གསུམ། ཀོང་པོ་དེ་མོ་གཡུང་དྲུང་འཛིན་གྱི་བཀའ་གཙིགས་དང་རྡོ་བརྐོས་གཞན།
1 བཀའ་གཙིགས་རྡོ་བརྐོས།
(དེབ་སྔོན་མར་མཐུད)ཀོང་པོ་ཉིང་ཁྲི་རྫོང་ངམ་དེང་གི་བྲག་ཡིབ་ཁུལ་སྨན་རི་ཡུལ་ཚོའི་གཡུང་དྲུང་འཛིན་གྲོང་ཚོའི་ཞིང་ཁར་བཙན་པོའི་དུས་ཀྱི་བཀའ་གཙིགས་རྡོ་བརྐོས་ཤིག་ཡོད། གྲོང་པ་དེར་གཡུང་དྲུང་འཛིན་ཟེར་བས་བྲག་བརྐོས་བཀའ་གཙིགས་དེར་ཡང་དེང་སྐབས་གཡུང་དྲུང་འཛིན་གྱི་བཀའ་གཙིགས་ཞེས་ཞིབ་འཇུག་སྡེ་ཁག་དག་གིས་འབོད། ཉིང་ཆུ་དང་ཡར་ཀླུང་གཙང་པོ་འདྲེས་མཚམས་ནས་ཀོང་པོ་བོན་རི་དང་། ཀོང་པོ་ཆུ་ཇོ་བོའི་ཕྱོགས་སུ་བསྐྱོད་པའི་ལམ་བར་ནས་བཀའ་གཙིགས་རྡོ་བརྐོས་དེ་གང་དུ་ཡོད་མེད་ལ་སྐད་ཆ་འདྲི་འགོ་ཚུགས། ད་སྔོན་ཞིབ་འཇུག་པ་མང་པོས་བཀའ་གཙིགས་དེར་ཀོང་པོ་དེ་མོའི་བྲག་བརྐོས་དང་། ཀོང་པོ་གཡུང་དྲུང་འཛིན་གྱི་བཀའ་གཙིགས་རྡོ་བརྐོས་སོགས་ཀྱི་མིང་གིས་བསྙད་པ་བཞིན་བདག་གིས་ཀྱང་དེའི་སྐོར་ལ་གནས་ཚུལ་འདྲི་རྟོག་བྱས་པ་ཡིན། བུད་མེད་ཅིག་ལ་དྲིས་པས། ང་ཚོའི་ཨ་ཅ་རྒྱ་བཟའི་རྡོ་རིང་ཟེར་བ་རེད། གཤམ་གྱི་གྲོང་པའི་ནང་དུ་ཡོད། དེར་སོང་ནས་སྐད་ཆ་དྲིས་དང་ཤེས་ཡོང་ཟེར། གྲོང་པ་དེར་སོང་ནས་ཕོ་སར་ཞིག་ལ་དྲིས་པར། ཨ་ཅ་རྒྱ་བཟའི་རྡོ་རིང་ཨེ་རེད། དེ་ངེད་ཚང་གི་ཁང་རྒྱབ་ཏུ་ཡོད། དེ་མིན་གཞན་མི་ཤེས་ཟེར། བཀའ་གཙིགས་རྡོ་བརྐོས་ཡོད་ས་དེར་ར་བ་ཆེན་པོ་ཞིག་བརྒྱབ་འདུག་ལ། ར་སྐོར་དེའི་ནང་དུ་འགྲོ་མཁན་མི་གཅིག་ཀྱང་མེད་པར་སྒོ་ཆེན་གཏན་འདུག །ཐབས་ཤེས་བརྒྱུད་ནས་ནང་དུ་སོང་། བཀའ་གཙིགས་རྡོ་བརྐོས་དངོས་ཀྱི་སྟེང་དུ་སྐྱེད་མོའི་ཚལ་གྱི་ངལ་གསོའི་ས་ཚིགས་ལྟ་བུའི་ཁང་པ་ཞིག་གིས་ཆར་ཁེབས་བསྐྲུན་འདུག །
བཀའ་གཙིགས་རྡོ་བརྐོས་དེ་ནི་རྒྱ་བཟའ་སྔ་ཕྱི་གཉིས་ལ་འབྲེལ་བ་སྤུ་ཙམ་མེད་པ་ཞིག་སྟེ། བཙན་པོ་ཁྲི་ལྡེེ་སྲོང་བཙན་གྱིས་ཀོང་རྗེ་དཀར་པོ་ལ་གནང་བའི་བཀའ་གཙིགས་ཡི་གེ་ཞིག་རེད། དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་བཀའ་གཙིགས་དང་པོ་བསྩལ་ཞིང་། ཀོང་དཀར་པོ་རྗེ་ནི་བཙན་པོའི་གཉེན་ཚན་དུ་གཏོགས་པས་ཁྲིམས་སྒོ་དང་ཁྲལ་འུ་ལག་སོགས་ཀྱང་རང་བདག་ལྟ་བུ་ཞིག་ཏུ་གནས་པ་ལ་སྐབས་འགར་ས་གནས་ཀྱི་འུ་ལག་པས་དཀའ་ཁག་དང་སུན་འཚེར་སྤྲད་པས། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཀོང་དཀར་པོ་རྗེའི་རེ་ཞུ་ལྟར་བཙན་པོས་སྔར་ནས་མཆིས་པའི་ཀོང་དཀར་པོའི་ཁྲིམས་སྒོ་རང་འཇགས་སུ་གནས་ཆོག་པའི་བཀའ་གཙིགས་གནང་བ་དང་། དེའི་ཕྱིས་བཙན་པོ་ཁྲི་ལྡེེ་སྲོང་བཙན་གྱི་སྐབས་ཀོང་དཀར་པོ་རྗེའི་སྔར་གྱི་དབང་ཆ་བརྟན་གནས་ཡོང་བའི་ཕྱིར་ཡང་བསྐྱར་བཙན་པོའི་གཞུང་ལ་ཞུ་བ་བརྒྱུད་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཀྱང་ཀོང་དཀར་པོ་ནི་བཙན་པོའི་གདུང་རྒྱུད་ཡིན་པ་དང་། སྤུ་རྒྱལ་གྱི་རྒྱལ་སྲིད་ལ་ལེགས་སྐྱེས་ཕུལ་ཡོད་པ་སོགས་ཀྱི་རྒྱུ་མཚན་གྱིས་བཀའ་གཙིགས་ཕྱི་མ་གནང་ཞིང་། རིན་ཆེན་ཕྲ་མེན་གྱིས་སྒྲོམ་བུ་བསྩལ་བའི་དཔེར་བྲིས་པ་གནང་ཞིང་། དེ་ནམ་ནམ་ཞར་ཞར་གཡུང་དྲུང་དུ་བརྟན་པའི་ཕྱིར་རིན་ཆེན་རྡོ་ལ་འཕྲུལ་གྱིས་བརྐོས་པ་ཞིག་རེད། འདི་ནི་ཕྱི་མ་དེ་ཡིན་ཞིང་། བཀའ་གཙིགས་འདི་ནི་བྲག་རྡོ་ཁ་ལྷོར་གཏད་ཅིང་བྲག་ངོས་སྙོམས་པོ་ཞིག་གི་ངོར་བརྐོས་ཡོད་ཅིང་། མཐོ་ཚད་ལ་ལི་སྨི་185དང་ཞེང་ཚད་ལ་ལི་སྨི་175ཡོད་ཅིང་དེའི་སྟེང་དུ་ཡིག་ཕྲེང་21དང་། ཁྱོན་བསྡོམས་ཡིག་འབྲུ་365བརྐོས་ཡོད་པར་བཤད་པ་ལས་ཡིག་འབྲུ་གཉིས་གསུམ་ཞིག་མག་མོག་ཏུ་ཡོད་པ་ལས་གཞན་རྣམས་ཞིབ་ཏུ་བལྟས་པས་གསལ་པོ་ཀློག་ཐུབ། དེ་མིན་ཞབས་རའི་མཐོ་ཚད་ལ་སྨི་25ཡོད་པའི་ངོས་སུ་གཡུང་དྲུང་གཡས་འཁོར་བཅུ་འཕྲེད་དུ་བསྟར་མར་བརྐོས་ཡོད་པ་ལས་མང་ཆེ་བ་མ་ཉམས་པར་ཡོད། ང་ཚོའི་བྲག་བརྐོས་བཀའ་གཙིགས་དེར་ཞིབ་ཏུ་བལྟས་ཟིན་ནས་ཕྱིར་ལོག་རན་ཁའི་ཕྱི་དྲོ་དེར་གྲོང་ཚོའི་དེའི་མི་ཚང་ཞིག་གི་སྒོ་ཁར་རྒད་པོ་ལོ་ན་ལྔ་བཅུ་དྲུག་ཅུ་ཙམ་ཨེ་ཡིན་སྙམ་པ་ཞིག་གིས་མཛོ་མོ་ཞིག་བཞོ་བཞིན་འདུག་པས་དེར"གྲོང་པ་འདིའི་མིང་ལ་ཅི་ཟེར"ཞེས་དྲིས་པར། "གཡུང་དྲུང་འཛིན་ཟེར"ཟེར། "ཀོང་པོ་གཡུང་དྲུང་འཛིན། གཡུང་དྲུང་འཛིན།"ཞེས་རྡོ་རིང་སྐོར་གྱི་རྩོམ་ཡིག་དག་ལས་བདག་གིས་མང་དུ་མཐོང་ཐོས་ཡོད་མོད། ཡུལ་དངོས་ཀྱི་རྟོག་ཞིབ་བྱ་བའི་གོ་སྐབས་ནི་ཐེངས་དང་པོ་ཡིན། རྒད་པོ་ཞིག་གིས་འོ་མ་འཇོ་བ་མཐོང་བ་ཐོག་མ་ཡིན་པས་མཚར་མཚར་དུ་མཐོང་མོད། དེ་ཡང་མི་སྲིད་པ་ཞིག་མ་རེད། ང་ཚོའི་ཕ་ཡུལ་དུ་ཡང་དེ་འདྲ་རེ་འགའ་ཡོད་པར་ཐོས་མྱོང་ཡོད། ཀོང་པོའི་ཡུལ་གྱི་རི་དང་ཆུ་ཡོད་ཚད་ཡུལ་སྐོར་བྱེད་གནས་སུ་གྱུར་ཅིང་། རང་བཞིན་གྱི་རི་དེའུ་རེ་དང་མཚེའུ་ཆུང་ངུ་རེ་ལ་ཡང་ལོ་རྒྱུས་དང་གཏམ་རྒྱུད་སྣ་ཚོགས་བསྒྲིགས་ཡོད་པར་ཐོས་ཀྱང་། རིན་ཆེན་དང་པོ་ཞུན་མར་བསྟར་བ་བྲེ་ཁྲི་སྟོང་རི་བའི་བཙན་པོའི་བཀའ་གཙིགས་དྲི་མ་མེད་པ་འདི་ལྟ་བུ་ཡང་བདག་མེད་ལྟར་དུ་གྱུར་པ་ནི་ལོ་རྒྱུས་དང་རིག་དངོས་ཀྱི་རིན་ཐང་ལ་བདག་པོ་རྒྱག་མ་ཤེས་པ་ལྟ་བུ་ཞིག་ཏུ་སྣང་། གང་ལྟར་ཁོ་བོ་ཀོང་པོའི་རོང་དུ་ལྟ་སྐོར་ལ་ཡོང་བའི་དོན་སྒོ་བཀའ་གཙིགས་འདི་མཇལ་བ་ལས་གཞན་མེད་ཀྱང་ཆོག་འདུག་སྙམ་པ་ཞིག་བྱུང་། བཀའ་གཙིགས་ཡི་གེ་འདིས་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་དོན་གནད་ཆེན་པོ་བཞི་ལ་གསལ་བཤད་ཐུབ་པར་འདོད། རྗེ་གཉའ་ཁྲིའི་ཡབ་ནི་ཕྱྭ་ཡབ་ལྷ་བདག་དྲུག་ཡིན་པ་དང་གཅིག །ཕོ་བྲང་ཕྱིང་བ་སྟག་རྩེ་རྗེ་གཉའ་ཁྲི་སོགས་ཁྲི་བདུན་སྐབས་ནས་བཞེངས་ཡོད་པ་དང་གཉིས། ཀོང་པོའི་རྒྱལ་པོ་ཀོང་དཀར་པོ་རྗེ་རྒྱལ་པོ་གྲི་གུམ་བཙན་པོའི་སྲས་ཉ་ཁྲིའི་གདུང་རྒྱུད་ཡིན་པ་དང་གསུམ། བཙན་པོའི་གཉེན་ཚན་ཡིན་ལ་བཙན་པོའི་གཞུང་ལ་བློ་དཀར་ཞིང་བྱས་རྗེས་ཡོད་མཁན་ལ་རང་གི་འདོད་མོས་ལྟར་དམིགས་བསལ་ཁྲིམས་སྒོ་རང་བདག་བྱ་ཆོག་བའི་སྲོལ་ཡོད་པར་མ་ཟད། དེར་ས་ཞིང་དང་། འབྲོག་ཐང་། བྲན་གཡོག་སོགས་སྔར་ཡོད་རང་འཇགས་དང་། རྒྱལ་རྒྱུད་གོ་བབ་རང་གི་གཉེན་ཚན་ནང་ཁུལ་ནས་རྒྱུན་འཛིན་བྱ་ཆོག་པ་དང་ཁྲལ་དང་འུ་ལག་མང་དུ་མི་གཏོང་བ་བཅས་སོ། །
