ངོ་སྤྲོད་ཀྱི་ལེའུ།
པ་ཚབ་པ་སངས་དབང་འདུས་ལགས་ནི། གཞིས་ཁུངས་གཞིས་རྩེ་ཞོལ་ནས་ཡིན། ཁོང་བྱིས་པའི་དུས་སུ་མེས་པོ་ཕུར་བུ་ཚེ་རིང་དང་ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་རྩེ་གེ་སར་ལྷ་ཁང་སློབ་ཆུང་དང་། གཞིས་རྩེ་དམའ་རིམ་སློབ་འབྲིང་རིམ་བཞིན་འགྲིམས། སྤྱི་ལོ་1966ལོར་ལྷ་ས་མཐོ་རིམ་སློབ་འབྲིང་ནས་སློབ་ཐོན་བྱུང་། 1980ལོར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཚན་ཞིབ་མི་སྣའི་རྒྱུགས་ལེན་ནང་ཞུགས་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དངོས་སྦྱོང་ཞིབ་འཇུག་པའི་ལས་འགན་བཞེས། དུས་དེ་ནས་བཟུང་ལོ་དང་དུས་ཕལ་ཆེ་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་ཡི་གེ །བང་སོ། ཡིག་རྙིང་། ལོ་རྒྱུས་ས་མིང་སོགས་ཀྱི་ཞིབ་འཇུག་ལ་གཞོལ་བ་དང་། ཁོང་གིས་ལོ་ངོ་དུ་མའི་རིང་ལ་བོད་རྒྱ་དབྱིན་ཡིག་གསུམ་གྱི་ལམ་ནས་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་དང་རིག་གཞུང་དཔྱད་རྩོམ། ཡིག་བསྒྱུར་སོགས་འགྲེམས་སྤེལ་གནང་ཡོད་པ་དང་ད་རུང་འགྲེམས་སྤེལ་བྱ་རྩིས་ཡོད་པ་སོགས་མང་དུ་མཆིས།
ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་བོད་རིག་པའི་དཔེ་ཚོགས་ཞེས་པའི་རྩོམ་སྒྲིག་ལྷན་ཚོགས་ཀྱི་ཀྲུའུ་ཞི། ཀྲུང་གོའི་ཏུན་ཧོང་ཐུའུ་ལུ་ཧྥན་རིག་གཞུང་ཚོགས་པ་གྲངས་ཉུང་མི་རིགས་ཡིག་རིགས་ཆེད་ལས་ལྷན་ཚོགས་ཀྱི་ཀྲུའུ་རེན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་བསྣན་ཡོད་པའི་ཆེད་ལས་མཁས་དབང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སོགས་ཀྱི་ལས་གནས་བཞེས་ཡོད་ལ། སྔ་ཕྱིར་རྒྱལ་སྤྱི་བོད་རིག་པ་ལྷན་ཚོགས་ཀྱི་ལས་འཛིན་དང་། ཀྲུང་གོའི་མི་རིགས་ལོ་རྒྱུས་ལྷན་ཚོགས་ཀྱི་དབུ་འཛིན་སྐུ་གཞོན། ཨ་རིའི་ཀོ་ལོམ་བྷི་ཡ་སློབ་གྲྭ་ཆེན་མོ་དང་། དབྱིན་ཇིའི་ཁེམ་བྷི་རི་ཇི་སློབ་གྲྭ་ཆེན་མོ། ཨོ་སི་ཁྲུ་རི་ཡ་བོད་རིག་པ་དང་ནང་ཆོས་ཞིབ་འཇུག་ཁང་གི་གདན་ཞུས་དགེ་རྒན་ཆེན་མོ་སོགས་ཀྱི་འགན་བཞེས་ཡོད།
