[གནད་བསྡུས] རྒྱ་བོད་མི་རིགས་ཕན་ཚུན་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་གཡར་མིང་མི་ཉུང་བ་ཞིག་བོད་ཡིག་ཏུ་བསྡུ་ལེན་བྱས་ཡོད། རྒྱུན་མཐོང་གི་རྣམ་པ་ལ་གཡར་མིང་ཆ་ཚང་དང་། ཕྱེད་གཡར་ཕྱེད་སྒྱུར། ཕྱེད་གཡར་ཕྱེད་འགྲེལ་བཅས་ཡོད་པ་ལས་གཞན། ད་དུང་མཆན་བཏབ་པ་དང་།ཁ་སྐོང་བྱེད་པ་སོགས་རྣམ་པ་གསར་བའང་མང་པོ་མཆིས། རྒྱའི་གཡར་མིང་ནང་འདྲེན་བྱས་ཏེ་བོད་ཀྱི་མིང་མཛོད་ཇེ་རྒྱས་ཇེ་ཕྱུག་ཏུ་བཏང་ཡོད་མོད། འོན་ཀྱང་སྐད་བརྡའི་འཕེལ་འགྱུར་ཁྲོད་གཡར་མིང་ལ་འགྱུར་ལྡོག་འབྱུང་སླ་བས། རང་རིགས་ཀྱིས་དང་ལེན་བྱས་པ་ཅན་དང་། དང་ལེན་མ་བྱས་པ་རིགས་གཉིས་འདུས། རྒྱ་བོད་ཡིག་སྒྱུར་ཁྲོད་གཡར་མིང་ལ་ཤན་ཤུགས་ཐེབས་པའི་རྒྱུ་རྐྱེན་དབྱེ་ཞིབ་བྱས་ན། གཡར་མིང་འཕེལ་འགྱུར་གྱི་རིམ་པ་གསེད་བཀྲོལ་བྱེད་ཐུབ་པ་དང་། གཡར་མིང་ཚད་ལྡན་དུ་གཏོང་བ་ལའང་དོན་སྙིང་ངེས་ཅན་ཞིག་ཡོད་པར་འདོད།
[གནད་ཚིག] རྒྱ་བོད་མི་རིགས། སྐད་བརྡ། གཡར་མིང་།
རྒྱ་བོད་མི་རིགས་འབྲེལ་འདྲིས་ཀྱི་ལོ་རྒྱུས་ཡོད་པ་ནས་བཟུང་སྐད་བརྡའི་བར་ཆབ་སྲིད་དང་། དཔལ་འབྱོར། ཆོས་ལུགས། རིག་གནས་སྣ་ཚོགས་འབྲེལ་འདྲིས་བྱས་པའི་ཕྱི་རྐྱེན་དང་། སྐད་བརྡ་ནང་ཁུལ་གྱི་འབྲེལ་གཏུག་དང་གྱེས་འདུས་སོགས་ནང་རྐྱེན་གང་མང་འཛོམས་པས། གཡར་མིང་མི་ཉུང་བ་ཞིག་བོད་ཡིག་ཁྲོད་དུ་ཡོད་ལ། བོད་ཀྱི་མིང་ཚིག་མང་པོའང་རྒྱ་ཡིག་ཁྲོད་དུ་གཡར་མིང་གི་ཚུལ་དུ་མཐོང་ཐུབ། དེ་ནི་ཕན་ཚུན་འབྲེལ་འདྲིས་ཀྱི་མཚོན་བྱ་ཞིག་ཡིན་ལ། རྒྱ་བོད་ཡིག་སྒྱུར་ཁྲོད་རྒྱུན་མཐོང་གི་གྲུབ་ཆ་ཞིག་ཀྱང་རེད།
དང་པོ། རྒྱ་བོད་ཡིག་སྒྱུར་ཁྲོད་ཀྱི་གཡར་མིང་།
“མི་རིགས་མི་འདྲ་བ་འབྲེལ་འདྲིས་བྱེད་སྐབས། ཆེས་སྔ་བའི་མིང་ནི་གཡར་མིང་རེད།”①ཅེས་པ་ལྟར། གཡར་མིང་ནི་སྐད་བརྡ་གཉིས་ཕན་ཚུན་ལོ་ཙཱ་བྱེད་པའི་སྐབས་སུ་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན།“ང་ཚོས་སྐད་ཆ་གཞན་པའི་ཁྲོད་ཀྱི་མིང་གི་སྒྲ་གདངས་དང་ནང་དོན་སོགས་ཚང་མ་ནང་འདྲེན་བྱེད་དུས། མིང་ཚིག་དེ་ལ་གཡར་མིང་ཟེར།”②ཞེས་པ་ལྟར། སྐད་བརྡ་གཉིས་འབྲེལ་འདྲིས་བྱེད་པའི་ཁྲོད་དུ། མི་རིགས་གཞན་པའི་བྱ་དངོས་ཤིག་གི་མཚོན་བྱའི་གོ་དོན་དེ་རང་སྐད་དུ་མེད་པས། བྱ་དངོས་དེ་ཐད་ཀར་སྒྲ་དོན་གྱི་སྟེང་ནས་གཡར་བ་ཡིན་ན་དེ་ལ་གཡར་མིང་ཞེས་ཟེར་བ་དང་། སྐད་བརྡ་གང་ཡིན་ཡང་མི་རིགས་གཞན་དང་འབྲེལ་འདྲིས་བྱས་ན་ཅིས་ཀྱང་འབྱུང་སྲིད་པའི་སྣང་ཚུལ་ཞིག་རེད། མི་རིགས་བར་འབྲེལ་འདྲིས་བྱེད་པའི་བརྒྱུད་རིམ་ཁྲོད། མི་རིགས་གཅིག་གིས་མི་རིགས་གཞན་གྱི་སྐད་ཡིག་ཁྲོད་དགོས་ངེས་ཀྱི་མིང་ཚིག“གཡར་བ”ནི། མི་རིགས་གཉིས་ཀྱི་སྐད་ཡིག་བར་འབྲེལ་འདྲིས་བྱེད་པའི་དགོས་མཁོ་སྐོང་བའི་ཐབས་ལམ་གལ་ཆེན་ཞིག་གོ །
གཅིག གཡར་མིང་འབྱུང་བའི་རྒྱུ་རྐྱེན།
རྒྱ་བོད་མི་རིགས་ལ་མཚོན་ན། ཕན་ཚུན་འདུས་སྡོད་ཀྱི་ས་གནས་ལ་ཁྱད་པར་ཡོད་པས། ས་གནས་སོ་སོ་རུ་གནས་པའི་རྩི་ཤིང་རིགས་དང་། སྨན་རིགས། གཏེར་རྫས་རིགས། རི་དྭགས་རིགས་སོགས་ཁྱད་པར་ཆེ་ཞིང་། ཆོས་ལུགས་དད་མོས་དང་། དཔལ་འབྱོར་འཚོ་བ། མི་ཆོས་རིག་གནས་སོགས་ཀྱང་རང་ཉིད་ཀྱི་ཁྱད་ཆོས་ལྡན་པས། ཐུན་མོང་མ་ཡིན་པའི་ཁོར་ཡུག་ཏུ་ཐུན་མོང་མ་ཡིན་པའི་རིག་གནས་གྲུབ་པ་དང་། ཐུན་མོང་མ་ཡིན་པའི་རིག་གནས་ལས་ཐུན་མོང་མ་ཡིན་པའི་སྐད་བརྡ་གྲུབ་ཡོད། མི་རིགས་གང་ཡིན་ནའང་མིང་དང་ཐ་སྙད་ནི་རང་གི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཡིན་ལ། རིག་གནས་དང་སྐད་ཡིག་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱི་ཚུལ་དུ་དམ་ཟབ་ཀྱིས་འབྲེལ་ཏེ་རྟེན་འབྱུང་གི་ཚུལ་དུ་གནས་ཡོད།
དེ་བཞིན་མི་རིགས་གང་ཡིན་ཡང་། འདོད་རྒྱལ་གྱི་མིང་དང་རྗེས་གྲུབ་ཀྱི་མིང་གི་ཁྱད་པར་ཡོད་པར་མ་ཟད། ད་དུང་མི་རིགས་གཞན་པ་དང་འབྲེལ་འདྲིས་བྱས་པས། རང་གི་སྔར་ཡོད་མིང་ཚིག་དང་། གཞན་མི་རིགས་ལས་ནང་འདྲེན་བྱས་པའི་ཕྱི་རོལ་གྱི་མིང་ཚིག་ཀྱང་འདུས་ཡོད། གཡར་མིང་ནི་མི་རིགས་གཞན་པ་དང་འབྲེལ་འདྲིས་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། ཕན་ཚུན་འབྲེལ་འདྲིས་བྱེད་སྐབས་རིག་གནས་སྤེལ་རེས་ཀྱི་དགོས་མཁོ་ལྟར། རང་གི་རིག་གནས་ལས་འདའ་བའི་ནང་དོན་དེ་དོན་སྒྱུར་དང་།ཐད་སྒྱུར་སོགས་སྒྱུར་ཐབས་སྣ་ཚོགས་ལ་བརྟེན་པ་དང་།ཡང་ན་མིང་དང་ཐ་སྙད་ཐད་ཀར་སྒྲ་སྒྱུར་སོགས་བྱས་ཏེ་གཡར་མིང་གྲུབ་པའོ། ། དེ་བཞིན་རྒྱ་བོད་མི་རིགས་འབྲེལ་འདྲིས་བྱེད་པའི་ཁྲོད་དུ་རིག་གནས་རྒྱབ་ལྗོངས་མི་འདྲ་བས། རྒྱ་ཡིག་གི་གཡར་མིང་ནང་འདྲེན་བྱས་པ་བརྒྱུད་ནས་བོད་ཡིག་གིི་དོན་སྟོན་པའི་དགོས་མཁོ་ཁ་སྐོང་བྱེད་ཐུབ་པ་བྱུང་བ་རེད། དེ་ཡང་གཡར་མིང་ནི་རིག་གནས་འབྲེལ་འདྲིས་དང་ཁྱབ་སྤེལ་གྱི་སྣང་ཚུལ་ཞིག་ཡིན་ལ། རིག་གནས་གདོང་ཐུག་གི་དཔང་པོའང་རེད་ཅེས་བཤད་ཆོག
གཉིས། གཡར་མིང་གི་རྣམ་པ།
རྒྱ་བོད་ཡིག་སྒྱུར་ཁྲོད་གཡར་མིང་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་ནའང་། ནང་འདྲེན་བྱེད་སྐབས་གཙོ་བོ་སྒྲ་སྒྱུར་ཁོ་ནར་བརྟེན་པ་མ་ཡིན་ཏེ། སྒྱུར་ཐབས་སྣ་ཚོགས་ལ་བརྟེན་དགོས། རྣམ་པ་དུ་མ་ཡོད་དེ།
1. གཡར་མིང་ཆ་ཚང་། དཔེར་ན། བུག་སུག(苜蓿)ཅོག་ཙེ(桌子)། གི་ལིན(麒麟)ལྟ་བུའི་ཐ་སྙད་དེ་ཆ་ཚང་སྒྲ་སྒྱུར་བྱས་ཡོད།
2. ཕྱེད་གཡར་ཕྱེད་སྒྱུར། ཕྱེད་ཀ་སྒྲ་སྒྱུར་དང་ཕྱེད་ཀ་དོན་སྒྱུར་རམ། ཕྱེད་ཀ་སྒྲ་སྒྱུར་དང་ཕྱེད་ཀ་ཐད་སྒྱུར་གྱི་ཁྱད་པར་ཡོད་དེ། ཕྱེད་ཀ་སྒྲ་སྒྱུར་དང་ཕྱེད་ཀ་དོན་སྒྱུར་བྱས་པ་ལ་དཔེར་ན། ཐང་རྒྱལ་རབས(唐朝)། སུའུ་ཁུག(塑料袋)ལྟ་བུ། ཕྱེད་ཀ་སྒྲ་སྒྱུར་དང་ཕྱེད་ཀ་ཐད་སྒྱུར་བྱས་པ་ལ་དཔེར་ན། སྤྱི་ལེ(公里)ལྟ་བུ།