2 ཞར་བྱུང་རྡོ་བརྐོས་རྙིང་པ་ཁག་ཅིག
བཀའ་གཙིགས་རྡོ་བརྐོས་ཀྱི་ཉེ་འཁྲམ་དུ་མ་ཎི་རྡོ་བརྐོས་རྙིང་པ་དང་། ལྷ་སྐུ་རྡོ་བརྐོས་རྙིང་པ་སོགས་རྡོ་བརྐོས་མང་དུ་ཡོད་ཅིང་། མ་ཎི་རྡོ་བརྐོས་རྙིང་ཐག་ཆོད་པ་བྲག་རྡོ་ཞིག་གི་སྟེང་དུ་བརྐོས་པ་ཞིག་འདུག་ཅིང་། དེའི་རིང་ཚད་ལ་སྨི་2ཙམ་དང་མཐོ་ཚད་ལ་ལི་སྨི་60ཙམ་འདུག །དེ་མིན་རྡོ་ཆུང་ངུའི་ངོར་བརྐོས་པའི་མ་ཎི་དང་། ལཉྫའི་ཡི་གེ་སོགས་ཀྱང་འགའ་རེ་འདུག །རྡོ་བརྐོས་ལྷ་སྐུ་ལ་སྤྱན་རས་གཟིགས་དང་།
འཇམ་དཔལ་དབྱངས། ཕྱག་ན་རྡོ་རྗེ། སྨན་བླ། གུ་རུ། གཞན་སྤྱན་རས་གཟིགས་གཙོ་སྐུ་ཡིན་པའི་རིག་གསུམ་མགོན་པོ་དང་། གུ་རུ་གཙོ་འཁོར་གསུམ་རྣམས་རྡོ་གཅིག་གི་སྟེང་དུ་བརྐོས་པ་སོགས་རྡོ་སྐུ་རྙིང་པ་བཅུ་གྲངས་ཤིག་འདུག་ལ། དེའི་གྲས་ཀྱི་རྡོ་སྐུ་བཞི་ལྔ་ཞིག་སྤྱན་རས་གཟིགས་རེད་འདུག །གསར་བཞེངས་མ་ཎི་རྡོ་རྩིག་ཅིག་གི་ཕྱོགས་སོ་སོའི་མཐའ་སྐོར་དུ་རྡོ་སྐུ་རྙིང་པ་རྣམས་བཞག་འདུག་ཅིང་། མ་ཎི་རྡོ་རྩིག་དེའི་ནང་ལོགས་སུ་ད་དུང་རྡོ་སྐུ་རྙིང་པ་ཡོད་མེད་མ་ཤེས། འདིར་ཡོད་པ་རྣམས་ནི་བཟོ་རྩལ་དང་རྣམ་པ་གང་ལ་བལྟས་ཀྱང་རྒྱ་གར་གྱི་ལུགས་ལྟར་བཞེངས་པ་སྟེ་ཤ་ཉམས་རྒྱགས་ཅིང་། གཙུག་ཏོར་ཟླུམ་ལ་མཐོ་བ། པད་གདན་མཐོ་ལ་ཆེ་བ། ཕྱག་མཚན་ཤིན་ཏུ་གསལ་པོར་མངོན་ཞིང་ན་བཟའི་རི་མོ་ཤིན་ཏུ་གསལ་བ་ཤ་སྟག་རེད། དེ་ལས་འཇམ་དབྱངས་ཀྱི་ཕྱག་གཉིས་ཆོས་འཆད་ཕྱག་རྒྱ་ལྟར་དུ་གནས་ཤིང་། གཡས་གཡོན་གྱི་པདྨའི་འདབ་མའི་སྟེང་སུ་གཡས་སུ་རལ་གྲི་དང་། གཡོན་དུ་པུ་ཏི་ཡོད་པ་ཞིག་དང་། སྤྱན་རས་གཟིགས་ཀྱི་དབུའི་གཙུག་ཏོར་མཐོ་ལ་དེར་དབུ་རྒྱན་ལེགས་པར་བརྒྱན་པ་སྐུ་གཅིག་གཉིས་ཤིག་ལ་དབུ་སྟེང་དུ་ཨ་མི་དྷེ་ཝའི་སྐུ་དང་། དབུ་སྐྲ་ལྕང་ལོ་ལྟར་གནས་ཤིང་། ན་བཟའ་དར་ཟབ་ལྟ་བུའི་བརྒྱན་པ་སོགས་རྒྱན་ཆ་ལུགས་རྫོགས་པ་ཞིག་ཏུ་འདུག །གུ་རུ་གཙོ་འཁོར་གསུམ་ལས་གཙོ་སྐུ་གུ་རུ་ནི་ཞབས་དཀྱིལ་དྲུང་གིས་བཞུགས་ཤིང་དབུར་པད་ཞྭ་མནབས་པ། དབུ་སྐྲ་ལྟག་རྒྱབ་ཏུ་གཟར་བ། སྙན་ཐད་སོར་རྒྱ་ཆེ་ཞིང་། དེའི་སྣེར་སྙན་རྒྱན་བཏགས་པ། ཕྱག་གཡས་རྡོ་རྗེ་དང་གཡོན་ཀ་པཱ་ལ་བསྣམས་པ། གཡས་ཀྱི་ལྷ་མོའི་ཕྱག་གཡོན་དང་། གཡོན་པས་ཕྱག་གཡས་ཀྱིས་མཆོད་པ་འབུལ་བའི་རྣམ་པར་གནས་པ་ཞིག་ཏུ་འདུག གཡས་སུ་ཡོད་པ་དེ་ལྷ་ལྕམ་མནྡ་ར་བ་དང་། གཡོན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་པར་སྤྱི་ལུགས་ལྟར་ཚོད་འཇོག་བྱས། གུ་རུ་གཙོ་འཁོར་གསུམ་གྱི་སྐུ་འདི་བདག་གིས་འཕྲིན་ཕྲན་དུ་བཀྲམ་པ་དང་དེང་གི་ཕ་ཀི་སི་ཐན་གྱི་ཨོ་རྒྱན་ཡུལ(SwatValley斯瓦特河谷)ནས་བྱུང་བའི་གནའ་བོའི་རྡོ་སྐུ་དང་ཤིན་ཏུ་འདྲ་བར་འདུག་ཅེས་གླེང་སློང་བྱུང་། རྡོ་སྐུ་དག་གི་ཆེ་ཆུང་ཚད་ནི། ཕལ་ཆེར་སྲིད་དུ་ལི་སྨི་50ནས་60ཙམ་དང་། ཞེང་ཚད་ལ་ལི་སྨི་35ནས་50ཡས་མས་ཙམ་ཡོད་འདུག །རིག་གསུམ་མགོན་པོའི་སྐུ་དང་། གུ་རུ་གཙོ་འཁོར་གྱི་སྐུ་གཉིས་ཞེང་དེ་ལས་ཆེ་ཙམ་འདུག །རྡོ་སྐུ་འདི་དག་རྙིང་ཐག་ཆོད་པ་འབའ་ཞིག་ཏུ་འདུག་ཀྱང་ད་སྔོན་དེའི་སྐོར་གྱི་ཞིབ་འཇུག་ཟིན་ཐོར་བཀོད་པ་ཞིག་གཏན་ནས་མ་མཐོང་བ་དང་། བདག་གི་ད་ཐེངས་ཀྱི་ལྟ་སྐོར་དུས་ཡུན་ཐུང་དྲགས་པ་སོགས་ཀྱིས་ལེགས་པར་དཔྱད་པའི་རྔོ་མི་ཐོགས་ཀྱང་དཔྱད་གཞིའི་ས་བོན་དུ་འབུལ་བ་ཡིན་ནོ། །
བཞི། འཛམ་གླིང་ཤུག་སྡོང་རྒྱལ་པོ།
ཞོགས་པ་དེར་ཉིང་ཁྲི་གྲོང་ཁྱེར་གྱི་སྨད་ཕྱོགས་སུ་ལེ་དབར་གསུམ་ཙམ་གྱི་མཚམས་སུ་ཡོད་པའི་འཛམ་གླིང་ཤུག་སྡོང་རྒྱལ་པོ་ཞེས་བསྙད་པའི་སྐྱེད་མོས་ཚལ་དུ་ལྟ་སྐོར་ལ་སོང་། དེར་ཤུག་པའི་རིགས་དང་གསོམ་ཤིང་གི་རིགས་སོགས་ཤིང་སྡོང་རིགས་སྣ་ཚོགས་པ་མང་དུ་སྐྱེས་ཡོད་ཅིང་། ཤུག་སྡོང་རྒྱལ་པོ་ཡོད་སར་སླེབས་པ་དང་ཡུལ་མི་འགའ་རེས་གཡོན་སྐོར་གྱིས་སྐོར་བ་བྱེད་བཞིན་འདུག །ཤུག་སྡོང་ཆེན་པོའི་མཐའ་ལ་ར་བས་བསྐོར་ཅིང་ར་བའི་ཕྱི་ལོག་ལ་ཁ་བཏགས་ཀྱིས་བཀང་འདུག །བདག་གིས་ཡུལ་མི་ཚོའི་དད་མོས་ལ་བརྩི་འཇོག་ཆེད་དུ་ཤུག་སྡོང་དེར་གཡོན་སྐོར་རམ་བོན་སྐོར་བྱེད་ཞོར་དུ་བུད་མེད་རྒན་པ་ལོ་ལོན་ཞིག་ལ་སྐད་ཆ་དྲིས་པ་ཡིན། བུད་མེད་དེས། འདི་ནི་སྟག་ལྷའི་སྐུ་ཤུག་རེད་ཟེར། ཡང་གཞན་ཞིག་གིས་སྐུ་ཤུག་རེད་ཅེས་བརྗོད། ཤུག་སྡོང་དེའི་ངོ་སྤྲོད་རྡོ་ཡིག་ཏུ་ཤུག་སྡོང་གི་རིང་ཚད་ལ་སྨི་50ཡོད་པ་དང་། སྦོམ་ཚད་འཁོར་རྒྱ་ལ་སྨི་14དང་ལི་སྨི་80ཡོད། ལོ་ཚད་ནི་སྤྱི་ལོ་2015ལོའི་བར་དུ་3233ཡོད་པར་བྲིས་འདུག །ཕྱི་དྲོ་ཕྱིར་མགྲོན་ཁང་དུ་ལོག་རྗེས་ཤུག་སྡོང་རྒྱལ་པོའི་སྐོར་ལ་ཡིག་ཆའི་ཁུངས་བཙལ་བས། གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་འཕྲེང་བ་ལས། ཉང་ཆུ་བརྒྱུད་ནས་ཀོང་ཡུལ་གནས་སུ་གཤེགས། །བདུད་ཀྱི་དམག་ཚོགས་རི་གསུམ་འདུས་མགོར་བསགས། །སྟོན་པ་ཀོང་པོ་བྲག་ཕྱི་ལ་ཁར་ཕེབས། །བར་ཆད་བདུད་འདུལ་སྟོན་པའི་བྱིན་རླབས་གནས། །རི་ཡི་རྒྱལ་པོ་རི་རྒྱལ་རིན་ཆེན་སྤུངས། །ཆུ་བོའི་རྒྱལ་པོ་ཡན་ལག་བརྒྱད་ལྡན་བབས། །སྟོན་པའི་ཐུགས་རྗེས་ལྷ་དམག་གསས་དམག་བསྐུལ། །ཤིང་གི་རྒྱལ་པོ་གསང་བའི་ཤུག་པ་འཁྲུངས། །མི་འགྱུར་བཀའ་རྟགས་ཞབས་རྗེས་ཕྱོགས་བཞིར་བཞག །ཅེས་དང་། གཏེར་ཁ་སྣ་ཚོགས་སྦས་པར་ལུང་བསྟན་ལས། །བོད་ཡུལ་རུ་བཞི་ཁ་ལོ་བསྒྱུར་བའི་ཕྱིར། །སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ཚུལ་དུ་བཞུགས། །སྐུ་རྟེན་དྲི་མེད་ཤེལ་སྐུ་ཆ་ལྔ་དང་། །སྐུ་ཚད་སྐུ་ཤུག་ལྡེམ་དྲུག་རྟེན་དུ་བཞག །གསུང་རྟེན་འཁར་ཆེན་རང་གྲགས་གཡུ་མདངས་དང་། །འཁར་ཆུང་ཤེལ་འོད་འཚེར་ཞེས་བྱ་བ་སྦས། །ཐུགས་རྟེན་བོན་རི་ཆེན་པོ་བྱ་བ་དང་། །གསེར་གྱི་མཆོད་རྟེན་བང་རིམ་དགུ་པ་རྣམས། །སྐུ་གསུང་ཐུགས་ཀྱི་རྟེན་དུ་རྗེས་བཞག་མཛད། །གཉན་ཁྲི་སྟེང་དུ་སྐུ་ཚད་སྐུ་ཤུག་མདུན། །
