་སྒྱུར་ཐུབ་པའི་མཉེན་ཆས་རེ་འགའ་ཞིག་མཆིས་ན་ཡང་དེ་ནི་མ་ལག་ཚང་བ་དང་འཐུས་སྒོ་ཚང་བ། དབང་ཟིལ་ལྡན་པ་ཞིག་མ་ཡིན་པར། ཡི་གེའི་གཟུགས་ཙམ་བསྒྱུར་བ་ལས་བོད་ཡིག་གི་ཆོས་ཉིད་ངོ་མ་དང་མཚོན་སྟངས་ངོ་མ་ཐོན་རྒྱུ་ད་དུང་ཡང་ཤིན་ཏུ་དཀའ་བས། གཅིག་ནས་ཚན་རིག་ལག་རྩལ་དང་སྐད་བརྡའི་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། གཉིས་ནས་འཕྲུལ་ཆས་ལོ་ཙཱའི་སློབ་གཉེར་པ་མངགས་ཏེ་འཇོན་མི་སྐྱེད་སྲིང་བྱེད་དགོས་པ། གསུམ་ནས་འཕྲུལ་ཆས་ལོ་ཙཱའི་གཞུང་ལུགས་སྣ་ཚོགས་སྒྱུར་སྤེལ་སྒོས་ནང་འདྲེན་བགྱི་དགོས་པ། བཞི་ནས་འཕྲུལ་ཆས་ལོ་ཙཱའི་ལག་ཐབས་ཉེར་སྤྱོད་ཐུབ་པའི་སྟེགས་བུ་བསྐྲུན་དགོས་པ། ལྔ་ནས་འཕྲུལ་ཆས་ལོ་ཙཱའི་སྐོར་གྱི་བགྲོ་གླེང་དང་འཆད་ཁྲིད་ཅི་མང་སྤེལ་དགོས་པ། དྲུག་ནས་འཕྲུལ་ཆས་ལོ་ཙཱའི་གནད་དོན་ལ་ཞིབ་འཇུག་སྒོས་མཐའ་དཔྱོད་སྤེལ་དགོས་པ། བདུན་ནས་འཕྲུལ་ཆས་ལོ་ཙཱ་ཡི་ཚིག་མཛོད་བསྐྲུན་དགོས་པ། བརྒྱད་ནས་འཕྲུལ་ཆས་ལོ་ཙཱའི་ཞུ་དག་གི་ལས་རིམ་ཆ་ཚང་ཞིག་འདོན་དགོས་པ། དགུ་ནས་འཕྲུལ་ཆས་ལོ་ཙཱའི་སྐད་རྒྱུའི་མཛོད་དང་བརྡ་ཆད་མཛོད་འཛུགས་དགོས་པ། བཅུ་ནས་འཕྲུལ་ཆས་ལོ་ཙཱའི་གསར་སྤེལ་ལ་མ་དངུལ་གྱི་རོགས་འདེགས་བྱ་དགོས་པ་བཅས་ནི་འཕྲུལ་ཆས་ལོ་ཙཱ་གཉེར་བའི་ལས་རིམ་གྱི་གནད་གཙོ་བོ་ཡིན་སྙམ།
ལྔ་པ། ལོ་ཙཱའི་ཆེད་དེབ་རྩོམ་པ་ལ་ཤ་ཐང་རུས་ཐང་གིས་འབད་དགོས་པ།
འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་སུ་ལོ་ཙཱའི་ལས་དོན་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཀྱི་མཐོ་རླབས་གསར་བ་ཞིག་བྱུང་བ་དང་། ལོ་ཙཱའི་ལག་ལེན་གྱི་བྱེད་སྒོ་གཞི་ཁྱོན་ཆེན་པོས་སྤེལ་བས་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅིང་། ལོ་ཙཱའི་གནད་དོན་སྐོར་གྱི་ཆེད་རྩོམ་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་གྱུར་པས། ལོ་ཙཱའི་སྡེ་རུ་ཡང་སྔོན་ཆད་ནང་བཞིན་རྩོམ་ཐར་ཐོར་རེ་དང་མགོ་རྔ་མི་ཚང་བའི་སྔོན་གླེང་ཁ་ཤས་སྤེལ་བ་ཙམ་ཞིག་མ་ཡིན་པར། གཞུང་ལུགས་མཁན་རྣམ་པས་ལོ་ཙཱ་མཐུན་ཚོགས་