[གནད་བསྡུས] བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད《སྙན་ངག་མེ་ལོང》ཐོག་མར་སྒྱུར་མཁན་ས་པཎ་ཡིན་ཞེས་ཁ་ཅིག་གིས་སྨྲ་མོད། འོན་ཀྱང་དེའི་ཡར་སྔོན་དུ་བོད་རང་གི་མཁས་པར་རྒྱ་གར་གྱི་རྒྱན་གྱི་བསྟན་བཅོས་ཀྱི་ལུགས་བཞིན་བྲིས་པའི་བྱ་དཀའ་བའི་སྙན་ངག་ཡོད་པར་མ་ཟད། ད་དུང་རྒྱ་གར་སྡེབ་སྦྱོར་མཁན་མང་དུ་ཐོས་པ་འགའ་ཞིག་ལས་གཞན་དུ་མ་གྲགས་པ་བོད་ཀྱི་མཁས་པས་མཛད་པའི་རྒྱུན་ཆགས་མ་བཅད་པའི་སྙན་ངག་ཀྱང་ཡོད། དེ་བཞིན་བཅོམ་ལྡན་རིག་པའི་རལ་གྲི་དང་འབྲུག་ཀུན་མཁྱེན་པདྨ་དཀར་པོ་སོགས་སྔོན་བྱོན་མཁས་པའི་གསུང་ན་སྐ་བ་དཔལ་བརྩེགས་ཀྱི་འགྱུར་རྙིང་ཞིག་ཡོད་ཚུལ་དང་། ཆག་ལོས་སྙན་ངག་མེ་ལོང་གི་སྟོད་རྣམས་བསྒྱུར་ཅེས་འབྱུང་། དེས་ན་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྨྲ་བ་དག་གིས་བཏང་སྙོམས་ཀྱི་གནས་སུ་མ་བཞག་པར་བསྐྱར་ཞིབ་གནང་དགོས་པའི་བསམ་ཚུལ་བཏོན་ཡོད།
[གནད་ཚིག] བོད་ཀྱི་རྩོམ་རིག ས་པཎ། སྙན་ངག་མེ་ལོང་། ཐོག་མར་སྒྱུར་མཁན།
གླེང་གཞི།
དེ་ཡང《སྙན་ངག་མེ་ལོང》ཤོང་སྟོན་གྱིས་བསྒྱུར་པ་ནས་བརྩིས་ན། ཧ་ལམ་བགྲང་བྱ753འདས་ཡོད་ལ། དེ་ཉིད་བོད་དུ་འགྱུར་བའི་གོ་རིམ་ནི་སྙན་འགྲེལ་ཕྱི་མ་ཕྱི་མས་སྔ་མ་སྔ་མའི་རིག་པའི་བཅུད་ཕྱུང་ཡོད་ལ་ཟུར་རྒྱན་དང་ཁ་སྐོང་། འདི་ལས་བརྒལ་བའི་སྤྲས་པ་སྣ་ཚོགས་ཀྱང་མཛད་ཡོད། དེ་ལྟར་སྔོན་གྱི་གཙུག་ལག་རིག་གནས་མཐའ་དག་བསྟན་བཅོས་འདི་ལ་བརྟེན་ནས་རྩོམ་པ་སོགས་འདི་ཉིད་ཕྱིའི་གཞུང་ལུགས་ཤིག་ནས་བོད་རང་གི་རྩོམ་རིག་གཞུང་ལུགས་ཤིག་ཏུ་གྱུར་ཡོད། གཞུང་འདིའི་ལོ་རྒྱུས་འཆད་པའི་སྐབས་སུ་མང་པོ་ཞིག་བཏང་སྙོམས་ཀྱི་གནས་སུ་བསྐྱུར་པས། ཕྲན་ནས་སྔོན་བྱོན་མཁས་པའི་གསུང་བཤད་དཀྱུས་སུ་བཟུང་ནས་མེ་ལོང་མའི་བོད་འགྱུར་ཐོག་མ་གང་ཡིན་ལ་བསྐྱར་ཞིབ་དགོས་པའི་བསམ་ཚུལ་རོབ་ཙམ་ཞུ་བ་ལགས།
དང་པོ། རྒྱུན་ཆགས་མ་བཅད་པའི་རྩོམ་ལུས།
དེ་ཡང་ས་སྐྱ་པཎ་ཆེན་གྱིས《སྙན་ངག་མེ་ལོང》མ་བསྒྱུར་བའི་ཡར་སྔོན་དུ་བོད་རང་གི་མཁས་པར་རྒྱན་གྱི་བསྟན་བཅོས་ཀྱི་ལུགས་བཞིན་བྲིས་པའི་སྙན་ངག་མང་དུ་བྱུང་ཡོད་ལ། རྒྱ་གར་སྡེབ་སྦྱོར་མཁན་མང་དུ་ཐོས་པ་འགའ་ཞིག་ལས་གཞན་དུ་མ་གྲགས་པ་བོད་རང་གི་མཁས་པས་མཛད་པའང་ཡོད། དེ་ནི་ས་སྐྱ་པཎ་ཆེན་གྱི《སྡེབ་སྦྱོར་སྣ་ཚོགས་མེ་ཏོག་གི་ཆུན་པོ》རུ་རྒྱུན་ཆགས་ཞེས་པའི་རྩོམ་ལུས་འདི་ཉིད་ངོ་སྤྲོད་གནང་དུས།“དེ་སྐད་དུ་ཡང་སྡེབ་སྦྱོར་གྱི་ཚོམས་ལས། རྐང་པ་དག་གིས་མ་བཅད་པ། ། གང་ལ་ཡི་གེ་སྦྲེལ་ལེགས་ཡོད། ། བྱ་བའི་ཚིག་གིས་གསལ་བྱས་པ། ། དེ་ནི་རྒྱུན་ཆགས་ལས་གཞན་མིན། ། ཞེས་འདོན་པའི་ཕྱིར་རོ། །འདིའི་དཔེར་བརྗོད་པ་ནི་ཁོ་བོའི་བླ་མ་ཆོས་ཀྱི་རྗེ་དཔལ་ས་སྐྱ་པ་རྒྱལ་མཚན་གྱི་མཐས་བརྒྱན་པའི་ཞལ་སྔ་ནས་མཛད་པའི་བསྟོད་པ་འགའ་ཞིག་ལས་འབྱུང་བ་ལྟ་བུའོ། །འདི་ལྟ་བུའི་སྡེབ་སྦྱོར་ནི། དེང་སང་རྒྱ་གར་ན་སྡེབ་སྦྱོར་བ་ཆེས་ཆེ་བ་མང་དུ་ཐོས་པ་འགའ་ཞིག་ལ་གྲགས་པ་ཙམ་དུ་ཟད་ཀྱི། ཐམས་ཅད་ལ་གྲགས་པ་མ་ཡིན་ལ། སྦྱོར་བ་ཡང་ཆེས་ཆེར་ཤིན་ཏུ་ཉུང་བར་སྣང་ངོ་། །”①ཞེས་གསུངས་པ་བཞིན་རྒྱ་གར་མཁས་པ་ལའང་ཡོངས་གྲགས་མ་ཡིན་པའི་རྒྱུན་ཆགས་ཀྱི་རྩོམ་ལུས་འདི་འདྲ་ཁོང་གི་བླ་མ་ས་ཆེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བར་གཞིགས་ན། མེ་ལོང་མ་བོད་དུ་མ་འགྱུར་བའི་ཡར་སྔོན་ནས་བོད་ཀྱི་མཁས་པས་རྒྱ་གར་གྱི་རྒྱན་གྱི་བསྟན་བཅོས་ལ་སློབ་གཉེར་མཛད་མྱོང་བ་ཙམ་དུ་མ་ཟད། དེ་ཡང་ཤིན་ཏུ་ཐུགས་རྩིས་ཆེན་པོས་ངོས་ལེན་བྱེད་པ་མཐོང་ངོ་། །གོང་དུ་ས་པཎ་གྱིས་རྒྱུན་ཆགས་མ་བཅད་པའི་དཔེར་བརྗོད་ལ་རང་གི་བླ་མ་ས་ཆེན་གྲགས་པ་རྒྱལ་མཚན་གྱིས་སྦྱར་བའི་བསྟོད་པ་འགའ་ཞིག་ཏུ་སྣང་ཞེས་གསུངས་ཀྱང་དེ་དག་རེ་རེ་གང་ཞིག་ཡིན་པ་བྱེ་བྲག་ཏུ་གསལ་ཁ་མ་བྱུང་།ཆོས་རྗེ་ས་པཎ་གྱིས་མཛད་པའི་རྗེ་བཙུན་གྲགས་རྒྱན་གྱི་རྣམ་ཐར་བསྡུས་པ་ཞིག་ཡོད་པ་དེར། རྗེ་བཙུན་གྲགས་རྒྱན་ཉིད་རྩོམ་པའི་ཡོན་ཏན་ལ་མངའ་བརྙེས་ཚུལ་གསུང་དུས་འདི་ལྟར།“གཞུང་རྩོམ་པ་ལ་ནི་ཕུལ་དུ་བྱུང་བ་ཞིག་སྟེ། འདིའི་རྩོམ་མཐའ་དག་རང་གིས་བརྗོད་པར་བདེ་ཞིང་གཞན་གྱིས་རྟོགས་པར་སླ་བ། གཉིས་ཀ་ལ་རྣར་སྙན་པ་ཁོ་ན་ཞིག་སྟེ། འཕགས་པ་འཇམ་དཔལ་དང་། རྗེ་བཙུན་མི་གཡོ་བ་དང་། ཀྱེའི་རྡོ་རྗེའི་དཎྜ་ཀ་ལ་སོགས་པའི་བསྟོད་པ་རྣམས་ཀྱི་ཚིག་དང་དོན་དང་། རྒྱན་ལ་སོགས་པའི་སྙན་ངག་གི་སྡེབ་སྦྱོར་བྱེད་པ་གཞན་ལ་མ་མཐོང་།”②ཞེས་གསུངས་པའི་ཁྲོད་ན་རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི《དཔལ་ཀྱེའི་རྡོ་རྗེའི་བསྟོད་པ་དཎྜ་ཀ》ཞེས་བྱ་བ་ཞིག་ཡོད་པ་དེ་ཉིད་ད་གཟོད་ས་པཎ་གྱིས་གསུང་བའི་རྒྱུན་ཆགས་མ་བཅད་པའི་སྙན་ངག་ཡིན་ཏེ། རྩོམ་འདིའི་མཇུག་བྱང་དུ།“དུས་དགྲའི་རྡོ་རྗེ་སེམས་དཔའ་ལ། ། རྒྱུན་ཆགས་ཞེས་བྱའི་སྡེབ་སྦྱོར་དུ། ། བསྡེབས་པའི་བསྟོད་པའི་རྒྱལ་པོ་འདི། ། གྲགས་པ་རྒྱལ་མཚན་བདག་གིས་བགྱིས། །”③ཞེས་དང་།“རྒྱུན་ཆགས་ཤིང་འགྲན་ཟླ་མེད་པའི་བསྟོད་པ་ཞེས་བྱ་བ་བསྟོད་པ་དངོས་ལ་ཡི་གེ་བདུན་བརྒྱ་བདུན་ཅུ་རྩ་བདུན་བགྱིས་སོ། །”④ཞེས་གསུངས་པས། རྩོམ་འདིའི་དབུ་མཇུག་གི་ཚིགས་བཅད་འགའ་ཡོད་པ་ཕུད་བསྟོད་པ་དངོས་ལ་ཡི་གེ་ཚེག་བར777བཞུགས་ཤིང་། དེ་ཡང་ཚིག་གི་རྐང་བ་གཅིག་གིས་ཡོངས་སུ་རྫོགས་པར་བྱས་པ་ཞིག་ཡིན། འདི་ནི་ད་སྔར་མཇལ་དུ་ཡོད་པའི་རྒྱུན་ཆགས་མ་བཅད་པའི་སྙན་ངག་ཐོག་མའི་གྲས་མིན་འགྲོ་སྙམ། གཞན་བསྟོད་པ་འདི་ལ་ཁོང་གི་རང་འགྲེལ་བསྡུས་པ《ཡབ་ཀྱི་བསྟོད་པ་དཎྜ་ཀའི་མཆན》ཞེས་བྱ་བ་འགྲེལ་མཆན་དཀྱུས་སུ་བཏབ་པ་ཞིག་ཀྱང་ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་ཁ་སྐོང་ལས་དཀར་པོ་རྣམ་གསུམ་གྱི་གསུང་པོད་དང་པོར་བཞུགས་སོ། །
