ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་སྤེལ་བ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་གཅིག་སྡུད་ཀྱི་བཀོད་སྒྲིག་ཅིག་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འགོ་ཁྲིད་དེ་སྒྲིག་གཞི་འཛུགས་སྟངས་ཐད་སྔར་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་བཀོད་སྒྲིག་ཐད་སྔར་བས་ལེགས་སུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་ཐད་སྔར་བས་འཐུས་སྒོ་ཚང་བ། འཁོར་སྐྱོད་དོ་དམ་ཐད་སྔར་བས་གོ་འཕེར་ཡོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་ནི་རྙོག་འཛིང་ཆེ་ཞིང་མ་ལག་ཚང་བའི་ལས་གྲྭ་ཞིག་ཡིན་པས། སྒྲུབ་ཐེངས་གཅིག་ལ་འགྲུབ་མི་སྲིད་ལ། དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཡང་ཐོབ་མི་སྲིད་པས། འགན་འཁྲི་དང་ལས་འགན་གསར་པ་དང་། འཐབ་ཇུས་བཀོད་སྒྲིག་གསར་པ། ལས་ཀའི་དགོས་མཁོ་གསར་པ་བཅས་ལ་གཞིགས་ཏེ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ལེགས་སྒྱུར་བྱས་ཏེ། འདི་ཉིད་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྔར་བས་འཚམ་པར་བྱེད་དགོས།
ཐེངས་འདིའི་སྒྲིག་གཞི་བསྒྱུར་བཅོས་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་ལ་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག་སྐུལ་འདེད་གཏོང་བ་ཞིག་ཡིན་ལ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སླད་ཕྱིན་ལོ་5དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཤིག་རིང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འཐབ་ཇུས་བཀོད་སྒྲིག་བྱེད་པའི་རྒྱབ་ལྗོངས་འོག་ཞིབ་འཇུག་དང་ཇུས་འགོད་བྱས་པ་ཞིག་ཀྱང་ཡིན། ང་ཚོས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག་”གི་སྤྱིའི་བཀོད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་བ་དང་“ཕྱོགས་ཡོངས་བཞི་”ཡི་འཐབ་ཇུས་ཀྱི་བཀོད་པར་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བའི་བླང་བྱ་དང་འཚམ་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་སྐྲུན་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོ་དང་འཚམ་པར་བྱེད་ཅིང་། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་ཀྲུང་དབྱང་གི་སྒྲིག་གཞི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྒྲིག་གཞི། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྒྲིག་གཞི། རྒྱལ་ཡོངས་སྲིད་གྲོས་ཀྱི་སྒྲིག་གཞི་བཅས་གཅིག་འདོམས་དང་། ཀྲུང་དབྱང་དང་ས་གནས་གཅིག་འདོམས་བཅས་བྱས་ཏེ། ཕྱོགས་སོ་སོའི་མཐུན་རྐྱེན་བེད་སྤྱོད་གང་ལེགས་བྱས་པ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་བསམ་གཞིགས་གང་ལེགས་བྱས་ཐོག །བློ་བརྟན་འགྱུར་མེད་ཀྱིས་ཁྱབ་ཁོངས་གཙོ་གནད་ཁ་ཤས་ཀྱི་སྒྲིག་གཞིའི་འགན་འཁྲི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་དམིགས་ཡུལ་གལ་ཆེན་ཞིག་ནི་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། སྒྲིག་གཞིའི་འགན་འཁྲིའི་ཐད་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་རྒྱག་རྒྱུ་དེ་ཁྱབ་ཁོངས་སོ་སོ་དང་། ཕྱོགས་སོ་སོ། ལྷུ་ཚིགས་སོ་སོ་བཅས་སུ་དོན་འཁྱོལ་བྱ་རྒྱུ་དེ་ཡིན། ཐེངས་འདིའི་སྒྲིག་གཞི་བསྒྱུར་བཅོས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་དོན་གྲོས་དང་མཐུན་སྦྱོར་བཅས་ཀྱི་སྒྲིག་གཞི་གསར་པ་འཛུགས་པ་དང་། ཏང་ཀྲུང་དབྱང་གི་འགན་ནུས་སྡེ་ཁག་དང་དོན་གཅོད་ལས་ཁུངས་གསར་པ་འཛུགས་པ། ཁྱབ་ཁོངས་གལ་ཆེན་དུ་ཏང་ཀྲུང་དབྱང་གི་མངགས་གཏོང་ལས་ཁུངས་གསར་པ་འཛུགས་པ་སོགས་ནི་དགེ་མཚན་འདོན་སྤེལ་དང་། ཆད་སྐྱོན་སེལ་བ། ཉམས་ཆག་སྐོང་གསོ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་ཆེད་ཡིན། ཏང་ཀྲུང་དབྱང་གི་འགན་ནུས་སྡེ་ཁག་དང་། ལས་སྒྲུབ་ལས་ཁུངས། མངགས་གཏོང་ལས་ཁུངས་བཅས་ཀྱིས་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་། སྣེ་ཁྲིད་དེ་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་གསུམ་ལག་བསྟར་བྱས་ཏེ། འགན་འཁྲིའི་ངེས་གནས་ཐོག་རྐང་ཚུགས་པ་དང་། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བརྒྱབ་ནས་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།
དུས་མཚུངས་སུ་ང་ཚོས་དངུལ་རྩའི་དོ་དམ་སྒྲིག་སྲོལ་དང་། ཚན་རྩལ་དོ་དམ་སྒྲིག་སྲོལ། སྤྱི་ཚོགས་དོ་དམ་སྒྲིག་སྲོལ། གཞི་གྲངས་དོ་དམ་སྒྲིག་སྲོལ། ཤེས་བྱའི་ཐོན་དངོས་བདག་དབང་དོ་དམ་སྒྲིག་སྲོལ་བཅས་དང་། ཞང་ཀང་དང་ཨའོ་མོན་ལས་ཀའི་སྒྲིག་སྲོལ་དང་། “ཞིང་གསུམ་”ལས་ཀའི་སྒྲིག་སྲོལ། རྒས་འཁོགས་ལས་ཀའི་སྒྲིག་སྲོལ་སོགས་ཀྱི་ཐད་སྒྲིག་གཞི་འཛུགས་སྟངས་དང་འགན་འཁྲི་བཀོད་སྒྲིག་བྱེད་ཚུལ་ཅུང་ལུགས་མཐུན་ཡིན་པའི་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། ལེགས་སྒྲིག་འདི་དག་ནི་ང་ཚོར་འཕྲད་པའི་གཏིང་ཟབ་མོའི་འགལ་བ་དང་གནད་དོན་ལ་དབྱེ་ཞིབ་བྱེད་པའི་རྨང་གཞིའི་ཐོག་བཏོན་པའི་ཐག་གཅོད་ཇུས་གཞི་ཡིན། གོམ་སྟབས་རྗེས་མར་གཙོ་གནད་དུ་ཏང་ཀྲུང་དབྱང་གིས་གནང་བའི་འགན་འཁྲི་དང་ལས་འགན་ལ་དཔེ་བལྟས་ནས་འགན་ནུས་དང་། བྱེད་སྟངས། སྤྱོད་ཚུལ་བཅས་ཏན་ཏིག་བསྒྱུར་ཏེ། གོ་འཕེར་བའི་ངང་རང་འགན་ལྷུར་ལེན་བྱེད་དགོས།