མཚན་ལྡན་ཁྱེའུ་བཞིའི་ཞབས་རྗེས་རེ་རེ་ཡོད། །སྐུ་ཚད་སྐུ་ཤུག་ལྡེམ་དྲུག་བྱ་བ་དེ། །ཕྱི་ལྟར་སྟོན་པ་ཉིད་ཀྱི་སྐུ་ཚད་ཡིན། །ནང་ལྟར་རིག་དྲུག་འདུལ་བའི་ཐུབ་པ་དྲུག །གསང་བ་ཞིང་དྲུག་མངོན་པར་གསལ་བར་བཞུགས། །ཞེས་གསུངས་པ་ལྟར་སྔོན་ཀོང་ཡུལ་གྱི་བདུད་ཁྱབ་པ་ལག་རིང་གིས་སྟོན་པ་གཤེན་རབ་ཀྱི་རྟ་ཁྱུ་ཞིག་བརྐུས་ནས་ཀོང་རྗེ་དཀར་པོའི་ཕོ་བྲང་དུ་སྦས་པ་ལ་སྟོན་པ་ར་མདར་ཡོང་བའམ་མཐའ་འཁོབ་དགེ་བསྒྱུར་བདུད་ཁམས་འདུལ་བ་དང་། བོད་ཁམས་རུ་བཞི་འགྲོ་བ་འདྲེན་པའི་དུས་སུ་བབ་པ་མཁྱེན་ནས་ཀོང་ཡུལ་དུ་བྱོན་ཞིང་། བདུད་ཁྱབ་པ་ལག་རིང་གིས་གླགས་སྣ་ཚོགས་པ་བཙལ་ཡང་མ་ཐུབ་པར་མཐའ་མར་འཁོར་དུ་བསྒྱུར། བོད་ཁམས་རུ་བཞི་བོན་གྱི་སྒོ་རུ་བཙུད་པ་སོགས་ཀྱི་སྐབས་ཤིང་གི་རྒྱལ་པོ་གསང་བའི་ཤུག་པ་འཁྲུངས་ཞེས་སྐབས་དེར་ཤུག་སྡོང་རྒྱལ་པོ་འདི་ཉིད་འཁྲུངས་པར་གསུངས་པ་དང་། གཞན་ཡང་གཏེར་ཁ་སྣ་ཚོགས་པ་སྦས་པར་བཤད་པ་ལས་སྐུ་རྟེན་གྱི་གྲས་སུ་སྐུ་ཤུག་ཡོད་པར་བསྟན་པ་སོགས་ཀྱིས་མཚོན་ཤུག་སྡོང་དེ་རྩ་ཆེན་དུ་བཟུང་ནས་ད་ལྟའི་བར་ཡུལ་མི་དག་གིས་དད་གུས་བྱེད་བཞིན་པ་རེད་འདུག །
དེས་ན་སྟག་ལྷའི་སྐུ་ཤུག་ཡིན་དང་སྟོན་པ་གཤེན་རབ་ཀྱི་སྐུ་ཤུག་ཡིན་ཁ་ཚོན་གཅོད་དཀའ་ཡང་།
ཡུལ་མི་དག་གིས་ད་ལྟའི་བར་དུ་དད་གུས་རྩ་ཆེན་དུ་འཛིན་བཞིན་པ་ལས་བོན་གྱི་སྐུ་ཤུག་ཅིག་ཡིན་པ་ནི་གསལ་པོ་རེད། དུས་རབས་སྔོན་མའི་མཇུག་ཏུ་བོད་རིག་པའི་མཁས་པ་མཁར་རྨེའུ་བསམ་གཏན་ལགས་ཀྱང་ཡུལ་འདིར་ཕེབས་ཏེ་ཟིན་བྲིས་ཕབ་ཡོད་པ་རེད། ཁོང་གིས། ཉིང་ཁྲིའི་སྐུ་ཤུག་ཅེས་པའི་བོན་གྱི་ལྷ་ཤིང་དེ་སྲུང་སྐྱོབ་ཡག་པོ་བྱས་འདུག །ཤུག་པ་དེ་ནི་གཤེན་རབ་མི་བོས་བཏབ་གནང་མཛད་པར་གྲགས་ཤིང་། ད་ལྟ་ལྷ་ཤིང་ཤུག་པ་དེར་རྡོ་བརྩིགས་ཀྱི་ར་བ་བསྐོར་ནས་སྲུང་སྐྱོབ་བྱས་ཡོད། ཅེས་གསུངས་ཡོད། སྐུ་ཤུག་གི་ལོ་ཚད་ནི་རྒྱུ་མཚན་གང་ལ་བརྟེན་ནས་གཞལ་བར་གསལ་ཆ་མེད་ཀྱང་། གཤེན་རབ་མི་བོས་བཏབ་པ་ཡིན་པའི་དབང་དུ་བྱས་ན་གཤེན་རབ་མི་བོའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མང་དུ་ཡོད་ཀྱང་ཉེ་དུས་ཀྱི་མཁས་པ་ནམ་མཁའི་ནོར་བུ་སོགས་ཀྱིས་མདོ་གཟེར་མིག་དང་སྦྱར་ནས་གཤེན་རབ་སྐུ་འཁྲུངས་ནས་2023ལོའི་བར་དུ་མི་ལོ་3941ཙམ་ཕྱིན་ཡོད་པར་བཤད་པ་དང་། བོད་ཀྱི་གསོ་རིག་མཁས་པ་གོ་འཇོ་དབང་འདུས་ལགས་ཀྱིས་ཀྱང་དར་ལྡིང་གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱི་ལུང་ལ་བརྟེན་ནས་སྟོན་པ་གཤེན་རབ་སྐུ་འཁྲུངས་ནས་སྤྱི་ལོ་2023ལོའི་བར་དུ་མི་ལོ་3881ཙམ་ཕྱིན་ཡོད་པར་གསུངས་པ་སོགས་སྟོན་པ་གཤེན་རབ་འཇིག་རྟེན་ཁམས་སུ་སྐུ་འཁྲུངས་ནས་མི་ལོ་བཞི་སྟོང་ལ་ཉེ་བ་ཞིག་འདས་ཟིན་པར་མཁས་པ་མང་པོས་མགྲིན་གཅིག་ཏུ་བརྗོད་བཞིན་ཡོད་པས་གོང་གི་ངོ་སྤྲོད་རྡོ་ཡིག་ཏུ་བཀོད་པའི་ལོ་ཚིགས་དེ་ཡང་གཞི་གང་ལ་བཅོལ་བ་ཡིན་མ་ངེས་སོ། །
ལྔ། ཀོང་པོ་སྨན་གྱི་ལུང་པ།