གཉིས་པ། བྱ་དཀའ་བའི་སྙན་ངག།
ས་ཆེན་ཀུན་དགའ་སྙིང་བོའི་ཞང་སྟོན་ལ་བསྟོད་པ་ལས།“ཡོན་ཏན་མཆོག་མངའ་གཞན་ལ་ཕན་པའི་ཐུགས་རྗེ་ཅན། ། ཏིང་འཛིན་མཆོག་བརྙེས་ཉིད་ཀྱི་དོན་ཡང་མཐར་ཕྱིན་པ། ། དམ་པ་མཆོག་ཆོས་ཆོས་གཉིས་གྲུབ་པའི་མངོན་ཤེས་དང་། །རྫུ་འཕྲུལ་མཆོག་འབར་སྦས་པའི་བརྟུལ་ཞུགས་ཅན་ལ་འདུད། །”①ཅེས་དང་།“དད་པ་རང་བཞིན་དག་པའི་མཐུ་ཡིས་བླ་མ་ལ། ། རྣམ་གྲོལ་ཐོབ་ཕྱིར་རྣམ་པར་མི་རྟོག་པ་ཉིད་དུ། ། དད་པ་ཆེན་པོས་དད་པའི་ཤུགས་ཀྱི་གསོལ་འདེབས་ན། ། ཐུགས་རྗེ་ཆེན་པོའི་ཐུགས་རྗེའི་ཤུགས་ཀྱིས་གཟུང་དུ་གསོལ། ། ཚིགས་བཅད་དང་པོའི་ནང་། དྲང་བོར་བརྗོད་པའི་རྒྱན་ཉམས་ལྡན་ཞིང་རྐང་བ་བཞི་ཀའི་ཚིག་འབྲུ་གསུམ་པ་ལ་མཆོག་མཆོག་ཅེས་སླེབས་པར་བྱས་པས་ཟུང་ལྡན་གྱི་ཉམས་ཀྱང་ཐོན་ཡོད། ད་དུང་འདིའི་ནང་དམིགས་བསལ་གྱི་ཉམས་ཤིག་སླེབས་པར་བྱས་ཡོད་པ་ནི་ཚིག་རྐང་ཕྱེད་ཕྱི་མ་གཉིས་ཀྱིས་བསྟོད་ཡུལ་གྱི་མཚན་ཆོས་འབར་ཞེས་པའི་མིང་འབྲུ་གཉིས་ཐོན་ཡོད་པས་མཚན་སྤེལ་སྒྲ་རྒྱན་གྱི་ཉམས་ཀྱང་ཡོད་པའོ། ། དེ་ནས་ཚིགས་བཅད་ཐ་མ་ལ་མཚོན་ན་ཡང་ཟུང་ལྡན་གྱི་ཉམས་ཡོད་པར་བྱས་ཡོད་ཅིང་། བོད་མིའི་ཟུང་ལྡན་འགྱུར་རྩོམ་གྱི་རྩོམ་འགྲོས་ཅན་ལ་ཐོག་མར་ཚོད་ལྟའི་ཚུལ་དུ་འབྲི་བའི་རང་གཤིས་ཤིག་ཀྱང་འདི་དག་གི་ནང་མཇལ་གྱིན་འདུག ཡང་ཟུང་ལྡན་གྱི་སྙན་ངག་འདི་དག་ནི་སྙན་ངག་མེ་ལོང་ཙམ་དུ་མ་ཟད། ས་པཎ་གྱི་མཁས་འཇུག་ཀྱང་མ་བརྩམས་པའི་སྔ་རོལ་ཏུ་བྱུང་ཡོད་ཅིང་། ཕལ་ཆེར་བོད་མིས་མེ་ལོང་མའི་ལུགས་ཀྱི་ཟུང་ལྡན་བྲིས་པ་ཐོག་མའི་དུས་ཀྱང་ཡིན་ནོ། །”②ཞེས་གསུངས་པ་བཞིན་ནོ། ། དེར་མ་ཟད་སློབ་དཔོན་བསོད་ནམས་རྩེ་མོའི་བཀའ་འབུམ་ཁྲོད་དུ།“འདི་བྲིས་དགེ་བའི་སེམས་ཅན་ཀུན། ། བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཏེ། ། དཔལ་ལྡན་ས་བཅུའི་རྩེ་མོ་ནི། ། རྡོ་རྗེ་འཆང་དབང་གྲུབ་པར་ཤོག”③ཅེས་པའང་བོད་མཁས་པས་མཛད་པོ་རང་གི་མཚན་སྤེལ་བའི་མཚན་སྤེལ་སྒྲ་རྒྱན་གྱི་ཐོག་མ་ཞིག་མིན་འགྲོ་སྙམ། ད་དུང་སློབ་དཔོན་བསོད་ནམས་རྩེ་མོས་རྒྱ་སྒོམ་ཚུལ་ཁྲིམས་གྲགས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་ཏུ།“དགེ་བཤེས་གཉགས་དང་། གཉན་ཕུལ་བྱུང་བ་དབྱར་ཕུ་མ་གསུམ་གྱིས་ཞུས་ནས་བགྱིས་པ་དེ་ལ། སྙན་ངག་གི་རྒྱན་ཚང་ཆེ་ཆུང་གཉིས་ཡོད་པ་ཁྱེད་ཀྱི་ཕྱག་ཏུ་བྱུང་མཆི།”④ཞེས་དང་།“བླ་ཆེན་ལྟ་བུའི་དམ་པ་ལ། ཁྱོད་ལྟ་བུས་བྱས་པ་ལ་འདི་བས་རྒྱན་དང་། སྙན་ངག་ཚང་བ་ལེགས་པ་བྱེད་ཐང་ཟེར་མོད།”⑤ཅེས་འདི་དུས་ནས་རྗེའི་བཀའ་འབུམ་དུ་སྙན་ངག་ལ་སྡེབ་སྦྱོར་མཆིས་མ་མཆིས་ཀྱང་གསུང་ཟིན་ན་དངོས་སུ་ཐོན་འདུག་པས། 