“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་གསལ་པོ་བསྟན་དོན། ‘ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན།’ དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོ་གཏན་འཁེལ་བྱེད་པའི་སྐད་ཆ་ཡིན་པ་སྟེ། སྤྱི་ལ་ཁྱབ་ཅིང་རྩ་བ་དང་འབྲེལ་ཡོད།”
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་རིམ་ནང་ཏང་གི་འགོ་ཁྲིད་ཀྱི་གོ་གནས་ནན་བཤད་བྱེད་དགོས་དོན་ཅི་ཡིན་ནམ་ཞེ་ན། དེ་ནི་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ཁ་ཕྱོགས་དང་། མདུན་ལམ་དང་ལས་དབང་། མཐར་ཐུག་གི་རྒྱལ་ཕམ་བཅས་དང་ཐད་ཀར་འབྲེལ་བ་ཡོད་པས་རེད།”
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་གིས་ལས་དོན་ཐམས་ཅད་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་གནས་ས་དང་སྲོག་རྩའི་གནས་ས་ཡིན་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་ལ་ཐུག་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱབ་སྟེ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་དེ་བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་བཅས་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་ཁྱབ་ཁོངས་ཁག་དང་ཕྱོགས་གང་ཅིའི་ཐད་ནས་མངོན་པ་བྱས་ཏེ་ཏང་གིས་ཁྱོན་ཡོངས་སྤྱི་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་འགན་ལེན་ཏན་ཏིག་བྱེད་དགོས།
2023ལོའི་ཟླ་2ཚེས་7ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དུ་གསར་དུ་ཞུགས་པའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པ་རྒྱས་བཤད་གཏིང་ཟབ་གནང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་ཏང་གི་འགོ་ཁྲིད་གོ་གནས་ནན་བཤད་གསལ་པོར་གནང་བ་རེད། 《ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་》ཞེས་པའི་གསུང་རྩོམ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ཆ་ཤས་ཤིག་ཡིན། རྩོམ་ཡིག་གལ་ཆེན་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་ཐག་གཅོད་པ་”དང་། ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུའི་ཐོག་འབད་འཐབ་དམིགས་འབེན་ལ་ཕྱོགས་ནས་བརྟན་པོའི་ངང་ཡུན་རིང་བསྐྱོད་རྒྱུ་འགན་ལེན་བྱེད་པ།” “ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་སྐུལ་སྤེལ་བྱེད་པ།” “ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་བསྒྲིལ་བ་”བཅས་ཕྱོགས་བཞིའི་ཐད་ནས་“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་”གསལ་བཤད་ཟབ་མོ་གནང་། དེ་ལ་ཆབ་སྲིད་ཀྱི་རང་བཞིན་དང་རིགས་པའི་གཞུང་ལུགས་ཀྱི་རང་བཞིན། དམིགས་སའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འདིའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཡི་གསུང་བཤད་གལ་ཆེན་གསར་ཤོས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་ཟབ་མོ་བྱ་རྒྱུ་དང་ཟུང་འབྲེལ་དང་། ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུའི་བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བརྟེན་ནས་བློ་སྒྲིམ་སེམས་སྐྱེད་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཤེས་རྟོགས་ཟབ་མོ་བྱེད་ཅིང་། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་“བྱེད་ཐུབ་པ་བཅས་བྱེད་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱབ་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པའི་འགན་ལེན་བྱེད་དགོས།
ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་གསར་པ་གཏོད་པ།
“ང་ཚོ་ཀྲུང་གོའི་གུང་ཁྲན་ཏང་མི་ཁོ་ནས་མངོན་འགྱུར་བྱས་ཡོད།”
2020ལོའི་ཟླ་10པར། “ལོ་ལྔ་ཚན་བཅུ་བཞི་པ་”ཡི་འཆར་འགོད་བཀོད་སྒྲིག་བྱེད་གྲབས་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀོང་ཏུང་དུ་རྟོག་ཞིབ་གནང་བར་ཕེབས་ནས་ཧྲན་ཐོའུ་ཁའེ་པོ་རིག་གནས་བཤམས་སྟོན་ཁང་དུ་གཟིགས་སྐོར་ཕེབས་ཤིང་། 《རྒྱལ་འཛུགས་ཇུས་གཞི་ཆེན་མོ་》ཡི་འབྲེལ་ཡོད་འཆར་འགོད་ཀྱི་པར་རིས་མདུན་དུ་ཡུན་རིང་ཞིག་གཟིགས་ཞིབ་གནང་།