ཀོང་པོ་སྨན་གྱི་ལུང་པ་ནི། བདག་ཀོང་པོ་ཡུལ་དུ་སླེབས་པ་དང་ཡུལ་དངོས་རྟོག་ཞིབ་ཏུ་མ་སོང་ཐབས་མེད་ཀྱི་གནས་ཤིག་ཡིན། དེ་ཡང་ཉིང་ཁྲི་གྲོང་ཁྱེར་ནས་སྨན་གླིང་རྫོང་གི་མངའ་ཞབས་ན་ཡོད་པའི་ཀོང་པོ་སྨན་གྱི་ལུང་པ་ཞེས་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་ཐོག་མར་བཙུགས་པའི་བོད་ཀྱི་གསོ་རིག་སློབ་གླིང་ཐོག་མའམ་མིང་གཞན་ལ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་རྗེས་ཤུལ་དང་། གཡུ་ཐོག་པས་བདུད་རྩི་ཡོན་ཏན་སྒྲུབ་པའི་ཕུག་པ་སོགས་ལ་ལྟ་སྐོར་དུ་སོང་། ཀོང་པོ་སྨན་གྱི་ལུང་པ་ནི་ཚང་ཚིང་ནགས་ཚལ་གྱིས་རབ་ཏུ་སྟུགས་ཤིང་། འདབ་ཆགས་བྱ་རིགས་འདྲ་མིན་གྱི་སྐད་སྙན་འབྱིན་པ། རང་བྱུང་གི་རྩི་ཐོགས་སྣ་ཚོགས་པས་ཡུལ་ཁམས་དྲི་བསུང་གིས་ཁྱབ་པ་སོགས་རང་བྱུང་ཁམས་ཀྱི་ཡོན་ཏན་སྣ་ཚོགས་ཀྱིས་མ་ཁྱབ་པ་མེད་པའི་ཡུལ་ཞིག་ཡིན་ལ། དེང་གི་ས་ཚིགས་ལྟར་ན་སྨན་གླིང་རྫོང་ལྷོ་པ་མི་རིགས་ཤང་ཞེས་པའི་ཁོངས་སུ་གཏོགས། ལྷོ་པ་མི་རིགས་ཤང་ཞེས་པ་དེ་ཡང་དེང་སང་གི་བར་དུ་ཡུལ་སྲོལ་དང་། དད་མོས་སོགས་ཕྱོགས་མང་པོར་བལྟས་ཀྱང་ང་ཚོ་བོད་རིགས་དང་གཅིག་མཚུངས་སུ་འདུག །
ལུང་པ་དེར་དེང་སྐབས་ཡུལ་སྐོར་ལྗོངས་རྒྱུ་སོགས་ལ་དམིགས་ནས་གནས་ཡུལ་ལུང་པ་(南伊沟)ཞེས་མིང་དུ་བཏགས་འདུག །གནས་ཡུལ་ལུང་པ་ནས་མིས་བཟོས་ལམ་བུ་བརྒྱུད་ནས་ལུང་པའི་ཕུ་ལ་བསྐྱོད་པས་རི་སྐེད་ཙམ་དུ། རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས་བདུད་རྩི་ཡོན་ཏན་སྒྲུབ་པའི་ཕུག་པར་མཇལ། ཕུག་པ་དེ་ཁ་ལྷོར་བསྟན་པའི་བྲག་སྐྱིབས་ཆེན་པོ་ཞིག་ཡིན་ཞིང་། བྲག་ལྡེབས་སུ་རྗེ་བཙུན་གཡུ་ཐོག་པའི་སྐུ་བརྙན་བཟོ་ལེགས་པ་ཞིག་བརྐོས་འདུག །བྲག་གི་ངོས་གཞན་རྣམས་སུ་གནས་མཇལ་བ་རྣམས་ཀྱིས་ཁ་བཏགས་ཀྱིས་གཡོགས་འདུག །
བྲག་ཕུག་དེའི་ནང་ནི་རླན་གཤེར་ཤས་ཆེ་བ་དང་།
ཉི་མ་ལེགས་པར་འཆར་མི་ཐུབ་པས་ཕྱི་ལོག་ལ་ས་ཆུ་གྲོས་ཡོད་ཀྱང་ནང་དུ་ད་དུང་འཁྱག་རོམ་མ་ཞུ་བར་ལུས་འདུག །དེང་སང་མི་འགའ་རེས་རྡོ་སྐུ་དེ་ནི་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་ཡིན་པར་བཤད་པ་ནི། དགོས་པ་དམིགས་ཡུལ་གཞན་གྱིས་ཤེས་བཞིན་དུ་རྫུན་སྨྲ་བའམ། ཡང་ན་རིག་གནས་རྒྱབ་ལྗོངས་ཀྱི་གཏིང་མ་དཔོག་པར་གཟུ་ལུམ་དུ་སྨྲས་པ་གང་རུང་ཞིག་ཡིན་ངེས། གཡུ་ཐོག་པའི་རྣམ་ཐར་བཀའ་རྒྱ་མར། གཡུ་ཐོག་ཡོན་ཏན་མགོན་པོ་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་བཞུགས་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་། དེའི་ཡབ་མེས་ཨག་ཚོམ་གཉིས་ཀྱི་བླའི་སྨན་པ་མཛད། ཅེས་གསུངས་པའི་བཙན་པོའི་བླ་སྨན་ཆེན་པོ་རྗེ་བཙུན་གཡུ་ཐོག་རྙིང་མ་དགུང་ལོ་ང་ལྔའི་སྟེང་རང་གི་སློབ་མ་བདེ་བ་དཔལ་སོགས་ཕྱག་ཕྱིར་ཁྲིད་ནས་ཀོང་པོ་སྨན་ལུང་དུ་སྨན་གྱི་སློབ་གླིང་ལྟ་ན་སྡུག་གསར་དུ་བཙུགས། སློབ་མ་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་། དཔལ་ལྡན་རྒྱུད་བཞི་ཆ་ལག་ཁ་སྐོང་དང་བཅས་པ་སྦྱང་བྱའི་གཙོ་བོར་གནང་བ་དང་།