སོགས་སྟེགས་བུ་རུ་བྱས་ནས་དཔྱད་རྩོམ་འབོར་ཆེན་སྤེལ་ཅིང་རང་གི་ལྟ་ཚུལ་བཏོན་ནས་བསམ་བློ་བརྗེ་རེས་བྱས་འདུག་པར་རྗེས་སུ་ཡི་རང་བྱེད་འོས།“དུས་རབས་ཕྱེད་ལྷག་རིང་གི་ནུབ་ཕྱོགས་རྒྱལ་ཁབ་སོ་སོས་པར་སྐྲུན་བྱས་པའི་ལོ་ཙཱའི་ཞིབ་འཇུག་ཆེད་རྩོམ་དང་དཔྱད་རྩོམ་ནི་ཁྲི་ཕྲག་ལ་བུད་ཅིང་། དེའི་ཁྲོད་དུ་སྤྱིར་བཏང་ལོ་ཙཱའི་གཞུང་ལུགས་ཡོད་ལ་བྱེ་བྲག་ལོ་ཙཱའི་ཐབས་རྩལ་ཡོད་པ་དང་། ལོ་ཙཱའི་བཀོལ་སྤྱོད་སྤྱི་བཤད་ཡོད་ལ་ཡིག་སྒྱུར་དང་ངག་སྒྱུར། སྨྱན་བྱེད་ལོ་ཙཱའི་ཆེད་རྩོམ་ཡང་ཡོད། རྩོམ་རིག་ལོ་ཙཱ་གླེང་བ་ཡོད་ལ་ཚན་རྩལ་དང་ཁྲིམས་ལུགས་ལོ་ཙཱ་གླེང་བ་ཡང་ཡོད། ལོ་ཙཱ་རིག་པའི་ཆེད་རྩོམ་ཡོད་ལ་ལོ་ཙཱའི་དངོས་གཉེར་མཛུབ་སྟོན་དང་ལོ་ཙཱའི་ལས་དོན་པའི་ལག་དེབ་ཀྱང་ཡོད། ལོ་ཙཱའི་བྱུང་འཕེལ་ཞིབ་འཇུག་ཡོད་ལ་འགྱུར་རྩོམ་ཞིབ་སྡུར་ཞིབ་འཇུག་ཀྱང་ཡོད་པ་མ་ཟད་ལོ་ཙཱའི་ཚིག་མཛོད་དང་ལོ་ཙཱའི་སློབ་དེབ་སོགས་ཀྱང་ཡོད།”① མདོར་ན་ལོ་ཙཱའི་གཞུང་ལུགས་ཞིབ་འཇུག་གི་ཆེད་རྩོམ་ཅི་མང་ཞིག་བྱུང་ཡོད་པ་མ་ཟད་ཆེད་རྩོམ་དེ་དག་ཀྱང་གཞན་གྱིས་ཞིབ་འཇུག་མ་བྱས་པ་དང་གཞན་གྱིས་འཚོལ་ཞིབ་མ་བྱས་པ། གཞན་གྱིས་ལྟ་བ་མ་བཏོན་པའི་གསར་བཤད་རྐྱང་བ་དང་གསར་དུ་ཞིབ་འཇུག་བྱས་པའི་འབྲས་བུ་ཤ་སྟག་རེད།
རང་ཅག་ལ་མཚོན་ན་སྔོན་ཆད་དང་ཅུང་མི་འདྲ་བར་ད་ལྟའི་ཆ་ལ་ལོ་ཙཱའི་སྐོར་གྱི་གཞུང་ལུགས་རྩོམ་སྒྱུར་དང་གནད་དོན་གསར་འདོན་སྒོས་དཔྱད་རྩོམ་སྤེལ་མཁན་ཇེ་མང་དུ་འགྲོ་བཞིན་མཆིས་ན་ཡང་།འཛམ་གླིང་སྤྱི་དང་རྒྱལ་ནང་གི་ལོ་ཙཱའི་བྱ་གཞག་འཕེལ་རྒྱས་ཀྱི་འགྲོས་ཚད་དང་ཞིབ་འཇུག་གི་ཆུ་ཚད་དང་བསྡུར་ན་ད་དུང་ཡང་མི་འདང་བའི་ཆ་ཤིན་ཏུ་མང་པོ་ཞིག་མཐོང་དུ་ཡོད་དེ། གཅིག་ནས་གཞུང་ལུགས་ཞིབ་འཇུག་གི་ཕྱོགས་སུ་རྩེ་གཅིག་ཏུ་གཞོལ་མཁན་མང་པོ་མེད་པར། ལས་ཞོར་ཙམ་དང་དགའ་ཕྱོགས་ཙམ་ལ་བརྟེན་པ་ལས་ཆེད་ལས་ཀྱི་ངོས་ཐད་ནས་ཞིབ་འཇུག་ཐུབ་མཁན་ཤིན་ཏུ་ཉུང་། གཉིས་ནས་འཛམ་གླིང་རིམ་པའི་གཞུང་ལུགས་ཀྱི་མཐོ་ཚད་ནས་ལོ་ཙཱར་ཞིབ་འཇུག་བྱེད་ཐུབ་མཁན་མེད་པར། ད་དུང་ཡང་ཟ་ཟུར་གྱི་ཁྱབ་ཁོངས་ཆུང་ངུ་ཙམ་གྱི་ཞིབ་འཇུག་ལ་འཇུས་འདུག