《རྒྱལ་འཛུགས་ཇུས་གཞི་ཆེན་མོ་》ཡི་ནང་ཉེ་རབས་ཀྲུང་གོས་དེང་རབས་ཅན་འཛུགས་རྒྱུའི་འཆར་གཞི་བཀོད་པ་སྟེ། གཞུང་ལམ་སྤྱི་ལེ་ཁྲི་160བསྐྲུན་རྒྱུ་དང་། ལྕགས་ལམ་སྤྱི་ལེ་ཁྲི་16ཙམ་བསྐྲུན་རྒྱུ། འཛམ་གླིང་རིམ་པའི་གྲུ་ཁ་ཆེན་པོ་3བསྐྲུན་རྒྱུ་མ་ཟད། འབྲི་ཆུའི་འགག་གསུམ་ཆུ་རགས་བསྐྲུན་རྒྱུ་སོགས་འདུས་ཡོད། སྐབས་དེ་དུས་ཀྱི་ངོས་ནས་བལྟས་ན་ཕུགས་འདུན་དེ་དག་མངོན་འགྱུར་བྱ་རྒྱུ་ནི་བསམ་ཡུལ་ལས་འདས་པ་ཞིག་རེད། དེང་གི་ཀྲུང་གོ་རུ་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག །མྱུར་བགྲོད་ལྕགས་ལམ་འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་པ་དང་གཞུང་ལམ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀུན་ཏུ་ཁྱབ་པ། འཛམ་གླིང་གི་གྲུ་ཁ་ཆེ་གྲས་བཅུ་ཡི་ནང་བདུན་ཟིན་ཡོད་པས་དེང་རབས་ཅན་གྱི་ཆུ་ཚད་དེ་ཐོག་མའི་བསམ་བཀོད་ལས་ཆེས་ཆེར་བརྒལ་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བར་ལྡོག་ཐབས་མེད་པའི་མདུན་ལམ་འོད་སྟོང་འབར་བ་ཞིག་མངོན་ཡོད།
ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་ནི་ཉེ་རབས་ནས་བཟུང་ཀྲུང་གོའི་མི་དམངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན་པ་དང་། སྤྱོད་བཟང་འདུན་ཆེའི་མི་སྣ་གྲངས་ལས་འདས་པས་དེའི་ཆེད་དུ་འཚོལ་ཞིབ་དང་ཚོད་ལྟ་སྣ་ཚོགས་བྱས་ཡོད། འོན་ཀྱང་ཚང་མ་ཕམ་ཁའི་ངང་མཇུག་བསྒྲིལ་བ་རེད། ཀྲུང་གོའི་དེང་རབས་ཅན་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་པའི་ལས་འགན་ལྕི་མོ་དེ་ལོ་རྒྱུས་ཀྱི་ངོས་ཐད་ནས་ཀྲུང་གོའི་གུང་ཁྲན་ཏང་གི་ཕྲག་ཐོག་ཏུ་བབས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་པ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་སྟེ། དེང་རབས་ཅན་མངོན་འགྱུར་ཡོང་བར་རྩ་བའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་གཏན་འཁེལ་བྱས་པ་དང་། རང་ཚུགས་དང་ཅུང་ཆ་ཚང་བའི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་མ་ལག་བཙུགས་ཏེ། དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རྩ་བའི་ཆབ་སྲིད་སྔོན་འགྲོ་དང་། ཉམས་མྱོང་གལ་ཆེན། རིགས་པའི་གཞུང་ལུགས་ཀྱི་གྲ་སྒྲིག །དངོས་པོའི་རྨང་གཞི་བཅས་བཏིང་ཡོད། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་བྱེད་པའི་དུས་སྐབས་གསར་པའི་ནང་། ཏང་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནས་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་བ་དང་བསྒྱུར་བཅོས་སྒོ་འབྱེད་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཇུས་ཐག་བཅད་པས། ཐོན་སྐྱེད་ནུས་ཤུགས་བལྟོས་བཅས་སུ་རྗེས་ལུས་ཡིན་པའི་གནས་ཚུལ་ནས་དཔལ་འབྱོར་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཐོད་བརྒལ་མངོན་འགྱུར་བྱུང་བ་དང་། མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འདང་བ་ནས་སྤྱི་ཁོག་གི་འབྱོར་འབྲིང་དུ་སླེབས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གསོན་ཤུགས་ཀྱིས་ཁེངས་པའི་སྒྲིག་སྲོལ་གྱི་འགན་ལེན་དང་འཕེལ་རྒྱས་མགྱོགས་མྱུར་ཡོང་བའི་དངོས་པོའི་ཆ་རྐྱེན་འདོན་སྤྲོད་བྱས་ཡོད།
ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག །ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་འགག་སྒྲོལ་བྱས་པ་བརྒྱུད་དེ། ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།
——ངོས་འཛིན་ཟམ་མི་འཆད་པར་གཏིང་ཟབ་ཏུ་གཏོང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོར་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་དེ་མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོ་དོན་དང་ངོ་བོ་ལ་ངོས་འཛིན་སྔར་བས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ་དང་གལ་ཆེའི་རྩ་དོན་སྙིང་བསྡུས་བྱས་ནས་གྲུབ་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་མ་ལག་རགས་ཙམ་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སྔར་བས་ཁ་གསལ་དང་། སྔར་བས་ཚན་རིག་དང་མཐུན་པ། སྔར་བས་སྤྱོད་གོ་ཆོད་པ་བཅས་བྱེད་དགོས།