དེ་དང་འབྲེལ་ཡོད་ཀྱི་རྩིས་དཀར་ནག་སོགས་རིག་པའི་གནས་ཐམས་ཅད་ལ་སྦྱངས་པ་མཐར་ཕྱིན་པར་གནང་སྟེ་སྨན་པ་འབུམ་རམས་པ་དང་། རབ་འབྱམས་པ། བཀའ་བཅུ་པ། བསྡུས་ར་སོགས་མང་དུ་བྱུང་སྟེ་གསོ་དཔྱད་ཀྱི་འཕྲིན་ལས་བསྐྱངས། སྨན་གྱི་དཀྱིལ་འཁོར་ལྟ་ན་སྡུག་གི་རྗེས་ཤུལ་ད་ལྟ་ཡང་རྩིག་ཀོག་ཤིན་ཏུ་རྒྱ་ཆེན་པོ་མཐོང་ལམ་དུ་ཡོད་ཅིང་། རྗེས་ཤུལ་དེར་གསལ་བ་ལྟར་ན་དང་ཐོག་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་སློབ་གླིང་བཞེངས་སྐྲུན་སྐབས་ཀྱང་སངས་རྒྱས་སྨན་བླའི་དཀྱིལ་འཁོར་ལྟར་དུ་བཞེངས་པའི་མུ་ཁྱུད་དང་ལྟེམ་རིམ་སོགས་ཡོད། དེའི་དཀྱིལ་དུ་གཙུག་ལག་ཁང་གི་ཤུལ་གྱི་རྩིག་པ་ཡང་ཁ་ཞེང་རྒྱ་ཆེ་བ་དང་། ཤིན་ཏུ་རྙིང་ཀོག་ཏུ་སོང་སྟེ་ནང་ལྡེབས་སུ་སྐྱེས་པའི་ཤིང་སྡོང་རྣམས་ཀྱང་ད་ལྟ་ཤིན་ཏུ་ཆེན་པོར་ཆགས་ཡོད་པ་སོགས་ངོ་མཚར་བའི་རྗེས་ཤུལ་མང་དུ་མཐོང་རྒྱུ་ཡོད། བདག་གནས་འདིར་སླེབས་པ་དང་། རང་ཉིད་བོད་ཀྱི་གསོ་བ་རིག་པ་ལ་དགའ་དད་མོས་པ་ཡོད་མཁན་ཞིག་དང་། ལས་དང་སྐལ་བ་བཟང་པོའི་ཉེར་ལེན་གྱིས་བོད་ཀྱི་གསོ་བ་རིག་པར་མི་ལོ་བཅུ་ཕྲག་ལ་སློབ་སྦྱོང་འདྲེས་གོམས་བྱུང་བའི་བག་ཆགས་ཀྱིས་རྗེ་བཙུན་དམ་པ་ཡོན་ཏན་མགོན་པོའི་བཀའ་དྲིན་ཡིད་ལ་བཅགས་ཏེ་མཁས་པ་ཆེན་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པའི་གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་ཚིག་རྗེས་དོན་དྲན་གྱིས་ཀློག་འདོན་དང་སྦྲགས་དཔལ་ལྡན་རྒྱུད་དུ་གསུངས་པའི། ཐམས་ཅད་འདུས་པའི་རྒྱུད་འདི་ཁྱུང་ལྡིང་འདྲ། །ནད་ཀྱི་གནས་སུ་ཉམ་ང་ཡོད་མ་ཡིན། །ཞེས་སོགས་དྲན་སོས་བྱེད་བཞིན་རྗེ་བཙུན་གཡུ་ཐོག་པའི་བསྟན་པར་ཞབས་ཞུ་ཅུང་ཙམ་རེ་འགྲུབ་པའི་སྨོན་འདུན་དང་། སྔར་ལས་ཀྱང་བོད་ཀྱི་གསོ་བ་རིག་པའི་གཞུང་བཟང་འདིར་མུ་མཐུད་དེ་སློབ་སྦྱོང་ཞིབ་འཇུག་ཅི་ནུས་བྱ་རྒྱུའི་དམ་བཅའ་དང་འདུན་པ་ཤུགས་དྲག་ཏུ་བྱུང་། སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་གི་རྩིག་ཀོག་རྙིང་པ་ཞིག་གི་ཤུལ་ནས་རྡོ་དུམ་ཆུང་ངུ་ཞིག་དྲན་རྟེན་དུ་ཉར་ཚགས་བྱས། རྗེ་བཙུན་གཡུ་ཐོག་པས་ཡུལ་དབུས་སོགས་སུ་སྨན་གྱི་སློབ་གྲྭ་མི་བཙུགས་པར་ཀོང་པོ་སྨན་ལུང་དུ་བཙུགས་པ་ནི་ལྷག་པའི་ལྷས་ལུང་བསྟན་སོགས་དགོས་པ་དམིགས་བསལ་བ་ཡིན་པར་བཤད་མོད། བདག་གིས་བསམ་བློ་བཏང་ན་ད་དུང་རྒྱུ་མཚན་གཞན་ཞིག་ཡོད་པ་ནི། ཀོང་པོའི་ཡུལ་ནི་ས་བབ་ཕུན་སུམ་ཚོགས་ཤིང་།
གནམ་གཤིས་དྲོ་གྲང་སྙོམ་པ། ཆར་ཆུ་མོད་པ་སོགས་རང་བྱུང་ཁམས་ཀྱི་མཐུན་རྐྱེན་འཛོམས་ཤིང་། སྨན་རྫས་སུ་སྤྱོད་པའི་རྩྭ་ལྡུམ་སོགས་རྩི་ཤིང་གི་རིགས་ཀུན་ཡུལ་གཞན་ལས་མོད་པོ་ཡོད་པ་དང་། གཞན་ལས་སྐྱེ་སྟོབས་ཆེན་པོ་ཡོད་པ་སོགས་ལ་འབྲེལ་བ་ངེས་ཅན་ཡོད་ངེས་ཡིན། ཕུ་ན་གངས། བར་ན་རྫ། ཀླུང་ན་ནགས་ཚལ་ཆེན་པོ་ཡིན་པས་དེར་གནས་པའི་སྲོག་ཆགས་ཀྱི་སྨན་རྫས་ཀྱང་མ་འཛོམས་པ་མེད་པ་སོགས་ཀྱི་དགེ་མཚན་ཆེན་པོ་ཡོད་པ་ཞིག་རེད།