ས་ཁུལ་ཁག་དང་སྡེ་ཁག་ཁག་གིས་རང་རྟོགས་ངང་སྤྱི་ཡོངས་ལ་བསམ་བློ་གཏོང་བ་དང་སྤྱི་ཡོངས་ཁྲོད་བྱ་སྤྱོད་སྤེལ་ནས་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞི་ལག་བསྟར་དོན་འཁྱོལ་བྱེད་སྐབས་འཕྲི་ཆ་གཅིག་ཀྱང་མེད་པ་དང་། རྣམ་པ་མི་འགྱུར་བ། ངོ་བོ་མི་འགྱུར་བ་བཅས་འགན་ལེན་བྱེད་དགོས་པ་དང་། ལྷག་པར་དུ་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཇུས་གཞི་གཞིར་བཟུང་སྟེ་སྡེ་ཁག་གི་“གཏན་འཁེལ་གསུམ་”གྱི་གཏན་འབེབས་གཏན་ལ་ཕབ་པ་དང་ལག་བསྟར་བྱེད་དགོས། “གཏན་འཁེལ་གསུམ་”གྱི་གཏན་འབེབས་དེ་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་དང་སྡེ་ཁག་གིས་འགན་འཁྲི་སྒྲུབ་པའི་གཞི་རྩའི་གཞི་འཛིན་སར་བྱེད་པ་དང་འགན་དབང་དེ་ཏང་ཀྲུང་དབྱང་ལ་ཡོད། “གཏན་འཁེལ་གསུམ་”གྱི་གཏན་འབེབས་ལ་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་རྗེས། སྡེ་ཁག་གིས་དེ་ཉིད་གཞིར་བཟུང་ནས་འགན་འཁྲི་ལག་བསྟར་དང་ལས་དོན་སྤེལ་ཏེ་ཆུ་ཚད་མཐོ་བའི་འགན་སྒྲུབ་ནུས་པ་དང་སྤུས་ཚད་མཐོ་བའི་ལས་ཀའི་གྲུབ་འབྲས་དངོས་དེ་སྒྲིག་གཞི་བསྒྱུར་བཅོས་ཀྱི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་དགོས།
སྒྲིག་གཞི་བསྒྱུར་བཅོས་ཀྱི་སྒྲིག་འཛུགས་ལག་བསྟར་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན། ཏང་གིས་སྒྲིག་གཞི་བསྒྱུར་བཅོས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། འཛུགས་གཏོར་གང་ཡང་མི་བྱེད་པ་དང་སྔོན་བཙུགས་རྗེས་གཏོར་བྱ་རྒྱུ་རྒྱུན་འཁྱོངས། སྒྲིག་གཞིའི་འགན་ནུས་ལེགས་སྒྲིག་དང་མཐུན་སྦྱོར་གོ་འཕེར་ཡོང་བར་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། ཀྲུང་དབྱང་དང་ས་གནས་མིག་མངས་འགྲིག་སྐོར་གཅིག་ཡོང་རྒྱུ་རྒྱུན་འཁྱོངས། བསྒྱུར་བཅོས་དང་ཁྲིམས་སྐྱོང་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་རྒྱུན་འཁྱོངས། བསམ་བློ་དང་ཆབ་སྲིད་ལས་ཀ་དེ་བསྒྱུར་བཅོས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་པའི་ཉམས་མྱོང་རྩ་ཆེན་མུ་མཐུད་བེད་སྤྱོད་ཡག་པོ་བྱས་པ་དང་། གཙོ་གནད་དང་འགག་རྩར་དམ་འཛིན་དང་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་བསྒྲུབས་ཏེ། རྩ་འཛུགས་ཡོད་པ་དང་། གོ་རིམ་ཡོད་པ། སྒྲིག་ཁྲིམས་ཡོད་པ་བཅས་ཀྱི་སྒོ་ནས་སྒྲིག་གཞི་བསྒྱུར་བཅོས་ཀྱི་སྒྲིག་འཛུགས་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་དགོས།
གཅིག་ནས་གཅིག་གྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག །ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་སྤེལ་བའི་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་བརྒྱབ་སྟེ་མཐུན་སྦྱོར་ལམ་སྲོལ་འཛུགས་དགོས། ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་བཅས་ཀྱིས་རང་ཁོངས་ཀྱི་སྒྲིག་གཞི་བསྒྱུར་བཅོས་ལག་བསྟར་ལས་དོན་ལ་འགན་འཁུར་བ་དང་། ས་གནས་ཀྱི་སྒྲིག་གཞི་བསྒྱུར་བཅོས་ལ་ཞིང་ཆེན་རིམ་པའི་ཏང་ཨུས་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་བགོས་འགན་གཉེར་གྱི་འགོ་ཁྲིད་བློ་མཐུན་ནི་རང་གི་ལས་བགོས་འགན་གཉེར་ཁྱབ་ཁོངས་ནང་གི་སྒྲིག་གཞི་བསྒྱུར་བཅོས་ལས་དོན་གྱི་འགན་འཁུར་བ་དང་པོ་ཡིན་པས། སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལས་བགོས་འགན་གཉེར་ནང་གི་བསྒྱུར་བཅོས་སྡེ་ཁག་དང་འབྲེལ་བ་ཡོད་པའི་འགོ་ཁྲིད་ཚན་པ་དང་མཉམ་དུ་དོན་འཁྱོལ་བྱེད་ཐབས་ཞིབ་འཇུག་ཞིབ་ཚགས་བྱས་ཏེ། སྐུལ་སློང་བཀོད་སྒྲིག་དང་། སྙིང་གཏམ་ཤོད་རེས། ཁོངས་བསྒྱུར་སྒྲིག་འཛུགས། འགན་ནུས་ལེགས་སྒྲིག་སོགས་ཀྱི་འགག་རྩའི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་གཞུང་ལས་ཐིང་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་སྒྲིག་ཁོངས་གཞུང་ལས་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་སོགས་སྡེ་ཁག་གིས་ཀྱང་རང་སོ་སོའི་འགན་འཁྲིའི་ལས་བགོས་གཞིར་བཟུང་སྟེ་འབྲེལ་ཡོད་ལས་དོན་མཉམ་དུ་ཡག་པོ་བསྒྲུབ་དགོས།
གཉིས་ནས་བརྟན་པོའི་དགོངས་གཞི་རྒྱུན་འཁྱོངས་བྱེད་དགོས། ཐེངས་འདིའི་སྒྲིག་གཞི་བསྒྱུར་བཅོས་བྱེད་པའི་སྡེ་ཁག་ཅུང་མང་བ་དང་གནད་དོན་ཅུང་ཟབ་མོ་འཕྲད་པས་ཇུས་གཞི་བཀོད་ནས་བྱ་སྤྱོད་སྤེལ་དགོས། གསར་འཛུགས་སྡེ་ཁག་གི་འགོ་ཁྲིད་ཚན་པ་མྱུར་དུ་བཀོད་སྒྲིག་བྱེད་པ་དང་སྡེ་ཁག་རང་གི་འགན་འཁྲིའི་ངེས་གནས་དང་ལས་འགན་གྱི་བླང་བྱར་མྱུར་དུ་རྒྱུས་ལོན་བྱས་ཐོག །སྔོན་ལ་ཁོངས་གཏོགས་བསྒྱུར་བ་དང་དེ་ནས་“གཏན་འཁེལ་གསུམ་”གྱི་གཏན་འབེབས་ཀྱི་གོ་རིམ་སྒྲིག་ཚུལ་ལྟར་སྒྲིག་གཞི་འཛུགས་པ་དང་། མི་སྣ་བགོ་སྒྲིག །གཅིག་སྡུད་ཀྱིས་གཞུང་ལས་སྒྲུབ་པ་བཅས་དམ་འཛིན་བྱས་ནས་བརྟན་པོའི་ངང་བར་བརྒལ་དང་། གོ་རིམ་ལྡན་པའི་ངང་ཁོངས་གཏོགས་བསྒྱུར་བ། བར་མེད་འབྲེལ་མཐུད་བཅས་ཡོང་བ་ཁག་ཐེག་བྱེད་དགོས། འབྲེལ་ཡོད་ཁྱབ་ཁོངས་ཅུང་རྒྱ་ཆེ་བ་དང་གནས་ཚུལ་ཅུང་རྙོག་འཛིང་ཆེ་བའི་བསྒྱུར་བཅོས་ལས་འགན་ཐད་ཏང་ཀྲུང་དབྱང་གིས་བཏོན་པའི་རྩེ་རིམ་ཇུས་འགོད་ཀྱི་རྨང་གཞིའི་ཐོག་ཆེད་དོན་བསྒྱུར་བཅོས་ཀྱི་ཇུས་གཞི་ཞིབ་འཇུག་དང་བཟོ་འགོད་ནན་ཏན་བྱེད་པ་དང་། འབྲེལ་ཡོད་སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་གོ་རིམ་ལྟར་སྙན་སེང་བཀའ་འཁྲོལ་ཞུས་རྗེས་ད་གཟོད་སྒྲིག་འཛུགས་ལག་བསྟར་བྱེད་དགོས། ཀྲུང་དབྱང་དང་ས་གནས་ཀྱི་སྒྲིག་གཞི་བསྒྱུར་བཅོས་ཀྱི་ལས་དོན་བཀོད་སྒྲིག་དང་སྒྲིག་འཛུགས་ལག་བསྟར་ཐད་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་རིམ་པའི་བསྒྱུར་བཅོས་ལས་འགན་ནི་2023ལོའི་ལོ་མཇུག་སྔོན་ལ་ལེགས་འགྲུབ་ཡོང་བ་དང་། ས་གནས་རིམ་པའི་བསྒྱུར་བཅོས་ལས་འགན་ནི་2024ལོའི་ལོ་མཇུག་སྔོན་ལ་ལེགས་འགྲུབ་ཡོང་བར་བྱེད་དགོས།