3. ཕྱེད་གཡར་ཕྱེད་འགྲེལ། དཔེར་ན། ཅིན་ཀང་རི་བོ(井冈山)། ནོན་ཀྲི་ལུང་བ(暖治沟)། ཧྲན་ཞི་ཞིང་ཆེན(山西省)ལྟ་བུ།“མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག”①ཅེས་པ་ལྟར། གཡར་མིང་གི་སྔོན་དུ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་པ་སྒྱུར་ཐབས་སྤྱད་པ། དེ་གསུམ་པོ་ནི་རྒྱུན་མཐོང་གི་རྣམ་པ་ཡིན་ནའང་། ད་ལྟ་གཡར་མིང་གི་རྣམ་པ་གསར་བའང་ཇེ་མང་དུ་འགྲོ་བཞིན་ཡོད་པར་འདོད། དཔེར་ན། གཡར་མིང་ལ་མཆན་བཏབ་པ། དེ་ནི་རྩོམ་རིག་ཁྲོད་རྒྱུན་མཐོང་གི་རྣམ་པ་ཞིག་ཡིན་ཞིང་། གཡར་མིང་དེ་སྒྲ་སྒྱུར་བྱས་རྗེས། འོག་མཆན་དུ་གཡར་མིང་དེ་སྟོན་པའི་བརྗོད་དོན་དང་མཚོན་པའི་རིག་གནས་རྒྱབ་ལྗོངས་རྣམས་འགྲེལ་བཤད་བྱེད་པ་ལའང་། གཡར་མིང་སྒྲ་སྒྱུར་བྱས་རྗེས་ཁ་སྐོང་ནང་དུ་རྒྱ་ཡིག་བྲིས་ཡོད། དེ་ནི་རིག་གཞུང་རྩོམ་རིག་ལས་མཐོང་རྒྱུ་མང་སྟེ། རྒྱ་ཡིག་གི་སྒྲ་དང་དོན་གཡར་བར་མ་ཟད། ཡི་གེའི་གཟུགས་ཀྱང་གཡར་སྤྱོད་བྱེད་པའི་རྣམ་པ་ཡོད།
གཉིས་པ། གཡར་མིང་གི་ལོ་རྒྱུས་འཕེལ་རིམ།
ལོ་རྒྱུས་ཀྱི་འཕྲེད་ཕྱོགས་ནས་བཤད་ན། མི་རིགས་གཉིས་འབྲེལ་འདྲིས་ཀྱི་ལོ་རྒྱུས་ཅི་ཙམ་རིང་ན། གཡར་མིང་དེ་ཙམ་མང་བ་རེད། ཀུན་གྱིས་ཤེས་གསལ་ལྟར། བོད་ཀྱི་ལོ་རྒྱུས་སྟེང་མི་རིགས་གཞན་པའི་རིག་གནས་ཤུགས་ཆེན་གྱིས་ནང་འདྲེན་བྱས་པ་ཐེངས་གཉིས་ཡོད་དེ། རིག་གནས་འབྲེལ་འདྲིས་བྱས་པ་དེ་ལས་གཡར་མིང་མི་ཉུང་བ་ཞིག་བོད་ལ་ནང་འདྲེན་བྱས་ཡོད།
ཐེངས་དང་པོ་ནི་རྒྱ་གར་གྱི་རིག་གནས་ལས་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱས་པ་དེ་རེད། བཙན་པོ་སྲོང་བཙན་སྒམ་པོས་ཐོན་མི་སོགས་རྒྱ་གར་ལ་མངགས་ཏེ། རྒྱ་གར་གྱི་རིག་གནས་དང་སྐད་བརྡ་བསླབས་ཤིང་བོད་ཡིག་གསར་གཏོད་ཀྱི་མཐུན་རྐྱེན་བཟོས་པར་མ་ཟད་། ད་དུང་རིམ་བཞིན་ལེགས་སྦྱར་སྐད་ལས་སངས་རྒྱས་ཆོས་ལུགས་ནང་འདྲེན་བྱེད་ཆེད། རྒྱ་གར་གྱི་བསྟན་བཅོས་མང་པོ་བོད་ལ་བསྒྱུར་ཏེ། སངས་རྒྱས་ཆོས་ལུགས་ཀྱི་མིང་བརྡ་མང་པོ་དོན་སྒྱུར་གྱིས་བོད་ལ་ནང་འདྲེན་བྱས། སི་ཏུ་དང་། བེེ་ཌྰུར། པཎྜི་ཏ། ལོ་ཙཱ། ནེ་ཙོ་སོགས་ལྟ་བུའི་གཡར་མིང་མི་ཉུང་བ་ཞིག་ཀྱང་བོད་དུ་གཡར་སྤྱོད་བྱས་ཏེ་བོད་ཀྱི་མིང་མཛོད་ཇེ་རྒྱས་དང་ཇེ་ཕྱུག་ཏུ་བཏང་། དེ་བས་མི་རིགས་གཞན་པའི་སྐད་ཡིག་ཁྲོད་མིང་དང་ཐ་སྙད་འོས་འཚམ་གྱིས་གཡར་སྤྱོད་བྱས་ན་རང་གིི་སྐད་ཡིག་ཕུན་སུམ་ཚོགས་པ་དང་ཁ་གསབ་ཀྱི་ནུས་པ་ཐོན་པ་དང་། ཐ་སྙད་སྤེལ་རེས་ཀྱི་ནུས་པའང་ཐོན་ཐུབ། གཡར་སྤྱོད་བྱེད་པའི་བརྒྱུད་རིམ་ནི་དོན་དངོས་ཐོག་རིག་གནས་སྤེལ་རེས་ཀྱི་བརྒྱུད་རིམ་ཞིག་རེད།
ཐེངས་གཉིས་པ་ནི་རྒྱ་ཡིག་ལས་ཆབ་སྲིད་ཀྱི་གཞུང་ལུགས་གཙོ་བོར་བཟུང་བའི་མིང་ཚིག་ནང་འདྲེན་བྱས་པ་དེ་ཡིན། སྤྱིར་རྒྱ་བོད་མི་རིགས་འབྲེལ་འདྲིས་ཀྱི་ལོ་རྒྱུས་ཧ་ཅང་རིང་བ་དང་། རགས་ཙམ་བཀར་ན་རིམ་པ་གསུམ་ཡོད་དེ།