དེ་ཡང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ནི། བོད་ས་སྤྲེལ་སྤྱི་ལོ་708ལོར་ཡབ་གཡུ་ཐོག་ཁྱུང་པོ་རྡོ་རྗེ་དང་། ཡུམ་རྒྱ་ས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་ཡུལ་དབུས་ལྷ་ས་སྟོད་ལུང་སྐྱིད་སྣ་རུ་སྐུ་འཁྲུངས། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མེས་ཨག་ཚོམ་ཅན་གཉིས་ཀྱི་བླ་ཡི་སྨན་པ་མཛད། བྲང་ཏི་རྒྱལ་མཉེས་མཁར་ཕུག་སོགས་གསོ་རིག་མཁས་པ་དག་གིས་བསྟོད་བསྔགས་ཆེན་པོ་ཐོབ། སྔ་གཞུག་ཏུ་རྒྱ་དཀར་ནག་དང་།
བོད་ཡུལ་གྱི་ས་གནས་སོ་སོར་ཕེབས་ཏེ་སྨན་དཔྱད་དང་ལག་ལེན་གྱི་འགྲོ་དོན་རྒྱ་ཆེན་པོ་གནང་། རྒྱུད་འགྲེལ་སྟོང་དང་རྩ་གཅིག །རོ་བཀྲ་འཕྲུལ་གྱི་མེ་ལོང་།
ཐུར་དཔྱད་གནད་ཀྱི་ལྡེ་མིག །རྒྱུད་བཞིའི་ཐེམ་ཡིག །
ཁྲིད་ཡིག་བརྒྱ་དང་རྩ་གཅིག་སོགས་ཕྱི་ནང་གི་རིག་གནས་སྤྱི་དང་། དགོས་སུ་དཔལ་ལྡན་གསོ་བ་རིག་པའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཇི་སྙེད་ཅིག་མཛད། ཁྱད་པར་དུ་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཐམས་ཅད་ཀྱི་རྒྱལ་པོ་དཔལ་ལྡན་རྒྱུད་བཞིའི་ཕྱི་མོ་རྩོམ་སྒྲིག་གནང་སྟེ་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་ཀྱི་ལམ་ལ་ཡལ་བ་མེད་པའི་མཛད་རྗེས་ཆེན་པོ་བཞག་ཡོད་དོ། །ཇི་སྐད་དུ། བདག་དང་གཞན་གཉིས་རྩོད་པ་བྱེད་པ་ལ། །དཔང་པོ་ཐུབ་པའི་སྨན་པ་བོད་ན་མེད། །བདག་ནི་གསོ་དཔྱད་རྒྱ་མཚོའི་ཕ་རོལ་སོན། །དྲིས་པའི་ལན་ལ་ཐོགས་མེད་ལན་ཡང་འདེབས། །ཞེས་གསུངས་པ་ལྟར་དོན་ལ་གནས་པའི་བོད་ཀྱི་གསོ་བ་རིག་པའི་མཁས་པ་ཆེན་པོ་ཞིག་ཡིན། མཐར་དགུང་ལོ་བརྒྱ་དང་ཉི་ཤུ་རྩ་ལྔ་པ་སྟེ་སྤྱི་ལོ་832ལོར་སྐུ་གཤེགས། དེར་བདུད་རྩི་ཡོན་ཏན་སྒྲུབ་པའི་ཕུག་པ་དང་། སྨན་གྱི་སློབ་གླིང་ལྟ་ན་སྡུག་གི་རྗེས་ཤུལ་རྣམས་མཇལ་གྲུབ་ནས་ལུང་གཞུང་དུ་སླེབས་པ་དང་། ཉིན་དེའི་གནས་ཚུལ་རྣམས་ཚིག་བཅད་ཀྱི་ལམ་ནས་འཕྲིན་ཕྲན་དུ་སྤེལ་བ་འདིར་བཀོད་ན། སྤྱི་ལོ་ཉིས་སྟོང་བཅུ་དགུའི་དཔྱིད་ཀྱི་ཆ། །སྤྱི་ཟླ་བཞི་པའི་ཚེས་པ་བཅུ་དགུའི་ཉིན། །གངས་ཅན་དབུས་འགྱུར་འཆང་ནས་ཤར་གྱི་ཕྱོགས། །རོང་ཆེན་བཞི་ཞེས་གྲགས་པའི་ཀོང་པོ་རོང་། །གངས་རྫ་ནགས་དང་ཆུ་ཀླུང་མཚེའུ་དང་། །རང་བྱུང་རྩི་ཤིང་ཚོགས་ཀྱིས་རབ་བརྒྱན་ཅིང་། །འདབ་ཆགས་རི་དྭགས་གཅན་གཟན་བག་ཡངས་རྩེན། །ཕྱི་ནང་བཀོད་པ་ལྷ་ཡི་ཡུལ་ལྟ་བུའི། །སྨན་གྱི་ལུང་པ་སྐྱིད་པའི་དགའ་ཚལ་དུ། །རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་ཡི། །བདུད་རྩི་ཡོན་ཏན་སྒྲུབ་པའི་ཕུག་པ་དང་། །གསོ་རིག་སློབ་གྲྭའི་ཐོག་མའི་གྱང་ཤུལ་སོགས། །ངོ་མཚར་རྟེན་རྫས་འཛོམས་པའི་གནས་རྣམས་མཇལ། །འགྲོ་བ་ནད་ཀྱི་གདུང་བའི་སེམས་ཅན་ལ། །ཕན་གདགས་འགྲོ་དོན་འབྱུང་བའི་གསོལ་འདེབས་དང་། །གསོ་རིག་བསྟན་པ་རྒྱས་པའི་སྨོན་ལམ་བཏབ། །ཅེས་བཀོད་དོ། ། (རྫོགས་སོ། །)