གསུམ་ནས་མིའི་སྐོར་གྱི་ལས་དོན་ཡག་པོ་བསྒྲུབ་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཆབ་སྲིད་ལ་དང་དོད་དང་། ཁྱོན་ཡོངས་ལ་ལྟ་རྟོག །སྒྲིག་ལམ་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ། ཁེ་ཕན་གྱི་བཀོད་པ་ལེགས་སྒྲིག་དང་རང་སྒེར་གྱི་བསྐོ་འཁྱུར་བཞག་འཕོས་ལ་ལྟ་སྟངས་ཡང་དག་པ་འཛིན་པ་དང་། བསྒྱུར་བཅོས་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་རང་རྟོགས་ངང་དང་ལེན་བཅས་བྱས་ཏེ། བསམ་བློ་མི་འཁྲུག་པ་དང་། ལས་ཀ་རྒྱུན་མི་འཆད་པ། དཔུང་སྡེ་མི་འཐོར་བ། ངར་ཤུགས་མི་ལྷོད་པ་བཅས་བྱེད་ཐུབ་དགོས།
བཞི་ནས་སྒྲིག་ཁྲིམས་ནན་པོ་ལག་བསྟར་བྱེད་དགོས། སྒྲིག་གཞི་འཕོ་འགྱུར་དང་འགན་འཁྲི་ལེགས་སྒྲིག་བྱ་རྒྱུ་དང་འབྲེལ་བ་ཡོད་པའི་སྡེ་ཁག་གིས་རང་རྟོགས་ངང་ཁྱོན་ཡོངས་ལ་བསྟུན་ནས་སྒྲིག་གཞི་དང་། འགན་འཁྲི། མི་སྣ་སོགས་བླང་བྱ་གཞིར་བཟུང་ནས་དུས་ཐོག་ཏུ་ལེགས་སྒྲིག་གནད་དུ་འཁེལ་བར་བྱེད་དགོས་པ་ལས། ལྷོད་གཡེང་དང་ནར་འགྱངས་བྱས་མི་ཆོག་པ་དང་། བབ་བསྟུན་གྱིས་གདམ་གསེས་དེ་བས་ཀྱང་བྱེད་མི་རུང་། གོང་རིམ་གཙོ་སྐྱོང་སྡེ་ཁག་གིས་འོག་རིམ་སྒྲིག་གཞི་འཛུགས་སྟངས་དང་སྒྲིག་ཁུངས་བཀོད་སྒྲིག་བྱེད་པར་ཐེ་ཇུས་བྱེད་རིགས་གཏན་འགོག་དང་། ལས་བྱེད་པ་འཕྲལ་མར་གནས་སྤར་བྱེད་རིགས་གཏན་འགོག །ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་བྱས་ནས་གཞུང་དབང་རྒྱུ་ནོར་ཤོར་བར་མཐའ་གཅིག་ཏུ་སྔོན་འགོག་བཅས་བྱེད་དགོས། ལྟ་སྐུལ་དང་སྒྲིག་བསྟར་དང་འགན་འདེད་གསུམ་ལ་ཤུགས་བརྒྱབ་ནས་སྒྲིག་གཞི་བསྒྱུར་བཅོས་ལས་དོན་ཁྲོད་ཀྱི་སྒྲིག་འགལ་དང་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་འབྲེལ་ཡོད་མི་སྣའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
ལྔ་ནས་ཁྲིམས་ཀྱི་གཞི་འཛིན་ས་ཡོད་པ་བྱེད་དགོས། ཁྲིམས་སྐྱོང་གི་འགྲོ་ལམ་ཐོག་སྒྲིག་གཞི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པར་ཁྲིམས་ལུགས་བཟོ་བ་དང་། ཁྲིམས་ལུགས་བཅོས་པའམ་ཡང་ན་ཁྲིམས་ལུགས་མེད་པ་བཟོ་དགོས་རིགས་གཙོ་འགན་སྡེ་ཁག་གིས་རང་འགུལ་ངང་ཁྲིམས་འཛུགས་སྒྲིག་གཞི་དང་འབྲེལ་མཐུད་བྱེད་དགོས། ཁྲིམས་འཛུགས་ལས་ཁུངས་ཀྱིས་འཛུགས་བཅོས་དོར་འགྲེལ་བཞི་དང་འབྲེལ་བ་ཡོད་པའི་ལས་དོན་གཅིག་འདོམས་ཀྱིས་ལེགས་པར་བསྒྲུབ་དགོས།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་པའི་《ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བསྒྱུར་བཅོས་ཇུས་གཞི་》ཕུད་ཏང་ཀྲུང་དབྱང་གིས་ད་དུང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཞུང་དོན་གྲོས་བསྡུར་དང་མཐུན་སྦྱོར་གྱི་སྒྲིག་གཞི་ལེགས་སྒྱུར་དང་ལེགས་སྒྲིག་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་གཞི་གཅིག་ཏུ་ལག་བསྟར་དང་གཞི་གཅིག་ཏུ་དོན་འཁྱོལ་བྱེད་དགོས།
བློ་བཟང་ལྷ་མོས་བསྒྱུར།