《སྙན་ངག་མེ་ལོང》མ་འགྱུར་བའི་ཡར་སྔོན་དུ་བོད་ཀྱི་མཁས་པས་གཞུང་འདི་ལ་གཟིགས་ཕུད་མཛད་མྱོང་བ་ལོས་ཡིན་ཆེ་སྙམ་པ་ཞིག་དབང་མེད་དུ་དྲན་ཡོང་། ཁ་ཅིག་གིས་དེ་དག《སྙན་ངག་མེ་ལོང》མ་འགྱུར་བའི་ཡར་སྔོན་གྱི་སྙན་ངག་ཡིན་པ་བསྙོན་དུ་མེད་ཀྱང་། དེ་དག་མཐའ་གཅིག་ཏུ་གཞུང་འདིའི་ལུགས་བཞིན་བརྩམས་པའི་ངེས་པ་མེད་དེ། ས་པཎ་གྱིས་ཀྱང《སྙན་ངག་མེ་ལོང》ལས་གཞན་རྒྱ་གར་གྱི་རྒྱན་གྱི་བསྟན་བཅོས་སྣང་བའི་ཉི་མ་སོགས་ལ་གསན་མྱོང་བས།① གཅིག་བྱས་ན་དེ་དག་གི་ལུགས་བཞིན་བྲིས་པའང་ཡིན་སྲིད་ཟེར་མོད། ད་ལྟའི་བར་དུ་རྗེ་ས་པཎ་མ་གཏོགས་རྗེ་བཙུན་གྲགས་པ་རྒྱལ་མཚན་སོགས་ཀྱིས་རྒྱན་གྱི་བསྟན་བཅོས་གཞན་གསན་པའི་གཏམ་གང་དུའང་འཆད་རྒྱུ་མེད་ལ། ལྷག་པར་བསྟན་བཅོས་གང་ཞིག་སྐད་གཞན་དུ་འགྱུར་བ་ལ་རྒྱུ་འགའ་ཞིག་སྔོན་དུ་འགྲོ་དགོས་པས་གཞུང་འདི་འགྱུར་བ་ལའང་དེ་བཞིན་མ་འདས་སོ། །
གསུམ་པ། ས་པཎ་ཡར་སྔོན་དུ་མེ་ལོང་མའི་འགྱུར་ཡོད་མེད།
འབྲུག་པ་པདྨ་དཀར་པོས་མཛད་པའི《སྒྲ་རྒྱན་གྱི་རྣམ་བཤད》ཀྱི་མཇུག་བྱང་དུ།“ཕུལ་དུ་བྱུང་བའི་ཡོན་ཏན་དཔག་ཏུ་མེད་པས་སྤྲས་པ་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེ་དང་། དཔོན་ཆེན་ཤཱཀྱ་དཔལ་བཟང་པོའི་བཀའ་ལུང་གིས་རྒྱ་གར་གྱི་མཁན་པོ་སྙན་དངགས་མཁན་ཆེན་པོ་ལཀྵྨི་ཀ་ར་དང་། བོད་ཀྱི་ལོ་ཙཱ་པ་དགེ་སློང་ཤོང་སྟོན་གྱིས་དཔལ་ས་སྐྱའི་གཙུག་ལག་ཁང་ཆེན་པོར་བསྒྱུར་པ་ལས། ཕྱིས་དཔང་ལོས་ཀྱང་བཅོས་ཏེ་དག་པར་མཛད། ཞ་ལུ་ལོ་ཙཱ་པ་ངྷརྨ་པཱ་ལས་ཅུང་ཟད་བཅོས་པའོ། ། འདི་ལ་དཔལ་བརྩེགས་ཀྱི་འགྱུར་རྙིང་ཡོད་ཅེས་ཀྱང་གྲགས་ཀྱི་མཐོང་བའི་ལམ་དུ་མ་གྱུར་ཏོ། །”②ཞེས་གསུངས་པ་བཞིན་སྔོན་བྱོན་མཁས་པའི་ཞལ་སྒོ་ནས་མེ་ལོང་མར་འགྱུར་རྙིང་ཡོད་པའི་གསུང་འདི་དང་གོང་སྨྲས་ས་པཎ་གྱིས་མ་བསྒྱུར་བའི་སྔོན་གྱི་སྙན་ངག་འདི་དག་གི་བར་ན་འབྲེལ་བ་ངེས་ཅན་ཡོད་པ་བསྙོན་དུ་མེད་དོ་སྙམ།ཡང་ཁ་ཅིག་གིས། རྒྱ་ལ་དཔལ་བརྩེགས་ཀྱི་འགྱུར་རྙིང་ཞིག་ཡོད་པ་ཡིན་ན། བསྟན་པ་སྔ་དར་གྱི་དུས་སུ་མེ་ལོང་མའི་ལུགས་བཞིན་བྲིས་པའི་སྙན་ངག་ཀྱང་ཡོད་དགོས་མོད། འོན་ཀྱང་དེ་མཐོང་ཐུབ་མི་འདུག་ཟེར་ན། དེ་ལའང་ལུང་གི་སྒྲུབ་བྱེད་སྟོབས་ལྡན་ཞིག་འདྲེན་ཏེ། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི《མཁས་པ་ལ་འཇུག་པའི་སྒོའི་རྣམ་བཤད་དྲིས་ལན་དང་བཅས་པ》ལས།“རྩོམ་པ་པོ་རང་ལ་བསྔགས་པ་རང་གི་ཆེ་བ་བརྗོད་པར་མི་འགྱུར་བ་དེའི་ཕྱིར། སྔོན་གྱི་རྒྱལ་པོའི་བཀའ་ཁྲིམས་ལས། བོད་ཀྱི་བསྟན་བཅོས་མི་རྩོམ་པར་བཅས་པ་