1.ཐང་རྒྱལ་རབས་ནས་ཡོན་རྒྱལ་རབས་བར་གྱི་གཡར་མིང་སྟེ། དེ་ནི་རྒྱ་བོད་འབྲེལ་འདྲིས་ཀྱི་ཆེས་སྔ་བའི་དུས་སྐབས་ཤིག་ཡིན་ཞིང་། སྐབས་དེ་དུས་ཀྱི་གཡར་མིང་ནི། དཔེར་ན། རྩི་ཤིང་གི་རིགས་ཏེ། སྐེ་ཚེ(芥菜)། ལ་ཕུག(萝卜)ལྟ་བུ། དངོས་པོའི་རིགས། འཇབ་ཙེ(夹子,镊子)། པིར(毛笔)། པར(版)ལྟ་བུ། སྨན་གྱི་རིགས་ཏེ། གི་ཝང(牛黄)། ཧ་ཤིག(滑石)ལྟ་བུ། གོ་གནས་ཀྱི་མིང་། ཀོང་ཇོ(公主)། ལྟ་བུ། དོན་སྤྱི་ཅན་གྱི་མིང་།གུར(朝代,国)། སྤར་ཁ(八卦)། གྱ(甲)ཡི(乙)པིང(丙)ཏིང(丁)ལྟ་བུ།① རིག་གནས་གཞན་དག་ཁྲོད་ཀྱི་མིང་ཚིག་ཁྱད་པར་བ་བསྡུ་ལེན་བྱས་པ་ནི་རང་གི་རིག་གནས་མིང་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་ལག་ལེན་ཞིག་ཡིན་པའང་མཚོན་ཡོད།
2.ཡོན་རྒྱལ་རབས་ནས་ཀྲུང་གོ་གསར་བ་བཙུགས་པའི་བར་གྱི་གཡར་མིང་ནི། དཔེར་ན། རྩི་ཤིང་གི་རིགས་ཏེ། ཨུ་སུ(胡荽)། ཕུ་གུང་ཡིང(蒲公英)། སུ་མི(粟米)།སིན་པི་ཏོག(辛夷花)། ཟས་ཀྱི་རིགས། ལ་ཙེ(辣子)། ཅང་ཀོའོ་རྩེ(酱瓜子)། པ་ཙེ( 白菜)། པེ་ཙེ(荸荠)།ལི་ཙེ(李子)། མོག་མོག (馍馍)ལྟ་བུ། སྨན་གྱི་རིགས་ལ། དང་ཀུན(当归)། ཧོར་ལུན(胡莲)། པུ་བི་ཙི(五倍子)། ཏི་གུ་ཕི(地骨皮)། གྲུང་རུ་ཤི(钟乳石)ལྟ་བུ། དངོས་པོའི་མིང་ལ། མུ་ཙེ(缦子)། དར་ལིང(绫) ལྟ་བུ། ད་དུང་། ཆིན་རྒྱལ་རབས(清朝)། ཧྥུན་ཧྭང(凤凰)། ཡ་ཙེ(鸭子)སོགས་མང་ངོ་། ། གཡར་མིང་ཇེ་མང་དུ་སོང་བ་ལས་སྐད་བརྡའི་འཕེལ་རྒྱས་ཀྱི་གནས་ཚུལ་རྟོགས་ཐུབ་ལ། མིང་དང་ཐ་སྙད་དེ་དག་གཡར་སྤྱོད་བྱེད་པ་ནི་སྐབས་དེ་དུས་རྒྱ་བོད་མི་རིགས་ལོ་ཙཱའི་དགོས་མཁོ་མཚོན་ཡོད་ལ། འབྲེལ་འདྲིས་བྱེད་པའི་ཁ་ཕྱོགས་ཀྱང་མཚོན་ཡོད།
3.ཀྲུང་གོ་གསར་བ་བཙུགས་ཚུན་གྱི་གཡར་མིང་།
ཀྲུང་གོ་གསར་བ་བཙུགས་རྗེས་རྒྱ་བོད་མི་རིགས་འབྲེལ་འདྲིས་བྱེད་པའི་དུས་སྐབས་གསར་བ་ཞིག་ཏུ་སླེབས་ཡོད་དེ། ཆབ་སྲིད་དང་། དཔལ་འབྱོར། ཚན་རིག་ལག་རྩལ་བཅས་རིག་གནས་གསར་བའི་མིང་ཚིག་གང་མང་བོད་ཡིག་ལ་བསྒྱུར་པ་དང་། མིང་དང་ཐ་སྙད་དེ་དག་བོད་ཡིག་ཏུ་བསྒྱུར་བའི་ཐབས་ལམ་གཙོ་བོའི་ཁྲོད་མིང་ཚིག་གཡར་སྤྱོད་བྱེད་པ་མང་པོ་མཆིས། རྒྱ་བོད་སྐད་བརྡ་ཕན་ཚུན་ལ་ཤན་ཤུགས་ཟབ་མོ་ཐེབས་པ་དང་། ཕན་ཚུན་གྱི་སྐད་བརྡའི་ནང་དུའང་མིང་དང་ཐ་སྙད་མི་ཉུང་བ་ཞིག་གཡར་སྤྱོད་བྱེད་བཞིན་ཡོད་དེ། དཔེར་ན།
ཀྲུང་གོ་གསར་བ་བཙུགས་རྗེས་ལོ་རབས་ལྔ་བཅུའི་ནང་བྱུང་བའི་རྒྱ་ཡིག་གི་གཡར་མིང་ནི་གཤམ་གྱི་རེའུ་མིག་ལས་ཤེས་ཐུབ།①དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནང་གི་གཡར་མིང་ལ་དཔེ་བཞག་ན། སྐབས་དེ་དུས་གསར་བྱུང་གི་མིང་བརྡ་ཕལ་ཆེར་སྒྲ་སྒྱུར་བྱས་ཡོད་པ་ཤེས་ཐུབ། གཡར་མིང་དེ་དག་ལས་ཆབ་སྲིད་ཀྱི་མིང་བརྡ་ནི་རྒྱུན་འབྱམས་སུ་སོང་བས་ད་ལྟའང་སྤྱོད་བཞིན་ཡོད་པ་མཐོང་མོད། འོན་ཀྱང་ཚན་རྩལ་གྱི་གཡར་མིང་ནི་སྐབས་དེར་གཡར་སྤྱོད་བྱས་ནའང་། རྗེས་སུ་རིམ་བཞིན་ཉམས་དམུས་སུ་སོང་སྟེ། དོན་སྒྱུར་གྱི་མིང་དང་ཐད་སྒྱུར་གྱི་མིང་གིས་ཚབ་བྱས་ཡོད། གཡར་མིང་ནི་སྐད་རིགས་གཞན་ཞིག་ལ་སྔོན་ནས་ཡོད་པའམ་གསར་དུ་བྱུང་བའི་མིང་ཚིག་དེ་སྐད་རིགས་འདི་ལ་དེ་འདྲའི་འོས་འཚམ་གྱི་མིང་ཚིག་ཐད་ཀར་མ་བྱུང་བ་དང་དོན་སྒྱུར་བྱས་ན་བདེ་བོ་མི་འོང་བ་དག་ལ་གཞན་སྐད་ཀྱི་མིང་ཚིག་འོས་གཡར་བྱས་ཡོད།བཅིངས་འགྲོལ་རྗེས་ཀྱི་གཡར་མིང་དག་ལ་ཁྱད་ཆོས་དེ་མངོན་པར་གསལ།
