དུས་བཞི་ཁྱད་པར་ཆུང་བའི་ཡུལ་འདིར་རུ། །
དབྱར་གྱི་སྤང་བཞིན་མེ་ཏོག་རྣམ་པར་བཀྲ། །
མཐུན་པ་སྤུན་བཞིའི་མཐུན་སྒྲིལ་དམ་ཟབ་འདི། །
ངོ་མཚར་ཅན་གྱི་སློབ་གླིང་འདི་ལ་མཆིས། །
བསྟན་པའི་སྲོག་ཤིང་གཞུང་ཆེན་བཀའ་པོད་ལྔ། །
བོད་རྒྱ་དབྱིན་གསུམ་སྐད་རིགས་ཆེན་པོ་དང་། །
སྒྲ་བརྡ་སྙན་རྩོམ་རིགས་པའི་གནས་འདི་ཀུན། །
ངོ་མཚར་ཅན་གྱི་སློབ་གླིང་འདི་ལ་མཆིས། །
བཅུ་ཕྲག་རིག་པས་ཕྱུག་པའི་དགེ་བའི་བཤེས། །
བྱམས་དང་བརྩེ་བ་ཅན་གྱི་དགེ་རྒན་དང་། །
སློབ་གྲོགས་སྤུན་མཆེད་བཞིན་དུ་མཐུན་པ་འདི། །
ངོ་མཚར་ཅན་གྱི་སློབ་གླིང་འདི་ལ་མཆིས། །
བོད་པའི་ཕ་ཟས་སྦྲང་དཀར་རྩམ་པ་དང་། །
ཇ་དང་འོ་མ་ཞོ་འབྲས་ལ་སོགས་པ། །
གཙང་ཞིང་འབྱུང་བར་ཕན་པའི་ཕ་ཟས་འདི། །
ངོ་མཚར་ཅན་གྱི་སློབ་གླིང་འདི་ལ་མཆིས། །