ལ”③ཞེས་གསུངས་པས། སྔར་གྱི་དུས་སུ་བསྟན་བཅོས་རྩོམ་པ་ནི་རྩོམ་མཁན་རང་ལ་བསྔགས་པའི་ཆེ་བ་བརྗོད་པ་འབའ་ཞིག་ཏུ་འགྱུར་བར་དགོངས་ནས། བོད་མིས་རང་རྩོམ་མཛད་མི་ཆོག་པ་རྒྱལ་པོའི་ཁྲིམས་ཀྱིས་བྱས་སོ། །
གཞན་ཡང་། བཅོམ་ལྡན་རིག་རལ་གྱི་བསྟན་འགྱུར་དཀར་ཆག 《བསྟན་པ་རྒྱས་པ་རྒྱན་གྱི་ཉི་འོད》ཅེས་པར།“བླ་མ་ཆག་ལོ་ཙཱ་པ་ཆོས་རྗེ་དཔལ་གྱིས་པཎྜི་ཏ་ཉི་མ་དཔལ་གྱིས་བྱས་པའི་མཚན་བརྗོད་ཀྱི་འགྲེལ་བ་བདུད་རྩིའི་ཐིགས་པ་དང… …ཆོས་ཀྱི་གྲགས་པའི་བདེ་མཆོག་གི་བསྟོད་པ་རྒྱུན་ཆགས་ད… …སྙན་ངག་མེ་ལོང་གི་སྟོད་རྣམས་བསྒྱུར།”①ཅེས་གསུངས་པས། ས་པཎ་དང་དུས་མཉམ་ཙམ་དུ་བྱོན་པའི་ཆག་ལོ་ཆོས་རྗེ་དཔལ་གྱིས་ཀྱང་མེ་ལོང་མའི་སྟོད་རྣམས་བསྒྱུར་པ་སྔོན་བྱོན་མཁས་པའི་གསུང་ནས་རྙེད།དེ་ཡང་ཆག་ལོ་ཆོས་རྗེ་དཔལ་ཉིད་རབ་བྱུང་གསུམ་པའི་མེ་སྤྲུལ་སྤྱི་ལོ1197ལ་འཁྲུངས། རབ་བྱུང་བཞི་པའི་ཤིང་བྱི1264ལོར་མྱ་ངན་ལས་འདས་ཞེས་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི《བསྟན་རྩིས་ཀུན་བཏུས》② སུ་གསལ་བ་དང་།ཆོས་རྗེ་ས་པཎ་མཆོག་རབ་བྱུང་གསུམ་པའི་ཆུ་སྟག་སྤྱི་ལོ1182ལོར་སྐུ་འཁྲུངས། དགུང་ལོ་བདུན་ཅུ་སྟེ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་སྤྱི་ལ1251ལོར་སྐུ་འདས་པས། ལོ་ཚིགས་འདི་གཉིས་བསྡུར་ཚེ་ཆག་ལོ་ཉིད་ས་པཎ་ལས་དགུང་ལོ་བཅུ་དྲུག་གཞོན་མོད། འོན་ཀྱང་ཆག་ལོ་ཐེངས་དང་པོར་བལ་ཡུལ་དུ་ཕེབས་དུས་དགོངས་ལོ་ཉེར་གཉིས་ལས་སོན་མེད་དེ་སྤྱི་ལོ1218ལོ་ཡིན། དུས་དེར་འཕགས་པ་ཤིང་ཀུན་ཏུ་ཐེངས་དང་པོར་བླ་མ་རདྣ་རཀྵིར་མཇལ་དུས།“དེ་ནས་བོད་ཀྱི་མི་ཁམས་པའི་དགེ་བཤེས་སྟོན་གྲགས་ལ་སོགས་པ་དྲུག་དབང་ཞུ་བར་འདུག་ལ་རྒྱ་སྐད་ཤེས་པ་མི་འདུག་ནས་དེར་ལོ་ཙཱ་པ་མཛད་ནས།”③ཞེས་གསུངས་པ་ལ་གཞིགས་ན་ཆག་ལོ་བལ་ཡུལ་དུ་མ་ཕེབས་པའི་སྔོན་ནས་རྒྱ་སྐད་ལ་ཆགས་ཐོགས་བྲལ་བ་ཤེས་ནུས། འོ་ན་གཅིག་བྱས་ན་ཁོང་གིས《སྙན་ངག་མེ་ལོང》གི་སྟོད་ཀྱང་བལ་ཡུལ་དུ་མ་ཕེབས་པའི་སྔ་རོལ་ནས་བསྒྱུར་ཡོད་པའང་གཏན་ནས་མི་སྲིད་པ་ཞིག་མ་ཡིན་པའི་ཕྱིར། ས་པཎ་གྱིས《སྙན་ངག་མེ་ལོང》མ་བསྒྱུར་བའི་སྔ་རོལ་ཏུ་ཁོང་གིས་བསྒྱུར་ཡོད་མེད་ལ་ད་དུང་ཞིབ་ཏུ་བརྟག་རྒྱུ་གཞན་འགའ་ཡོད་སྙམ།