མདོར་ན། གཡར་མིང་ལོ་རྒྱུས་འཕེལ་རིམ་ལས། རྒྱ་བོད་མི་རིགས་འབྲེལ་འདྲིས་ཅི་ཙམ་རིང་ན། གཡར་མིང་དེ་ཙམ་མང་བ་ཤེས་ཐུབ་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གཡར་མིང་དེ་དག་ད་ལྟའང་གཡར་སྤྱོད་བྱེད་པའི་མིང་བརྡ་ཡོད་པ་སྟེ། དཔེར་ན། གུང་ཁྲན་ཏང(共产党)། སྒྲོག་ཙེ (桌子)། ལ་ཕུག (萝卜)ལྟ་བུ་དང་། ད་ལྟ་གཡར་སྤྱོད་མི་བྱེད་པའི་མིང་བརྡ་སྟེ། དཔེར་ན། ཧུའོ་ཅིའན(火箭)།
ཧུའན་ཏེང(幻灯)ལྟ་བུ་རིགས་གཉིས་ཡོད། དེ་ནི་སྐད་བརྡ་འཕེལ་འགྱུར་གྱི་འབྲས་བུ་ཡིན།
གསུམ་པ། དང་ལེན་བྱས་པའི་བརྒྱུད་རིམ།
གཞུང་ཕྱོགས་ནས་བཤད་ན། གཡར་མིང་དེ་ལོ་ཙཱ་བྱས་རྗེས། དང་ལེན་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་མངོན་སུམ་ལྡན་ཏེ།
གཅིག དང་ལེན་བྱས་པའི་ཁྱད་རྟགས།
གཡར་མིང་ཞིག་བོད་ཡིག་ཏུ་བསྒྱུར་རྗེས། མིང་བརྡ་དེ་དང་ལེན་བྱེད་པར་བརྒྱུད་རིམ་ཞིག་ཡོད་དེ། གཡར་མིང་གསར་དུ་བྱུང་བ་ནས། དེའི་གོ་དོན་གསལ་བོར་རྟོགས་པ་དང་། དེ་ནས་རིམ་བཞིན་དང་ལེན་བྱས་ཏེ་རྒྱུན་འབྱམས་སུ་སོང་བ་ལ་ཁྱད་རྟགས་འགའ་ཡོད་པར་འདོད།
1.གཡར་མིང་སྤྱོད་རྒྱ་ཆེ་བ། བོད་སྐད་དུ་གཡར་མིང་དེའི་གོ་དོན་གསལ་བོར་རྟོགས་པ་དང་། སྤྱོད་རྒྱ་ཆེ་བ་སོགས་ཁྱད་རྟགས་ལྡན་པས། མིང་གཞན་པ་དང་སྦྱར་ནས་མིང་གསར་བ་ཞིག་གྲུབ་ཐུབ་པ་ཡིན་ན། དེ་རྒྱུན་སྤྱོད་ཀྱི་གཡར་མིང་དུ་འགྱུར་ཐུབ། དཔེར་ན། པར་དང་པིར་ལྟ་བུ། པར་སྐྲུན། པར་འདེབས། པིར་མིང་། པིར་སྨྱུག་ལྟ་བུ། གཡར་མིང་དེའི་སྤྱོད་རྒྱ་ཇེ་ཆེ་རུ་སོང་བ་དང་བསྟུན་ནས་མིང་བརྡ་གཞན་གྱིས་ཚབ་བྱེད་མི་ཐུབ་པ་ལྟ་བུ།
2.འདོད་རྒྱལ་གྱི་གཡར་མིང་། རྒྱ་ཡིག་གི་དངོས་མིང་ངམ་འདོད་རྒྱལ་གྱི་མིང་དེ་གཡར་བ་ཡིན་ན། ཕལ་ཆེར་དང་ལེན་བྱེད་སླ་བ་ལྟ་བུར་སྣང་། དཔེར་ན། གནའ་རབས་ཀྱི་གཡར་མིང་སྟེ། ཇ(茶)དང་། སྐེ་ཚེ(芥菜)། ལན་ཀན(栏杆)སོགས་ལྟ་བུ། འདོད་རྒྱལ་གྱི་མིང་དེ་དག་བོད་ལ་བསྒྱུར་དུས། གཡར་མིང་དང་དངོས་པོ་གཉིས་ཟུང་འབྲེལ་གྱིས་ནང་འདྲེན་བྱས་པ་ཡིན་ངེས་ལ། བོད་མི་རིགས་ཀྱིས་དང་ལེན་བྱེད་སླ་བ་དང་། བོད་ཡིག་ཁྲོད་དུའང་ཡུན་རིང་དུ་བཀོལ་སྤྱོད་བྱས་ནས་ཀུན་གྱི་སྣང་ངོར་རྒྱུན་འབྱམས་སུ་གྱུར་ཏེ་འགྲེལ་མི་དགོས་པར་དོན་གོ་ཐུབ་ལ། རྒྱ་ཡིག་ནས་བསྒྱུར་བ་ཡིན་པའང་མི་ཤེས་པ་ལྟ་བུ།
3.མངོན་སུམ་གྱི་མཚོན་བྱེད་རང་བཞིན། གཡར་མིང་ལ་མངོན་སུམ་གྱི་མཚོན་བྱེད་རང་བཞིན་ཡོད་ན། རྒྱུན་འབྱམས་སུ་འགྲོ་སླ་བ་ཡིན་ཏེ། དཔེར་ན། གུང་ཁྲན་ཏང་། ཀྲུའུ་ཞི། ཙུང་ལི། ཧྲུའུ་ཅི། ཀྲི་པུའུ། ཡོན་ཀྲང་། ཧྲིན་ཀྲང་ནས་ཏོས་ཀྲང་སོགས“ཀྲང”མང་པོ་ལྟ་བུ། དམག་གི་ཅུན་ཀྲང་ནས་པན་ཀྲང་སོགས་གཡར་བས། སྐབས་བསྟུན་གྱིས་སྒྲ་བསྒྱུར་རམ་གཡར་མིང་བཀོལ་ན་ལྷག་པར་འཚམ་པར་འདོད། དེ་ཡང་ཚན་རྩལ་དང་འབྲེལ་བའི་གཡར་མིང་མང་པོ་ཞིག་རྒྱའི་ཡི་གེ་རུ་ཡང་ནུབ་ཕྱོགས་ནས་གཡར་བ་ཡོད་ལ། རྒྱ་ཡིག་ཁྲོད་དུའང་གསར་དུ་བཟོས་པ་མང་བས་བོད་ཡིག་ཏུ་མིང་ཚིག་གསར་བཟོ་བྱས་ཀྱང་མི་འགལ་ལ་དགེ་མཚན་ངེས་ཅན་ཡོད་པར་སེམས། དེ་བས་མིང་བརྡ་ཕན་ཚུན་གཡར་སྤྱོད་བྱེད་པ་ནི་སྤྱི་ཚོགས་དང་དུས་རབས་འཕེལ་རྒྱས་ཁྲོད་ལྡོག་མེད་ཀྱི་སྣང་ཚུལ་ཞིག་ཡིན་ལ། ལྷག་པར་དུ་རིག་གནས་ཀྱི་དོན་སྙིང་ཁྱད་པར་བ་མཚོན་པའི་ཐ་སྙད་དེ་དག་གཡར་སྤྱོད་བྱེད་པ་ནི་མི་རིགས་མི་འདྲ་བའི་བར་སློབ་སྦྱོང་དང་ངོས་ལེན་བྱེད་པའི་མཚོན་བྱེད་ཅིག་ཀྱང་ཡིན་ཞེས་བརྗོད་ཆོག།
གཉིས། དང་ལེན་མ་བྱས་པའི་རྒྱུ་རྐྱེན།
རྒྱ་བོད་ཡིག་སྒྱུར་ཁྲོད། རྒྱའི་གཡར་མིང་གི་ཟིན་བསྡུར་ཇེ་ཆེར་འགྲོ་བཞིན་ཡོད་ནའང་། གཡར་མིང་ནི་འགྱུར་ལྡོག་མེད་པར་ཡུན་ནས་ཡུན་དུ་གནས་ཐུབ་པ་ཞིག་མ་ཡིན་ཏེ།“གནའ་བོའི་ཡིག་ཚང་དུ་རྒྱ་ཡིག་གི་གཡར་མིང་སྟོང་ཕྲག་དུ་མ་རྙེད་ཐུབ་ལ། ད་ལྟ་ད་དུང་གཡར་སྤྱོད་བྱེད་བཞིན་པ་ནི་འགའ་ཤས་མ་གཏོགས་མེད་པས། མིང་ཚིག་མང་ཤོས་སྐྱེ་སྟོབས་མེད་པས་འཇིག་སོང་བ་རེད།”①ཅེས་པ་ལྟར། གཡར་མིང་ནི་འགྱུར་ལྡོག་ཆེ་ཞིང་། གཡར་མིང་དེ་རྒྱ་ཡིག་ནས་ནང་འདྲེན་བྱས་ནའང་། སྐབས་བབ་ཀྱི་ལོ་ཙཱའི་དགོས་མཁོ་བསྐངས་ཡོད་པ་མ་གཏོགས། ངང་གིས་དང་ལེན་མ་བྱས་ན། འདོར་ལེན་བྱེད་སླ་བ་དང་། མིང་བརྡའི་སྐྱེ་སྟོབས་དེ་འདྲ་མེད་པས་ཡུན་རིང་མི་འགོར་བར་འཇིག་འགྲོ་བ་ཆོས་ཉིད་རེད། དེའི་རྒྱུ་རྐྱེན་ལ་དབྱེ་ཞིབ་བྱས་ན།
1. བརྗོད་དོན་གོ་དཀའ་བ།
གཡར་མིང་བཀོལ་སྤྱོད་བྱེད་པ་ནི་གཞན་གྱི་རིག་གནས་ནང་འདྲེན་བྱེད་པའི་ཐབས་ལམ་ཞིག་རེད། གཡར་མིང་ཞིག་གི་སྒྲ་དང་དོན་གཡར་སྤྱོད་བྱེད་པའི་ཁྲོད་གཙོ་བོ་དོན་གྱི་གཡར་སྤྱོད་དེ་གལ་ཆེན་རེད། གཡར་མིང་ཞིག་སྒྲ་སྒྱུར་བྱེད་དུས་རང་གིས་ཧ་གོ་མི་གོ་ལ་མི་བལྟ་བར་གང་འདོད་དུ་སྒྲ་སྒྱུར་བྱས་ན་མི་འོས་པར་སེམས། བོད་ཡིག་གིི་གཡར་མིང་ཡིན་ན། གཡར་མིང་དེའི་ནང་དོན་མ་གོ་ན། དང་ལེན་བྱེད་མི་ཐུབ་པ་དང་། རྒྱུན་འབྱམས་སུ་འགྲོ་མི་ཐུབ་པ། མིང་མཛོད་དུའང་བསྡུ་མི་ཐུབ་པ་རེད། རྒྱ་བོད་ཡིག་སྒྱུར་ལོ་རྒྱུས་ལས། ཚན་རྩལ་ཕྱོགས་ཀྱི་མིང་བརྡ་མི་ཉུང་བ་ཞིག་ཐོག་མར་བསྒྱུར་དུས། སྒྲ་སྒྱུར་བྱས་པ་རྣམས། རྗེས་སུ་མིང་བརྡ་དེ་དག་གི་བརྗོད་དོན་གོ་དཀའ་བ་དང་། དང་ལེན་བྱེད་མི་ཐུབ་པ་མཆིས་པས། མིང་བརྡ་མི་ཉུང་བ་ཞིག་གསར་དུ་དོན་སྒྱུར་རམ་ཐད་སྒྱུར་བྱེད་དགོས་པ་རེད། དཔེར་ན།“ཏིའན་ཛི”ཞེས་སྒྲ་སྒྱུར་བྱས་པ་བརྗོད་དོན་གོ་དཀའ་བས། ཡུན་རིང་མ་འགོར་བར“གློག་རྡུལ”ཞེས་དོན་སྒྱུར་བྱས་པ་ལྟ་བུ།“ཡུའན་ཛི”ཞེས་སྒྲ་སྒྱུར་བྱས་ཏེ་གོ་དོན་མི་གོ་བས།“མ་རྡུལ”ཞེས་ཐད་སྒྱུར་བྱས་པ་ལྟ་བུའོ། །
2. ཁ་ལ་མི་བདེ་བ།