གསུམ་ནས་གཞན་གྱི་གཞུང་ལུགས་ལ་སློབ་སྦྱོང་སྒོས་རང་གི་གཞུང་ལུགས་འཐུས་སྒོ་ཇེ་ཚང་དང་ལོ་པཎ་སྔ་མ་རྣམས་ཀྱི་ལྟ་དགོངས་ཕྱོགས་སྡོམ་སྒོས་གཞུང་ལུགས་ཀྱི་མཐོ་ཚད་ལ་བསྐྱལ་ཐུབ་བཞིན་མེད།བཞི་ནས་ལག་ལེན་ལ་གཞོལ་བའི་སྒྱུར་མཁན་ལོ་ཙཱ་པ་ཉུང་ཤས་དེ་དག་གིས་གཞུང་ལུགས་ལ་སྣང་མེད་དང་ཉམས་མྱོང་སྤྱི་སྡོམ་མ་བྱས་པས་གཞུང་ལུགས་དང་ལག་ལེན་ཡ་བྲལ་བར་གྱུར། ལྔ་ནས་ལོ་ཙཱའི་ལག་ལེན་ལ་ཉེ་བར་མཁོ་བའི་ཚིག་མཛོད་དང་སློབ་དེབ་སོགས་བསྒྲིགས་པ་ཤིན་ཏུ་ཉུང་བའམ་ཐ་ན་མེད་པའི་སྣང་ཚུལ་ཡོད་པ་སོགས་མདོར་ན་གནད་དོན་ཤིན་ཏུ་མང་པོ་ཞིག་མདུན་དུ་ལྷགས་ཡོད་པས། ནུབ་ཕྱོགས་རྒྱལ་ཁབ་དག་གི་ལོ་ཙཱའི་མཛད་འཕྲིན་ལ་དཔེ་ལེན་དང་མིག་ལྟོས་བྱས་ཏེ། རང་གི་མི་འདང་བའི་ཆ་ལ་ཁ་གསབ་དང་ཡར་རྒྱས་སུ་གཏོང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན། དེ་ཡང་དེང་གི་དུས་རབས་འདི་ལ་ཚན་རིག་ལག་རྩལ་གྱི་ཐབས་ཤེས་སོགས་ལ་བརྟེན་པ་སྟབས་ཤིན་ཏུ་བདེ་བས། མི་རིགས་གཞན་གྱི་སྔོན་ཐོན་གྱི་འབྲས་བུའི་ཉིང་བཅུད་ནང་འདྲེན་དང་སློབ་སྦྱོང་བྱེད་པར་སྟབས་བདེ་ཆེན་པོ་ཡོད་པའི་སྐབས་བབ་དང་བསྟུན་ནས་ལས་འདིའི་ཕྱོགས་སུ་རྣམ་དག་གིས་དོན་གཉེར་བྱེད་མཁན་ཤིན་ཏུ་མང་པོ་དགོས་སོ། །
མཇུག་བསྡུ་བ།
དུས་རབས་ཉི་ཤུ་པར་གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་ཀྱི་ཐོན་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དེས་ད་ལྟའི་རྒྱ་བོད་ལོ་ཙཱའི་ལས་སྒོ་རུ་འཇུག་པ་ལ་ཤུགས་རྐྱེན་ཐེབས་པ་དང་བསྟུན་ཏེ་མཐོང་སྣེ་སྔར་ལས་རྒྱ་བསྐྱེད་དེ་ཚན་རིག་དང་མཐུན་པའི་སྒོ་ནས། དཔེ་ལྟོས་དང་སློབ་སྦྱོང་བྱས་ཏེ། ལག་ལེན་དངོས་ཀྱི་སྐབས་སུ་ཕྱོགས་དེ་དག་གཙིགས་སུ་བཟུང་ནས་ལོ་ཙཱའི་གཞུང་ལུགས་འཛུགས་སྐྲུན་ལ་འབད་ཚེ་གྲུབ་འབྲས་ངོམ་དུ་རི་བ་ལོན་པར་གདོན་མི་ཟའོ། །
* རུ་མང་ཀླུ་མཁར་རྒྱལ། ཀྲུང་གོའི་མི་རིགས་ཡིག་སྒྱུར་ཅུས་བོད་ཡིག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
① 谭载喜.西方翻译简史(增订版)[M]北京:商务印书馆,2018年:158.