——འཐབ་ཇུས་ཐོག་ནས་ཟམ་མི་འཆད་པར་འཐུས་ཚང་དུ་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱིའི་ལས་འགན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་ཡིན་ཞིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པའི་རྨང་གཞིའི་ཐོག་གོམ་སྟབས་གཉིས་སུ་དབྱེ་ནས་དུས་རབས་འདིའི་དུས་དཀྱིལ་དུ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཐུབ་པ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པ་གསལ་པོ་བཟོ་བ་དང་། ཚན་སློབ་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་། ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འཐབ་ཇུས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སོགས་འཐབ་ཇུས་གལ་ཆེན་རབ་དང་རིམ་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཐབ་ཇུས་ཀྱི་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས།
——ལག་ལེན་གྱི་ཐོག་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པ་སྤེལ་བ་དང་། ཐོད་བརྒལ་རང་བཞིན་གྱི་ཡར་སྐྱེད་རབ་དང་རིམ་པ་མངོན་འགྱུར་བྱས་པ། མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་པ་བཅས་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཡོད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱས་ནས་དུས་བཀག་ལྟར་དབུལ་བྲལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། བལྟོས་མེད་དབུལ་ཕོངས་སེལ་བའི་དཀའ་ཚེགས་ཆེ་བའི་ལས་འགན་ལེགས་འགྲུབ་བྱུང་བ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག །སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བསྐྲུན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ལོ་རྒྱུས་རང་བཞིན་དང་། དཀྱོག་མཚམས་རང་བཞིན། ཁྱོན་ཡོངས་རང་བཞིན་གྱི་འགྱུར་ལྡོག་སོགས་བྱུང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་ལས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན་དང་། སྔར་ལས་བརྟན་པའི་དངོས་པོའི་རྨང་གཞི། སྔར་ལས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་མཁོ་འདོན་བྱས་ཡོད།
དུས་རབས་གསར་པའི་ལོ་ངོ་10ཡི་ནང་། ང་ཚོའི་ཏང་གིས་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་ཐོད་བརྒལ་གསར་པ་ཡོང་བ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཐུབ་པའི་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་ཕྱོགས་སྟོན་དང་སྣེ་ཁྲིད་མཁན་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་སློབ་སྟོན་བྱས་པར་ཐུག་ཡོད། ལག་ལེན་གྱི་ཐོག་ནས་བདེན་དཔང་བྱུང་དོན། “གཏན་འཁེལ་གཉིས་”ནི་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཞིག་ཡིན་པ་དང་། ཏང་དང་མི་དམངས་ཀྱིས་གཏན་འཁེལ་མེད་པའི་རང་བཞིན་མཐའ་དག་ལ་ཁ་གཏད་གཅོག་པའི་གཏན་འཁེལ་རང་བཞིན་ཆེ་ཤོས་དང་། གཏིང་ཤུགས་ཆེ་ཤོས། འགན་ལེན་ཆེ་ཤོས་བཅས་ཡིན།
རང་རྒྱལ་འདི་ཉིད་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པའི་ཐོག་སྐྱོད་བཞིན་ཡོད། དེང་གི་འཛམ་གླིང་དུ་ལོ་ངོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མྱུར་དུ་འཕེལ་བཞིན་ཡོད་པ་དང་། རང་རྒྱལ་གྱི་འཕེལ་རྒྱས་ལ་འཐབ་ཇུས་ཀྱི་གོ་སྐབས་གསར་པ་དང་། འཐབ་ཇུས་ཀྱི་ལས་འགན། འཐབ་ཇུས་ཀྱི་དུས་རིམ། འཐབ་ཇུས་ཀྱི་བླང་བྱ། འཐབ་ཇུས་ཀྱི་ཁོར་ཡུག་བཅས་འཕྲད་ཡོད་པས། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་དགོས་པ་དང་། ཐག་གཅོད་བྱེད་དགོས་པའི་འགལ་བ་དང་གནད་དོན་སྔར་ལས་སྣེ་མང་རྙོག་འཛིང་ཆེ་བ་རེད། དེ་འདྲ་ཇི་ཙམ་ཡིན་ན་དེ་ཙམ་གྱིས་“གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས། “འདུ་ཤེས་བཞི་”ཆེ་རུ་སྐྱེད་པ་དང་། “གདེང་ཚོད་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བཅས་བྱས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།
ཏང་གི་འགོ་ཁྲིད་ཀྱིས་རྩ་བའི་ངོ་བོ་ཐག་གཅོད་པ།
“ཏང་གི་ངོ་བོ་དང་དམིགས་ཡུལ། ཐོག་མའི་བསམ་འདུན་དང་ལས་འགན། དད་མོས་དང་དད་སེམས། སྲིད་ཇུས་ཀྱི་འདོད་ཚུལ་བཅས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པ་ལས་དེང་རབས་ཅན་གཞན་པ་གང་ཡང་མིན་པ་གཏན་འཁེལ་བྱས་ཡོད།”
ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་ཀྱི་ཡོད། དེང་རབས་ཅན་མངོན་དུ་འགྱུར་དགོས་ན། ཐོག་མར་ལམ་གང་དུ་འགྲོ་དགོས་པ་ཁ་གསལ་བཟོ་དགོས། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་ཡོང་ཐབས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་དུ་བརྩིས་པ་དང་། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་དང་སྤྱི་ཚོགས་རིང་ལུགས་ཀྱི་དད་སེམས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མི་རིགས་རང་བཙན་དང་། མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་འབྱོར་རྒྱས་པ། མི་དམངས་བདེ་སྐྱིད་ལྡན་པ་བཅས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱས་ཡོད། ལོ་ངོ་100ལྷག་གི་རིང་ལ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཟམ་མི་འཆད་པར་ཡར་རྒྱས་བརྩོན་ལེན་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་ཡང་དག་པའི་འགྲོ་ལམ་བདེ་བླག་ངང་བཏོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་བཏོད་ཡོད། ལོ་རྒྱུས་དང་ལག་ལེན་ཐོག་ནས་བདེན་དཔང་བྱུང་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དེ་རང་རྒྱལ་གྱི་དོན་དངོས་དང་མཐུན་པ་དང་། འགྲོ་ལམ་དེའི་ཐོག་བསྐྱོད་པ་ནི་འགྲིག་པ་དང་སྐྱོད་ཐུབ་པ་ཞིག་ཡིན་པ་མ་ཟད། ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཀྲུང་གོའི་གུང་ཁྲན་ཏང་ནི་ཅི་འདྲ་ཞིག་ཡིན་པ་དང་ཅི་ཞིག་བསྒྲུབ་དགོས་པ་”ཞེས་པའི་རྩ་བའི་གནད་དོན་འདི་ཁོང་དུ་བརྟན་པོར་ཆུད་པ་དང་། དར་ཆ་གསལ་སྒྲེང་གིས་“ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་”དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱའི་དོན་ཚན་དང་པོར་བརྩིས་ནས་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཏེ། “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་ཞིང་། རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་གཞིར་བཟུང་བའི་ཀྲུང་གོའི་ཁྱད་ཆོས་ཀྱང་ལྡན་”ཞེས་ནན་གསུང་གནང་། རྩོམ་ཡིག་གལ་ཆེན་འདིའི་ནང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཡིས་གོམ་གང་མདུན་སྤོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ཕྱོགས་གང་ཅིའི་ཐད་ནས་“ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྩ་བའི་ངོ་བོ་ཐག་གཅོད་པ་”ཞེས་རྒྱས་བཤད་གཏིང་ཟབ་གནང་།
——འགྲོ་ལམ་གྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེང་སྟེ། ཚན་རིག་དང་མཐུན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱས་པ་མ་ཟད། དེ་ལ་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་དུས་རབས་ཀྱི་ནང་དོན་ཡང་རྒྱུན་ཆད་མེད་པར་སྤྲད་དེ་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་ཀྲུང་གོའི་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་དེ་ཡང་དག་པའི་འགྲོ་ལམ་ཐོག་བདེ་བླག་ངང་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
——རིགས་པའི་གཞུང་ལུགས་ཀྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་མར་ཁེ་སིའི་རིང་ལུགས་དེ་རྩ་བའི་སློབ་སྟོན་བསམ་བློར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟམ་མི་འཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་ཡུལ་ཁམས་གསར་པ་ཟམ་མི་འཆད་པར་གསར་གཏོད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་དགོས།
——ལམ་ལུགས་ཀྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་སོགས་ཚུད་པའི་ལམ་ལུགས་མ་ལག་ཆ་ཚང་ཞིག་ཆགས་པ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོའི་ངང་མདུན་སྐྱོད་བྱེད་པར་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་འདོན་སྤྲོད་བྱེད་དགོས།
——རིག་གནས་ཀྱི་ངོས་ནས་བལྟས་ན། ང་ཚོའི་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་མི་རིགས་ཡོངས་ཀྱི་རིག་གནས་ཀྱི་གསར་གཏོད་དང་གསར་སྐྲུན་གསོན་ཤུགས་འཕེལ་བར་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསམ་པའི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དང་། རིགས་པའི་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་དུས་ཡུན་རིང་པོའི་ནང་འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན་ལ། དུས་ཡུན་རིང་པོར་ལག་ལེན་གྱིས་ཞིབ་བཤེར་བྱས་པའི་ཚན་རིག་དང་མཐུན་པའི་ཐོན་རྫས་ཤིག་ཀྱང་ཡིན། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཚེ་གཞི་ནས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བརྒྱུད་དེ་མདུན་དུ་སྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་འགན་ལེན་བྱེད་ཐུབ།
ཏང་གི་འགོ་ཁྲིད་ཀྱིས་གོམ་སྟབས་བརྟན་པོས་བསྐྱོད་རྒྱུ་འགན་ལེན་བྱེད་པ།
“ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་ལས་འགན་བརྟན་སྲུང་བྱས་ནས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱ་རྒྱུའི་དམ་བཅའ་བཞག་ནས་རྒྱང་རིང་གི་ཕུགས་བསམ་དང་དུས་རིམ་རང་བཞིན་གྱི་དམིགས་འབེན་གཅིག་གྱུར་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་ཅིང་། དམིགས་འབེན་གཏན་འཁེལ་བྱས་རྗེས་དམ་འཛིན་ལྷོད་མེད་ངང་རྒྱུན་མཐུད་འབད་འཐབ་དང་། དཀའ་སྤྱད་འབད་བརྩོན། འབད་འབུངས་ཧུར་ཐག་བཅས་བྱེད་དགོས།”
ལོ་རྒྱུས་ཀྱི་འཕེལ་རྒྱས་ནི་རྒྱུན་མཐུད་རང་བཞིན་དང་དུས་རིམ་རང་བཞིན་གྱི་གཅིག་གྱུར་ཡིན་ཞིང་། དུས་སྐབས་རེ་རེའི་ནང་དུས་སྐབས་དེའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ཡོད་པ་དང་། མི་རབས་གཅིག་ལ་མི་རབས་གཅིག་གི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ཡོད། རྩོམ་ཡིག་གལ་ཆེན་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ལ་ཕྱིར་མིག་གཟིགས་པ་དང་གཏིང་ཟབ་མོའི་སྒོ་ནས་བསྟན་དོན། “ལོ་རྒྱུས་ཀྱི་འཕེལ་རིམ་དེ་དག་གི་ཁྲོད་ནས་ང་ཚོས་གསལ་པོར་མཐོང་ཐུབ་པ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་ནི་ང་ཚོའི་ཏང་གི་ཐོག་མཐའ་བར་གསུམ་དུ་འབད་འཐབ་བྱེད་པའི་དམིགས་འབེན་ཡིན་ལ། མི་རབས་ནས་མི་རབས་བར་གཅིག་རྗེས་གཉིས་མཐུད་དུ་སྐུལ་འདེད་གཏོང་བ་མ་ཟད། འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་པ་དང་ལོ་རྒྱུས་ཀྱི་དེབ་ཐེར་ནང་འགོད་པའི་འོད་སྟོང་འབར་བའི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ་ཞིག་རེད།”
བསྒྱུར་བཅོས་སྒོ་འབྱེད་བྱས་ཚུན། ང་ཚོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་ཚང་མ་ནི་གོམ་པ་རིམ་བགྲོད་དང་། དཀྱུས་གཅིག་ཏུ་དོན་འཁྱོལ་བྱས་པ་མ་ཟད། ལག་ལེན་གྱི་འཕེལ་རྒྱས་དང་བསྟུན་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཐུས་སྒོ་ཇེ་ཚང་དུ་བཏང་བ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་མཐུད་རྒྱུག་དབྱུག་པ་བླངས་ནས་བསྒྱུར་བཅོས་སྒོ་འབྱེད་དང་དུས་རབས་གསར་པའི་ལག་ལེན་གྱི་གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པའི་རྨང་གཞིའི་ཐོག་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་ཆེད་དེ་བས་ཁ་གསལ་དང་། དེ་བས་ཚན་རིག་དང་མཐུན་ཞིང་། དེ་བས་སྤྱོད་གོ་ཆོད་པའི་རྣམ་པ་ཞིག་བཏོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་པོས་བསྐྱོད་རྒྱུ་འགན་ལེན་བྱས་ཡོད།
——ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཐོག་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ཏེ་དུས་ཚོད་རེའུ་མིག་བཟོས་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པ།
——ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱེད་པར་དུས་རིམ་གཉིས་སུ་བགོས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱེད་པ།
——ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ཁ་གསལ་བཟོས་པ།
——ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་“ལོ་བརྒྱ་གཉིས་”ཀྱི་འབད་འཐབ་དམིགས་འབེན་ལ་དམིགས་ཏེ་འབྲེལ་མཐུད་དམ་ཚགས་དང་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་“ལོ་ལྔ་ཚན་བཅུ་བཞི་པ་”ཡི་རིང་དང་2035ལོའི་བར་གྱི་འཕེལ་རྒྱས་ཀྱི་མདུན་ལམ་འཆར་འགོད་བྱེད་པ།
——ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་2035ལོར་སླེབས་སྐབས་རང་རྒྱལ་འཕེལ་རྒྱས་གཏོང་བའི་དམིགས་འབེན་དང་བླང་བྱར་འཆར་འགོད་སྔར་ལས་གསལ་པོ་བཟོས་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་། ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་སྤེལ་གཏོང་བའི་བརྗིད་ཉམས་ཆེ་བའི་འཆར་འགོད་ཚན་རིག་དང་མཐུན་པར་བཀོད་པ།
དུས་རབས་གསར་པའི་ལོ་ངོ་10ཡི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་པ་དང་། མི་དམངས་ཀྱི་འགོ་ཁྲིད་དེ་ཕྱོགས་ཡོངས་ནས་དུས་བཀག་ལྟར་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བར་བྱེད་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་བསྐྱོད་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པ་དང་ལོ་བརྒྱ་ཕྲག་རིང་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་མྱོང་བའི་ཀྲུང་གོའི་གུང་ཁྲན་ཏང་ཉིད་གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱ་རྒྱུ་དེ་ལྡོག་ཐབས་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་བསྐྱོད་ཡོད།