གནའ་རབས་གཡར་མིང་ལ་མཚོན་ན། དེ་སྒྲ་སྒྱུར་བྱེད་པའི་སྒྲ་གདངས་ནི་གཡར་པ་པོས་རྒྱ་ཡིག་ཀློག་པའི་སྒྲ་གདངས་ནས་གཡར་བ་ཡིན་ཞིང་། ཡིག་ཚང་ཁྲོད་ཀྱི་གཡར་མིང་ཡིན་ན་ལོ་ཙཱ་པ་དེས་རྒྱ་ཡིག་ཀློག་པའི་སྒྲ་གདངས་ལྟར་དུ་གཡར་བ་རེད། དེ་བཞིན་གཡར་མིང་དེ་དག་ནི་བོད་སྐད་ཀྱི་སྒྲ་གདངས་ཁྱད་ཆོས་ལྡན་ཞིང་། སྒྲ་སྒྱུར་བྱེད་དུས་རྒྱ་ཡིག་གི་མིང་གི་དབྱངས་གསལ་ལ་འགྱུར་བ་བྱུང་སྟེ་བོད་སྐད་དང་བསྟུན་ཅི་ཐུབ་བྱས་ཡོད།“རྒྱ་ཡིག་གི་མིང་བོད་སྐད་དུ་གཡར་སྤྱོད་བྱེད་དུས། གཡར་མིང་ཉུང་ཤས་ཀྱི་སྒྲ་གདངས་བོད་སྐད་དང་གཅིག་འདྲ་ཡིན་པ་མ་གཏོགས། མང་ཆེ་ཤོས་ཀྱི་སྒྲ་གདངས་ནི་བོད་སྐད་དང་གཏན་ནས་མི་འདྲ་བ་རེད།”②ཅེས་པ་ལྟར། རྒྱུན་སྤྱོད་ཀྱི་གཡར་མིང་ཞིག་ཡིན་ན་བོད་སྐད་ཀྱི་སྒྲ་གདངས་ཁྱད་ཆོས་དང་བསྟུན་དགོས་པའོ། །
དེ་ཡང་ད་ལྟའི་བོད་ཡིག་ཁྲོད་ཀྱི་གཡར་མིང་སྒྲ་སྒྱུར་བྱེད་དུས། ལོ་ཙཱ་པ་རྣམས་ཀྱིས་ངེས་པར་དུ《རྒྱ་བོད་ཤན་སྦྱར་ཚིག་མཛོད》 ཁྲོད་ཀྱི་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལ་གཞི་བཅོལ་དགོས་ཏེ། རྒྱ་ཡིག་གི་དབྱངས་གསལ་གང་ཡིན་ན། དེ་ཤན་སྦྱར་བྱས་ཡོད་པའི་བོད་ཡིག་གི་དབྱངས་གསལ་ལྟར་སྒྲ་སྒྱུར་བྱས་པ་རེད། དེ་ལྟར་སྒྲ་སྒྱུར་བྱས་ན་བོད་ཀྱི་ཀློག་པ་པོ་སུ་ཡིན་ནའང་། རེའུ་མིག་དེ་ལ་བརྟེན་ནས་རྒྱ་ཡིག་གི་གཡར་མིང་གང་ཡིན་པ་རྙེད་ཐུབ། ས་མིང་དང་མི་མིང་རྣམས་རྒྱ་བོད་སྒྲ་སྒྱུར་ཤན་སྦྱར་གྱི་རེའུ་མིག་ལྟར་སྒྲ་སྒྱུར་བྱས་ན་དགེ་མཚན་ངེས་ཅན་ཞིག་ཡོད་ནའང་། བྱ་དངོས་ཡོད་ཚད་རེའུ་མིག་དེ་ལྟར་སྒྲ་སྒྱུར་བྱེད་དགོས་པའི་ངེས་པ་མེད་པར་འདོད། དེ་ལྟར་གཡར་སྤྱོད་བྱས་ན་གནའ་སྔ་མོ་ནས་གཡར་མིང་ནང་འདྲེན་བྱེད་པའི་དཔེ་དང་མི་མཐུན་པ་དང་། སྐད་བརྡའི་སྒྲ་གདངས་འཕེལ་འགྱུར་གྱི་ཆོས་ཉིད་དང་མི་མཐུན་པས། གསར་དུ་བྱུང་བའི་གཡར་མིང་རྣམས་བོད་སྐད་ཀྱི་སྒྲ་གདངས་ཁྱད་ཆོས་མེད་པ་དང་། ཁ་ལ་མི་བདེ་བ་སོགས་ཀྱི་གནས་ཚུལ་ཡོད་པས། དེ་ཡང་གཡར་མིང་མི་ཉུང་བ་ཞིག་འདོར་ལེན་བྱེད་པའི་རྒྱུ་རྐྱེན་དུ་གྱུར་ཡོད་པར་འདོད།
3. བོད་སྐད་ཁྱད་ཆོས་ཀྱིས་ཕྱུག་པ་ཅན།
ཡིག་རིགས་གཞན་པའི་མིང་བརྡ་ལོ་ཙཱ་བྱེད་དུས། བོད་ཡིག་དེ་དང་ལེན་བྱེད་པ་གཙོ་བོར་བཟུང་ནས། བོད་ཡིག་གི་ཁྱད་ཆོས་ཡོད་པའི་མིང་བརྡ་ལ་ཧ་ཅང་དགའ་བོ་ཡོད་དེ། དཔེར་ན།“摩托”ཞེས་པ་ནི་རྒྱ་ཡིག་གིས་དབྱིན་ཡིག་ནས་གཡར་བའི་མིང་ཚིག་ཡིན་ལ། དེ་བོད་ཡིག་ཏུ་བསྒྱུར་དུས། ཐོག་མར་དེ་ལ“མའོ་ཐའོ”ཞེས་སྒྲ་དོན་གཡར་བ་དང་། དེ་ནས“སྦག་སྦག”ཅེས་སྒྲ་འབྱིན་པའི་སྐད་ལས་དེ་ལྟར་བཏགས་ཤིང། དེ་རྗེས་བོད་སྐད་ཀྱི་ཁྱད་ཆོས་ཀྱིས་ཕྱུག་སྟེ“འཕྲུལ་རྟ”ཞེས་བསྒྱུར་པ་ལྟ་བུ་ནི། སྔོན་གྱི་གཡར་མིང་འདོར་ལེན་བྱས་ཏེ། རང་སྐད་ཀྱི་ཁྱད་ཆོས་ལྡན་པའི་མིང་བརྡ་ཞིག་བཏགས་ནས་ཚབ་བྱེད་བྱས་ཡོད་པ་ཧ་ཅང་ལེགས་པར་སྙམ། དེ་བཞིན་མིང་བརྡ་གང་ཞིག་བསྒྱུར་ནའང་། ས་མིང་དང་། མི་མིང་། རྩི་ཤིང་གི་མིང་སོགས་སྒྲ་སྒྱུར་བྱེད་དགོས་པ་ལས། གཡར་མིང་སྤྱོད་པ་མང་དྲགས་ན། རྒྱུན་འབྱམས་སུ་འགྲོ་མི་ཐུབ་ལ། དང་ལེན་ཡང་བྱེད་མི་ཐུབ་པ་རེད། དེ་ཡང་ད་སྐབས་མང་ཚོགས་མི་ཉུང་བ་ཞིག་གིས་རྒྱ་བོད་ལོ་ཙཱ་ལ་རྩམ་དྲི་མི་བྲོ་བ་ཞེས་ཟེར་བའང་མིང་བརྡ་བསྒྱུར་པ་རྣམས་ལ་བོད་སྐད་ཀྱི་ཁྱད་ཆོས་མེད་པའི་རྐྱེན་གྱིས་རེད་སྙམ་མོ། །
མཇུག་བསྡུ་བ།