ཞར་བྱུང་། ས་སྐྱ་པཎ་ཆེན་གྱིས་གཞུང་འདི་ཕལ་ཆེར་རྫོགས་པར་བསྒྱུར་ཡོད་ཚུལ།《སྙན་ངག་མེ་ལོང》ལས།“བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། ། སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། ། ཇི་ལྟར་ནུས་བཞིན་བདག་གིས་ནི། ། སྙན་ངག་དག་གི་མཚན་ཉིད་བྱ། །”④ཞེས་གསུངས་པ་བཞིན་སློབ་དཔོན་གྱིས་སྔོན་གྱི་བསྟན་བཅོས་མཐའ་དག་གི་བཅུད་ཕྱུང་བ། ལེའུ་དང་པོའི་ཡོན་ཏན་བཅུ་གསར་དུ་བསྣན་ནས《སྙན་ངག་མེ་ལོང》ཞེས་བྱ་བའི་ལུས་རྒྱན་སྲོག་གསུམ་གྱི་བདག་ཉིད་ཅན་འདི་མཛད་པ་ཡིན་ལ། བོད་དུ་ས་པཎ་གྱིས་ཁོང་གི《མཁས་མཇུག》ཏུ་དོན་ཅུང་ཟད་བསྡུས་པའི་ཚུལ་གྱིས་བསྒྱུར་པ་དང་། ལྷག་པར་ཁོང་གིས་དེ་ལ་རང་འགྲེལ་བརྩམས་ཏེ་རྒྱན་རྣམས་ལྟོས་བཅས་ཀྱིས་འཐུས་ཚང་བར་བྱས།
དེ་ཡང་ས་པཎ་མཆོག་སྐུ་མྱ་ངན་ལས་འདའ་ཁར། མགོ་འགྲོན་འཕགས་པར་ཞལ་ཆེམས་བཞག་དོན།“ད་ནི་སངས་རྒྱས་ཀྱི་བསྟན་པ་ཡང་མཆོག་ཏུ་དར་བར་བྱས། བརྒལ་བརྟག་གིི་སྒོ་ནས་གཏན་ལ་འབེབས་པའི་སྲོལ་བཟང་པོ་བཏོད། ཐ་སྙད་རིག་གནས་ཀྱི་ཚུལ་འདི་ལ་ཡང་ལག་རྗེས་ཆེན་པོ་བྱུང་བས་སེམས་ལ་འཕྲེང་བ་ཆེར་མེད། འོན་ཀྱང་འཕགས་པ་བསྙེན་པར་མ་རྫོགས་པ་དང་། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་མ་འགྱུར་བ་དང་། དུས་ཀྱི་འཁོར་ལོའི་རྒྱུད་ཕྲེང་འཛིན་གྱི་ཚིགས་བཅད་བཞིན་མ་འགྱུར་བ་གསུམ་མོ། །”① ཞེས་པ་ལྟར་ཁོང་གི་ཞལ་ཆེམས་ལས་ཀྱང་སྙན་ངག་སོགས་ཐ་སྙད་རིག་གནས་ལ་མཛད་རྗེས་གང་ཆེ་བ་བཞག་ཕྱིར་ཐུགས་ལ་འཕྲེང་བ་མེད་ཚུལ་གསུངས་པ་དང་།ལྷག་པར《སྙན་ངག་མེ་ལོང》བསྐྱར་དུ་བསྒྱུར་དགོས་པའི་དགོངས་པ་བཏོན་མེད་ལ། གསུང་བཤད་གཞན་དུའང་དེ་འདྲ་གང་ཡང་མི་སྣང་། སྙན་གཞུང་འགའ་ཞིག་ཏུ“ས་པཎ་གྱིས་འདི་ཐོར་རེ་ལོང་ངེ་བ་ཞིག་བསྒྱུར་ཅིང་འགྲེལ”བས་ཀྱང་བཀྲལ་མོད། ཅེས་ས་པཎ་མཁས་འཇུག་ཏུ་སྙན་གཞུང་འདི་ཉིད་ངོ་སྤྲོད་ཙམ་གྱི་ས་མཚམས་ལས་མ་བརྒལ་བར་བཤད་མོད། ཁོང་གིས་སྔར་རྒྱ་གར་དུ་ཉམས་ཀྱི་སྐོར་སྦྱོང་སྲོལ་ཆེན་པོ་ཡོད་པར་གཟིགས་ནས་མཁས་འཇུག་ཏུ་ཉམས་ཀྱི་སྐོར་དེ་དམིགས་ཀྱིས་ཟུར་འདོན་ཐོག ལེའུ་དང་པོའི་ཡོན་ཏན་བཅུ། ལུས་ཀྱི་རྣམ་གཞག་སོགས་རྒྱས་པར་གསུངས། དེ་བཞིན་སྙན་ངག་ཆེན་པོའི་མཚན་ཉིད་དང་རྩོམ་ཚུལ། དམིགས་བསལ་སོགས་ཀྱང་གསུངས་ཡོད་པ་གློ་བོ་མཁན་ཆེན་གྱི་མཁས་འཇུག་འགྲེལ་བར་གསལ། ལྷག་པར་རང་བཞིན་བརྗོད་པའི་རྒྱན་དང་། དཔེ་རྒྱན་གྱི་དང་པོ་ཆོས་དཔེ་ནས་ཐ་མའི་རྒྱུའི་དཔེའི་བར་གྱི་རྩ་བའི་དཔེར་བརྗོད་སོ་གཉིས་པོ་ཡོངས་སུ་རྫོགས་པར་བསྒྱུར་ཡོད་ཅིང་། གཟུགས་རྒྱན་ཉི་ཤུ་ལས་བསྙོན་དོར་གྱི་གཟུགས་ཅན་མ་གཏོགས་གཞན་རྣམས་ཡོངས་སུ་བསྒྱུར། གཞན་གསལ་བྱེད་ཀྱི་རྒྱན་དང་འགོག་རྒྱན་སོགས་ཀྱང་ལེགས་པར་བསྟན་ཟིན། དེས་ན་རྗེ་ས་པཎ་གྱིས་བོད་དུ་འཕྲོད་འབྱོར་ཆེ་བའི་རྒྱན་མཐའ་དག་ཡོངས་སུ་ལེགས་པར་བསྟན་མེད་དམ་སྙམ་སྟེ། ཉེར་བར་མཁོ་བ་ཐུན་མོང་བའི་རྒྱན་རྣམས་ཡོངས་སུ་རྫོགས་པར་བསྒྱུར་ཡོད་པ་ཁོང་གི་མཁས་འཇུག་རང་འགྲེལ་སོགས་སུ་ཤིན་ཏུ་གསལ་བས། འདིར་ཐོར་རེ་ལོང་ངེ་བ་ཙམ་གྱི་མིང་གིས་བསྙད་ན་ཤིན་ཏུ་མི་རིགས་པར་སེམས་ཏེ། ཐོར་རེ་ལོང་ངེ་ཞེས་པ་ནི་ཅུང་ཟད་ཆ་མི་ཚང་བ། གོ་རིམ་མེད་པ། མི་གསལ་བ་ཞིག་ལ་བྱ་ཡི། འདི་ལ་དེ་ལྟར་བསྙད་པའི་གླགས་མེད་དོ། །