ཏང་གི་འགོ་ཁྲིད་ཀྱིས་སྒུལ་ཤུགས་ཆེན་པོ་སྐུལ་སྤེལ་བྱེད་པ།
“བསྒྱུར་བཅོས་སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཕམ་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན།”
བསྒྱུར་བཅོས་སྒོ་འབྱེད་ནི་ང་ཚོའི་ཏང་གི་རྟོགས་སད་རླབས་པོ་ཆེ་ཞིག་ཡིན་པ་དང་། རྟོགས་སད་རླབས་པོ་ཆེ་འདིས་ང་ཚོའི་ཏང་གིས་རིགས་པའི་གཞུང་ལུགས་ནས་ལག་ལེན་བར་གྱི་གསར་གཏོད་རླབས་པོ་ཆེ་གསོ་སྐྱོང་བྱས་པ་རེད། བསྒྱུར་བཅོས་སྒོ་འབྱེད་ནི་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་གསར་བརྗེ་རླབས་པོ་ཆེ་ཞིག་ཡིན་ལ། གསར་བརྗེ་རླབས་པོ་ཆེ་འདིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་གི་འཕུར་མཆོང་རླབས་པོ་ཆེར་སྐུལ་འདེད་བཏང་ཡོད། རྩོམ་ཡིག་གལ་ཆེན་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རྒྱུས་ལ་ཕྱོགས་བསྡོམས་དང་། དོན་དངོས་ལ་དབྱེ་ཞིབ། འབྱུང་འགྱུར་ལ་རྒྱང་ལྟ་བཅས་གནང་ནས་བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་ངོ་40ལྷག་ཙམ་རིང་གི་གྲུབ་འབྲས་དང་ཉམས་མྱོང་ལ་བརྟེན་ནས་“ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་སྐུལ་སྤེལ་བྱེད་པ་”རྒྱས་བཤད་གཏིང་ཟབ་གནང་།
ང་ཚོའི་ཏང་གིས་ལོ་རྒྱུས་ཀྱི་རང་དབང་གི་སྙིང་སྟོབས་རླབས་པོ་ཆེའི་ཐོག་ནས་ཐོན་སྐྱེད་འབྲེལ་བ་དང་ཐོན་སྐྱེད་ནུས་ཤུགས་བར་དང་། སྟེང་གི་བཀོད་པ་དང་དཔལ་འབྱོར་རྨང་གཞིའི་བར་ཕན་ཚུན་མི་འཚམ་པའི་ཕྱོགས་རྒྱུན་ཆད་མེད་པར་བསྒྱུར་བཅོས་བྱས་ཏེ། ཁྱབ་ཁོངས་ཁག་གི་སྒྲིག་སྲོལ་བསྒྱུར་བཅོས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། དེང་རབས་ཀྱི་ཀྲུང་གོའི་གནས་ཚུལ་དང་མཐུན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྒྲིག་སྲོལ་དང་ལམ་སྲོལ་གྲུབ་པ་དང་འཕེལ་རྒྱས་བཏང་ཐོག །ངལ་རྩོལ་དང་། ཤེས་བྱ། ལག་རྩལ། དོ་དམ། མ་རྩ་བཅས་ཀྱི་གསོན་ཤུགས་ཡོད་ཚད་གཅིག་རྗེས་གཉིས་མཐུད་ངང་འདོན་སྤེལ་བྱས་པ་དང་། སྤྱི་ཚོགས་ཀྱི་རྒྱུ་ནོར་སྐྲུན་པའི་འབྱུང་རྩ་སྒོ་ཀུན་ནས་འབེལ་པོར་བྱས་ཡོད།།
ལག་ལེན་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས། སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་གཏིང་ཟབ་མོ་ཁ་ཤས་དང་ཁེ་ཕན་སྲ་འགྱུར་གྱི་བཀག་ཆ་ཉིན་བཞིན་མངོན་གསལ་དོད་པོར་འགྲོ་བཞིན་ཡོད་པ་དང་། བསྒྱུར་བཅོས་དེ་འགག་སྒྲོལ་དུས་སྐབས་དང་གཏིང་ཟབ་སར་སླེབས་ཡོད། 2013ལོའི་ཟླ་11པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་སྤྱིའི་དམིགས་འབེན་དང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་སྤྱིའི་དམིགས་འབེན་དང་། འཐབ་ཇུས་ཀྱི་གཙོ་གནད། སྔོན་ཐོབ་ཀྱི་གོ་རིམ། གཙོ་གཉེར་ཁ་ཕྱོགས། ལས་ཀའི་ལམ་སྲོལ། སྐུལ་འདེད་གཏོང་སྟངས། དུས་ཚོད་ཀྱི་རེའུ་མིག །ལམ་ཐིག་གི་དཔེ་རིས་བཅས་གཏན་འཁེལ་བྱས། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་དུས་རབས་འབྱེད་པ་པོ་ལྟ་བུ་ཡིན་ཞིང་། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་དུས་སྐབས་གསར་པ་བཏོད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཡང་དུས་རབས་ཀྱི་འབྱེད་པ་པོ་ལྟ་བུ་ཞིག་ཡིན་ཞིང་། བསྒྱུར་བཅོས་དེ་ཆ་ཤས་ནས་འཚོལ་ཞིབ་བྱེད་པ་དང་འགག་སྒོ་ལས་བརྒལ་ཞིང་། དེ་ནས་མ་ལག་འདུས་གྲུབ་དང་། ཕྱོགས་ཡོངས་ནས་ཟབ་སྤེལ་གཏོང་བ་བཅས་ཀྱི་ཕྱོགས་སུ་བསྒྱུར་ནས་རང་རྒྱལ་གྱི་བསྒྱུར་བཅོས་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བཏོད་ཡོད། 2019ལོའི་ཟླ་10པར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ནས་དུས་རབས་གསར་པའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་ཐད་རྩེ་རིམ་ཇུས་འགོད་སྔར་བས་གསལ་པོ་བཀོད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལམ་ལུགས་ཀྱི་གྲུབ་འབྲས། ལག་ལེན་གྱི་གྲུབ་འབྲས་བཅས་རྒྱུད་རིམ་ལྡན་པར་འདུས་གྲུབ་བྱས་པས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་ལམ་ལུགས་ཀྱི་དགེ་མཚན་སྔར་བས་ལེགས་པའི་སྒོ་ནས་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་སུ་བསྒྱུར་བར་གལ་ཆེ་ཞིང་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཡོད།