རྒྱ་བོད་ཡིག་སྒྱུར་ཁྲོད་གཡར་མིང་སྤྱོད་པ་ལ་ད་དུང་གནད་དོན་མི་ཉུང་བ་ཞིག་ཡོད་པར་བསམ་སྟེ། གཡར་མིང་བསྒྱུར་བའི་སྐབས་སུ་སྒྲ་གདངས་མ་འདྲ་ན། གཡར་མིང་ཡང་མི་འདྲ་བ་ཡོད་དེ། དཔེར་ན།“兰州”ཞེས་པའི་ས་མིང་ལ་མཚོན་ན། ལན་གྲུ་དང་། ལན་ཀྲོའུ། ལན་ཀྲིག་སོགས་ཡོད་པ་ལྟ་བུ།“北京”ལ་པེ་ཅིན་དང་། པེ་ཅིང་ལྟ་བུ་གཡར་མིང་མི་འདྲ་བ་དུ་མ་ཡོད་པ་སོགས་གཡར་མིང་གཅིག་གྱུར་བྱེད་མི་ཐུབ་པའི་གནད་དོན་ཡོད་པ་དང་། དེ་མིན། དེང་སྐབས་ཁ་སྐད་དང་ཡིག་ཐོག་ཀུན་ཏུ་གཡར་མིང་གི་བརྡ་སྤྲོད་ནུས་པ་དང་དངོས་གནས་གཡར་མིང་བཀོལ་དགོས་མིན་ལ་མ་བལྟས་པར་གང་བྱུང་དུ་བཀོལ་ཏེ་རྙོག་དྲ་ཅན་དུ་འགྲོ་ཉེན་ཡོད་པ་ལ། དཔེར་ན། རྒྱ་ཡིག་ཁ་སྐོང་ཚུལ་དུ་འབྲི་བཞིན་ཡོད་པ་དེ། སྒྲ་སྒྱུར་བྱས་ཡོད་ཀྱང་དེ་རྒྱུན་འབྱམས་སུ་འགྲོ་བའི་འགག་རྐྱེན་ལྟ་བུར་གྱུར་འདུག དེ་ནི་དེང་སྐབས་བོད་མིའི་ཁྲོད་རྒྱ་ཡིག་འགའ་རེ་ཤེས་མཁན་ཡོད་པ་ནས་དར་བ་ཞིག་ཡིན་ནའང་།
མ་མཐའི་བོད་ཡིག་གོ་བའི་མི་ལ་རྒྱ་ཡིག་ཁ་སྐོང་དེ་དགོས་པ་མེད་ལ་བོད་ཡིག་མི་ཤེས་པ་ཞིག་ལ་མཚོན་ན་བོད་ཡིག་ཁྲོད་རྒྱ་ཡིག་འགའ་བཞག་ཀྱང་ཅི་ཡང་གོ་མི་ནུས་པས་དགོས་པ་ཡོད་མེད་ལ་དཔྱད་རྒྱུ་གལ་ཆེན་དུ་གྱུར་འདུག
མདོར་ན། རྒྱ་བོད་རིག་གནས་མཉམ་འདྲེས་ཀྱི་འཕེལ་རིམ་ནང་བོད་ཡིག་ཁྲོད་རྒྱ་ཡིག་གི་གཡར་མིང་མང་པོ་ནང་འདྲེན་བྱས་པ་ནི། རྒྱ་བོད་སྐད་ཡིག་འབྲེལ་འདྲིས་བྱེད་པ་དང་སྐད་ཡིག་སྣ་མང་རང་བཞིན་ཅན་དུ་འཕེལ་རྒྱས་བྱས་པའི་མཇུག་འབྲས་ཡིན་པ་དང་། རྒྱ་བོད་རིག་གནས་སྤེལ་རེས་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་པར་མཚོན། དེང་སྐབས་རིག་གནས་ཀྱི་འབྲེལ་འདྲིས་དང་ཁྱབ་སྤེལ་སྔར་བས་ཀྱང་གལ་ཆེན་ཡིན་པར་མངོན་མོད། འོན་ཀྱང་རིག་གནས་ཉིང་བཅུད་དམ་བསམ་བློ་གལ་ཆེན་གྱི་དགོངས་དོན་དེ་དོན་གྱི་འབྲེལ་འདྲིས་དང་ཁྱབ་སྤེལ་ལ་བརྟེན་དགོས་པ་ལས་གཡར་མིང་གིས་དོན་དག་མང་པོོ་ཐག་གཅོད་བྱེད་དཀའ། དེར་བརྟེན་ང་ཚོས་གཡར་མིང་ལ་ཞིབ་འཇུག་ལེགས་པོ་དང་བཀོལ་སྤྱོད་ཚན་རིག་དང་མཐུན་པ། ཚད་དང་ལྡན་པ་བྱེད་རྒྱུ་གལ་ཆེན་ཡིན་ནོ་སྙམ། །
* ཀུན་བཟང་སྒྲོལ་མ། མཚོ་སྔོན་ཞིང་ཆེན་ཏང་ཨུ་སློབ་གྲྭའི་རྩེར་སྙེག་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།
① 戴庆厦.汉语与少数民族语言关系概论[M]北京:中央民族出版社,1992:2.
② 王力.汉语史稿[M]北京:中华书局,2004:587.
① ཁྲི་བསམ་གཏན་གྱིས་རྩོམ་སྒྲིག་བྱས། སྐད་གཉིས་སྨྲ་བའི་སྒྲོན་མེ། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2006:34
① 劳费尔 . 藏语中的汉语借词[J]西藏研究,1983(3):122. གསལ་བཤད། དཔྱད་རྩོམ་འདིའི་ནང་གི་གནའ་རབས་ཀྱི་གཡར་མིང་
རྣམས་ལའོ་ཧྥེར་འེར་གྱི་རྩོམ་ཡིག་དེ་ལས་བསྡུས་པ་ཡིན།
① 中央民族学院语文系藏语教研组 . 从藏语中的汉语借词看汉藏两民族的亲密关系 [J] 民族研究,1959(7):14.
① 王宝红 .《御制五体清文鉴 • 汉藏文鉴专辑》中的藏语汉借词 [J] 西藏民族大学学报(哲学社会科学版),2018(5):123.
② 玉珍 . 藏语安多方言同仁话中的汉语借词 [J] 中国藏学,1996(1):146