མཇུག་སྡུད་པ།
རང་རེ་བོད་དུ་སྙན་ངག་གི་རིག་པ་ཞེས་རིག་པའི་གཞུང་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་ནས་སྙན་ངག་འབྲི་བའི་ལམ་སྲོལ་དེ་རྗེ་ས་པཎ་གྱིས《སྙན་ངག་མེ་ལོང》བསྒྱུར་པའི་རྗེས་ནས་ད་གཟོད་བྱུང་བར་སྨྲ་བ་དེ་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྤྱི་ལ་དམིགས་ཏེ་དགོངས་ནའང་། ས་པཎ་ཡར་སྔོན་དུ་བོད་ལ་རྒྱན་གྱི་བསྟན་བཅོས་ཀྱི་ལུགས་བཞིན་མཛད་པའི་སྙན་ངག་མེད་པ་མ་ཡིན་པ་སོགས་གོང་དུ་སྨྲས་ཟིན། ལྷག་པར་སྔོན་བྱོན་མཁས་པའི་གསུང་ཟིན་ནའང 《སྙན་ངག་མེ་ལོང》འདི་ལ་དཔལ་བརྩེགས་ཀྱི་འགྱུར་རྙིང་ཡོད་ཚུལ། ཆག་ལོས་མེ་ལོང་མའི་སྟོད་རྣམས་བསྒྱུར་ཚུལ་སོགས་ཡོད་ཕྱིར། གཞུང་འདིའི་ལོ་རྒྱུས་ཀྱི་དཀའ་གནས་མང་པོ་ཞིག་ད་དུང་གསེད་བཀྲོལ་བྱ་དགོས་པས། ཕྱི་རབས་གཞོན་སྐྱེས་དག་གིས་འདི་ནི་མ་བརྟག་གྱ་ཚོམ་སྨྲ་བ་རང་རེད་མི་སྙམ་པར་གཞུང་འདིའི་ལོ་རྒྱུས་གཙང་མ་རེ་འཆད་ཐུབ་པའི་རེ་བ་ཡང་ཡང་ཞུའོ། །
* སྨུག་པོ་བདེ་སྐྱོང་བྱམས། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང2021ལོའི་ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་རིག་གི་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
①② ས་པཎ། ས་སྐྱ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ།(སྟོད་ཆ)[M] བོད་ལྗོངས་བོད་རིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020:533.581-582.
③④ རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུར་མ་ལས་གྲགས་པ་རྒྱལ་མཚན་གྱི་གསུང་པོད་གཉིས་པ་བཞུགས།
[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2007:387
① མཚན་སྤེལ་སྒྲ་རྒྱན་ཞེས་པ་ནི་ཕྲན་གྱིས་གསར་དུ་བཏགས་པའི་མིང་ཡིན། དེ་ཡང་གདགས་གཞིའི་སྐོར་ལ་བོད་ཀྱི་རྩོམ་རིག་འཕེལ་རིམ་ནང་བརྗོད་
བྱའི་དངོས་པོ་གང་ཞིག་མིང་འབྲུ་རྣམས་ཚིགས་བཅད་ནང་བཀྲམ་སྟེ་རྩོམ་འབྲི་བའི་ལུགས་སྲོལ་ཞིག་དར་འདུག་ལ། འགྲོ་མགོན་འཕགས་པའི་གསུང་
ན། བླ་མའི་མཚན་སྤེལ་བའི་བསྟོད་པ་ཞེས་མིང་སྦྱར་བ་ཡང་འདུག
② དགེ་འདུན་རབ་གསལ། བོད་ཀྱི་རྩོམ་རིག་གི་བྱུང་བ་བརྗོད་པ་རབ་གསལ་མེ་ལོང་། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2003:130-131.