དུས་རབས་གསར་པའི་ལོ་ངོ་10ཡི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་ཏེ་ཆུ་ཟབ་སར་འགྲོ་བ་དང་། གཉའ་རུས་མཁྲེགས་པོ་འཐོག་ཕོད་པ། ཆུ་ཀླུང་གཉན་པོ་བརྒལ་ཕོད་པ། འགལ་ཟླ་གསར་པ་དང་འགྲན་སློང་གསར་པར་ཁ་གཏད་གཅོག་ཕོད་པ། བསམ་བློའི་འདུ་ཤེས་ཀྱི་འཆིང་རྒྱ་ལས་སྒྲོལ་བ། ཁེ་ཕན་གཏན་ཆགས་སུ་གྱུར་པའི་སྒོ་ར་གཏོར་ཕོད་པ། ཕྱོགས་ཁག་གི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་མཐའ་གཅིག་ཏུ་སེལ་བ། ཁྱབ་ཁོངས་མང་པོར་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་། རྒྱུད་རིམ་རང་བཞིན་གྱི་སླར་འཛུགས། སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྩལ་ཡོད།
བསྒྱུར་བཅོས་སྒོ་འབྱེད་ལ་བྱེད་བཞིན་པ་ལས་བྱས་ཟིན་པ་མེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་“བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱ་རྒྱུ་”དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྩ་དོན་གལ་ཆེན་ཞིག་ཏུ་བརྩིས་ཡོད། དུས་རབས་གསར་པར་འཐབ་ལམ་གསར་པའི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་དགོས་ན། ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྩ་བའི་སྒུལ་ཤུགས་སུ་བརྩིས་པ་དང་ཁྱོན་ཡོངས་བརྟན་བརླིང་དང་། འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་འཛིན་བྱེད་གལ་ཆེན་དུ་བརྩིས་ནས་ཁ་ཕྱོགས་འཛིན་པ་དང་། བདེན་སྲུང་གསར་གཏོད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་འཐབ་ལམ་གསར་པའི་ཐོག་བསྒྱུར་བཅོས་སྒོ་འབྱེད་ཀྱི་ལེའུ་གསར་པ་རྩོམ་དགོས།
ཏང་གི་འགོ་ཁྲིད་ཀྱིས་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་བསྒྲིལ་བ།
དཔྱིད་དཔལ་སླེབས་པའི་དུས་ཚིགས་སུ། ཀོང་ཏུང་མའོ་མིང་ཀའོ་ཀྲོའུ་གྲོང་ཁྱེར་ཀན་ཙི་གྲོང་རྡལ་པའོ་ཆའོ་གྲོང་ཚོའི་ལི་ཀྲི་ལྡུམ་རའི་ནང་དུ་གནའ་སྡོང་ཤིང་གི་བར་གསེབ་དག་ན་ལི་ཀྲི་ཤིང་གི་འབྲས་བུས་གང་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར།
“ཀྲུང་གོའི་གུང་ཁྲན་ཏང་ལ་རང་ཉིད་ཀྱི་སྒེར་ཕན་མེད། སྲིད་སྐྱོང་བ་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཆེད་དུ་ཡིན། ཡུལ་མི་ཚོའི་འཚོ་བ་ཇེ་ལེགས་སུ་ཕྱིན་ནས་ཤིང་ཏོག་ལི་ཀྲི་དང་འདྲ་བར་འཁྲུག་ཆ་དོད་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད།” 2023ལོའི་ཟླ་4ཚེས་11ཉིན་གྱི་ཕྱི་དྲོ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་འདི་གར་ཕེབས་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། གྲོང་ཚོའི་ཞིང་ལས་གསར་སྤེལ་གླིང་གི་ཐང་ཆེན་ཐོག་སྤྲོ་སེམས་འཁོལ་བའི་གསུང་བཤད་ཀྱང་གནང་།
ལི་ཀྲི་དམར་པོས་ཐོག་མའི་འགན་འཁྲི་མཚོན་ཞིང་། བདེ་སྐྱིད་འཚོ་བས་དམངས་ཤུགས་གཅིག་ཏུ་བསྒྲིལ། རྩོམ་ཡིག་གལ་ཆེན་འདིའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། “ང་ཚོའི་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་དུང་ཕྱུར་མང་པོའི་རང་ཉིད་ཀྱི་བྱ་གཞག་ཡིན་པ་དང་། མི་དམངས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བྱེད་པོ་ཡིན་པས་ངེས་པར་དུ་མི་དམངས་ལ་རྒྱབ་རྟེན་དམ་པོ་བཅོལ་དགོས་པ་དང་། མི་དམངས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱས་ཏེ་མི་དམངས་ཡོངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ན་གཞི་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཐུབ་པའི་ངོས་འཛིན་ཟབ་མོ་བྱུང་ཡོད།”
སྲིད་དབང་ནི་མི་དམངས་ཡིན་ལ། མི་དམངས་ནི་སྲིད་དབང་ཡིན། ཏང་གི་རྩ་བ་ནི་མི་དམངས་དང་། ཁྲག་རྒྱུན་ནི་མི་དམངས། སྟོབས་ཤུགས་ནི་མི་དམངས་བཅས་ལ་ཐུག་ཡོད་པས། མི་དམངས་ནི་ཏང་གིས་སྲིད་སྐྱོང་བ་དང་རྒྱལ་ཁབ་དར་རྒྱས་གཏོང་བའི་གཏིང་ཤུགས་ཆེ་ཤོས་ཡིན། ཏང་གིས་ཀྲུང་གོའི་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མཚོན་གྱི་ཡོད་པ་དང་། རང་ཉིད་ལ་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད་ལ། ཁེ་ཕན་ཚོགས་པ་གང་རུང་ཞིག་དང་། དབང་ཤུགས་ཚོགས་པ་གང་རུང་ཞིག །དམིགས་བསལ་དབང་ཆ་ལྡན་པའི་རིམ་གྲས་གང་རུང་ཞིག་བཅས་ཀྱི་ཁེ་ཕན་ནམ་ཡང་མཚོན་གྱི་མེད་པས་ཏང་འདི་ཉིད་ནམ་ཡང་མི་ཕམ་པའི་གནས་སུ་ལངས་ཐུབ་པ་བྱུང་ཡོད། ད་ལྟ་ཀྲུང་གོའི་མི་དམངས་ཀྱི་མདུན་སྐྱོད་སྒུལ་ཤུགས་སྔར་བས་ཆེ་བ་དང་། འབད་འཐབ་ཀྱི་སྙིང་སྟོབས་སྔར་བས་ཆེ་བ། རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་སྔར་བས་བརྟན་པ། ལོ་རྒྱུས་ཀྱི་རང་རྟོགས་དང་རང་དབང་གི་སྙིང་སྟོབས་སྔར་བས་ཆེ་བ་འཕེལ་བ་བཅས་ཀྱི་ཐོག་ནས་ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་ཡིད་ཆེས་བརྒྱ་འགྱུར་ངང་ཀྲུང་ཧྭ་མི་རིགས་ཡར་ལངས་པ་དང་ཕྱུག་པོ་གྱུར་པ་ནས་སྟོབས་ལྡན་དུ་འགྲོ་བའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་གི་ཡོད།
འཐབ་ལམ་གསར་པའི་ཐོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏོང་དགོས་ན། ངེས་པར་དུ་མི་དམངས་དུང་ཕྱུར་མང་པོའི་གསར་སྐྲུན་གྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་གང་ལེགས་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་བཞིའི་ཐད་ནས་“ཏང་གི་འགོ་ཁྲིད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་བསྒྲིལ་”ཞེས་གསལ་བཤད་གནང་བ་དེ་ནི་དུས་རབས་གསར་པའི་ལོ་ངོ་10ཡི་འཕོ་འགྱུར་རླབས་པོ་ཆེ་ལ་ཚན་རིག་དང་མཐུན་པའི་ཕྱོགས་བསྡོམས་གནང་བ་ཞིག་ཡིན་ལ། མ་འོངས་པར་ཁ་ཕྱོགས་པའི་དགོས་ངེས་ཀྱི་བླང་བྱ་ཞིག་ཀྱང་རེད།
——མང་ཚོགས་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་བྱེད་སྐབས་མི་དམངས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་། མི་དམངས་ཀྱི་དོ་ཁུར་ལ་ལན་འདེབས་པ། མི་དམངས་ཀྱི་བསམ་འདུན་མཚོན་པ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་བྱས་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་ལ་མི་དམངས་མང་ཚོགས་ཀྱིས་སྙིང་དབུས་ནས་བརྩི་བཀུར་ཐོབ་གང་ཐུབ་བྱེད་དགོས།
——མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དེ་འབད་འཐབ་ཀྱི་དམིགས་འབེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ལ་ཤུགས་རྒྱག་པ་དང་། མི་དམངས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་བརྒྱབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་ལས་མང་ཞིང་སྔར་ལས་དྲང་སྙོམས་ཀྱི་སྒོ་ནས་ཕན་ཐོགས་པར་བྱེད་དགོས།
——བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་དང་། དམངས་གཙོའི་ཐབས་ལམ་རྒྱ་ཆེར་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། མི་དམངས་གོ་རིམ་ལྡན་པའི་ངང་ཆབ་སྲིད་ནང་ཞུགས་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་ཀྱིས་ཁྲིམས་ལྟར་ཐབས་ལམ་དང་རྣམ་པ་སྣ་ཚོགས་བརྒྱུད་དེ་རྒྱལ་ཁབ་ཀྱི་བྱ་གཞག་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་ཀྱི་བྱ་གཞག་ལ་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ། བདག་པོའི་སྙིང་སྟོབས་ལ་བརྟེན་ནས་ལྷག་བསམ་རྣམ་དག་གི་སྒོ་ནས་དེང་རབས་ཅན་གྱི་འཛུགས་སྐྲུན་ནང་ཞུགས་རྒྱུའི་འགན་ལེན་བྱེད་དགོས།
——ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕུགས་འདུན་བཟང་པོར་བརྟེན་ནས་མི་ལ་སྐུལ་ལྕག་གཏོང་བ་དང་། སྐུལ་སློང་གཏོང་བ། འབོད་སྐུལ་གཏོང་བ་བཅས་བྱས་ཏེ། སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། རིམ་གྲས་ཀྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་བ་དང་། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་གིས་མཐུན་སྒྲིལ་འབད་འཐབ་ལ་སྐུལ་སྤེལ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་བར་བྱེད་དགོས། “གཡོ་འགུལ་སྤུ་ཙམ་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གཞི་ནས་མདུན་ལྗོངས་འོད་སྟོང་འབར་བ་དང་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་ཐུབ། དེ་མིན་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དེ་འགྲོ་ཕྱོགས་ནོར་བ་དང་། བླ་སྲོག་ཤོར་བ་མ་ཟད། ཐ་ན་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་ཡང་ཤོར་སྲིད་པ་རེད་ཅེས་བརྗོད་ཆོག །” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དར་ཆ་གསལ་སྒྲེང་དང་གཏིང་ཟབ་མོའི་ཆོད་གཏམ་འདིས་ལོ་རྒྱུས་ཀྱི་སྡོམ་ཚིག་ནན་པོ་ཡམ་ཡོམ་བྱས་པ་དང་འབྱུང་འགྱུར་གཏོད་པའི་བློ་སྒོ་ཆེན་པོ་འབྱེད་ཐུབ་པ་བྱུང་ཡོད། འཐབ་ལམ་གསར་པའི་ཐོག་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་བརྒྱབ་ཚེ་འཕེལ་རྒྱས་ཀྱི་ངོ་མཚར་གསར་པ་ཟམ་མི་འཆད་པར་བསྐྲུན་ཐུབ་པ་དང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
གཡང་འབུམ་རྒྱལ་གྱིས་བསྒྱུར།