③④⑤ བསོད་ནམས་རྩེ་མོ། ས་སྐྱ་གོང་མ་རྣམ་ལྔའི་གསུང་འབུམ་དཔེ་བསྡུས་མ་ལས་བསོད་ནམས་རྩེ་མོའི་གསུང་པོད་དང་པོ་བཞུགས། [M] ཀྲུང་གོའི་
བོད་རིག་པ་དཔེ་སྐྲུན་ཁང་། 2007:149.157.
① ས་སྐྱ་པཎ་ཆེན་གྱི་དངོས་སློབ་གུང་ཐང་གི་བཙུན་པ་ཞང་རྒྱལ་བ་དཔལ་གྱིས་བྲིས་པའི《ས་སྐྱ་པཎ་ཆེན་གྱི་རྣམ་ཐར》ལས། བལ་པོའི་པཎྜི་ཏ་
སངྒྷ་ཤྲཱི་ལས་སྒྲའི་བསྟན་བཅོས་ཙནྡྲ་པ། སུ་བནྟ། ཏི་ངན་ཏ། སྡེབ་སྦྱོར་བྲྀཏྟ་མ་ལ། སྙན་ངག་སྣང་བའི་ཉི་མ་ལ་སོགས་པ་སྐྱེས་པའི་རབས། ཞེས་དང་།
ཆོས་ལ་གནས་པའི་སྐྱེས་བུ་དམ་པ་ཁ་ཆེ་པཎྜི་ཏའི་དྲུང་དུ་ཕྱིན་པའི་དུས་སུ་མཇལ་ནས་བཟུང་སྟེ། དཔལ་ལྡན་ས་སྐྱའི་དགོན་པར་ཡུན་རིང་དུ་བསྟེན་
ནས་ཆོས་གསན་པ་ལ། སྒྲ་ཀ་ལཱ་པ་དང་། མིང་དང་ཁམས་པའི་སྒྲུབ་པའི་རབ་བྱེད་གཉིས། ཚིག་སྒྲུབ་པ། པྲ་ཀྲྀ་ཡ། སྡེབ་སྦྱོར་རིན་ཆེན་འབྱུང་གནས། སྙན་
ངག་ཉི་མའི་འོད་ལ་སོགས་པ་ཆེན་པོ་གསུམ་དང་། གཞོན་ནུ་འབྱུང་བ་ལ་སོགས་པ་ཆུང་ངུ་གསུམ་དང་། མངོན་བརྗོད་ཨ་མ་ར་ཀོ་ཥཱ། ཟློས་གར་གྱི་བསྟན་
བཅོས་དང་བྷ་ར་ཏ། ཀླུ་རྣམས་རབ་ཏུ་དགའ་བར་བྱེད་པའི་ཟློས་གར། ཕྱི་དང་ནང་གི་གྲུབ་མཐའི་གནད་རྣམས་དང་།ཞེས་གསུངས་སོ། །(ས་སྐྱ་ཀུན་
དགའ་རྒྱལ་མཚན་གྱི་གསུང་འབུམ། སྨད་ཆ། [M] བོད་ལྗོངས་བོད་རིག་དཔེ་རྙིང་དཔེ་སྐྲུན་ཁང་། 2020:632-633)
② འབྲུག་པ་པདྨ་དཀར་པོ། སྙན་འགྲེལ་དཔེ་དཀོན་ཕྱོགས་བསྒྲིགས།(གླེགས་བམ་བཞི་པ)[G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2016:85.
③ པཎ་ཆེན་ཤཱཀྱ་མཆོག་ལྡན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ།(པོད་ཡ)[G] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2013:49.
① བཅོམ་ལྡན་རིག་རལ། བཅོམ་ལྡན་རིག་པའི་རལ་གྲིའི་གསུང་འབུམ་པོད་དང་པོ་བཞུགས་སོ། ། [M] སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་
ཁང་། 2022:71.
② ཚེ་ཏན་ཞབས་དྲུང་། རྗེ་འཇིགས་མེད་རིགས་པའི་བློ་གྲོས་མཆོག་གི་གསུང་འབུམ།(པོད་བདུན་པ)[M] མི་རིགས་དཔེ་སྐྲུན་ཁང་། 2007:176-
185.
③ ཆག་ལོ་ཆོས་རྗེ་དཔལ། ཆག་ལོ་ཙཱ་པ་ཆོས་རྗེ་དཔལ་གྱི་རྣམ་ཐར། [M] དབུ་ཅན་ལག་བྲིས། :21.
④ ཞེས་པ་འདིར་འབྲུག་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ཀྱིས་རྩོམ་པར་དམ་བཅའ་བར་བཀྲལ་བ་ཐུགས་ཤིན་ཏུ་དག དེ་བས་ཀྱང་
དངོས་པོ་ངེས་བསྟན་དུ་བཞག་ནའང་སློབ་དཔོན་གྱི་དགོངས་པ་དང་ཧ་ཅང་ཉེ་བར་མཐོང་སྟེ། རྒྱུ་མཚན། སྙན་གཞུང་འདིའི་མཛད་པོས། ཤིས་བརྗོད་
ཕྱག་བྱ་དངོས་པོ་ནི། ། ངེས་པར་བསྟན་པ་དེ་ཡི་སྒོ། ། ཞེས་བསྟན་བཅོས་ལ་འཇུག་པའི་སྒོ་གསུམ་ལས་མ་བསྟན་པའི་ཕྱིར།
① འདར་སྟོད་དགྲ་འདུལ་དབང་པོ། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2022:46.