1993ལོ་ནས་བཟུང་སྔ་རྗེས་སུ་ཡོ་རོབ་དང་ཨ་རིའི་མིང་གྲགས་ཆེ་བའི་སློབ་ཆེན་དང་ཚན་རིག་ཞིབ་འཇུག་ལས་ཁུངས་སུ་ཐེངས་དྲུག་ལ་སློབ་ཁྲིད་དུ་ཕེབས། སྔ་རྗེས་སུ་འཚམས་འདྲིའི་མཁས་དབང་གི་མཚན་ཐོག་ནས་ཨོ་སི་ཁྲུ་རི་ཡའི་ཚན་རིག་ཁང་གི་བོད་རིག་པའི་ནང་བསྟན་ཞིབ་འཇུག་ཁང་དང་། ཝེ་ཡེ་ན་སློབ་ཆེན། དབྱིན་ཇིའི་ཅན་ཆའོ་སློབ་ཆེན། ཨ་རིའི་ཉིའུ་ཡུའེ་ཀོ་ལུན་པི་ཡ་སློབ་ཆེན་བཅས་སུ་ཞིབ་འཇུག་ལས་དོན་སྤེལ་ལ། དེ་སྔ་ཕ་རི་སིའི་ཏུང་ཧྥང་སྐད་བརྡ་སློབ་གླིང་དང་། འཇར་མན་གྱི་པོ་ཨེན་སློབ་ཆེན། ཨོ་སི་ཁྲུ་རི་ཡའི་ཝེ་ཡེ་ན་སློབ་ཆེན། པེར་ཀྲེམ་གྱི་ཀེན་ཐེ་སློབ་ཆེན། ཨ་རིའི་ཉིའུ་ཡུའེ་ལ་ཙེ་དཔེ་མཛོད་ཁང་བཅས་སུ་རིག་གཞུང་འཆད་ཁྲིད་སྤེལ།
བཅར་འདྲིའི་ལེའུ།
རྒན་པ་ཚབ་ལགས་ཁམས་བཟང་། ཉེ་སྔོན་སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གིས་སྤེལ་བའི་རྒན་ལགས་ཀྱི་མུ་འབྲེལ་འཆད་ཁྲིད་ལ་ཉན་པའི་གོ་སྐབས་ཐོབ་སོང་། མ་ཟད་དེ་རིང་ཡང་ལས་དང་སྐལ་བ་བཟང་པོའི་གོ་སྐབས་ཤིག་གིས། རྒན་ལགས་ང་ཚོའི་སློབ་གླིང་དུ་ཕེབས་ནས་སྐུ་དངོས་ཀྱིས་འཆད་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུ། ཞོར་དུ། རྒན་ལགས་ཀྱི་ཞིབ་འཇུག་གི་ཁྱབ་ཁོངས་ལས་མ་བརྒལ་བའི་ཚོད་ཀྱིས་ཅོལ་ཆུང་ང་ལ་ལང་ཚོའི་གཉོམ་ལག་མ་རྒྱས་པའི་དོགས་གནད་འགའ་རེ་ཡོད་པས། རྒན་ལགས་ཀྱིས་བཀའ་སློབ་གནང་བར་ཐུགས་རྗེ་ཆེ།
དོགས་གནད། རྒན་པ་ཚབ་ལགས། རྒན་ལགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་ལས་གནའ་བོའི་ཡིག་རྙིང་དང་། ས་མིང་དེ་དག་ལས་གཙོ་ཆེ་ཤོས་གང་ཡིན།
དྲིས་ལན། གཅིག་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་སམ་སྤུ་རྒྱལ་བོད་ཀྱི་ལོ་རྒྱུས་ཡིན། གཙོ་གནད་ནི་ཆེས་གནའ་བོའི་རྒྱལ་ཕྲན་དང་རྒྱལ་ཕྲན་སིལ་མ། སྤུ་རྒྱལ་བོད་ཀྱི་རྡོ་རིང་ཡི་གེ །ཏུན་ཧོང་བོད་ཀྱི་ལོ་རྒྱུས་གནའ་དཔེ། སྟོང་སྟེ། ཡུལ་ཚན། བང་སོ་ལ་སོགས་ཀྱི་ཞིབ་འཇུག་ཡིན།
གཉིས་ནི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་རྙིང་བྲིས་མ་ལ་དོ་སྣང་ཡོད། འདིར་ཁོ་བོས་ལོ་རྒྱུས་ཡིག་རྙིང་བྲིས་མ་ཞེས་པ་ནི་དུས་རབས་བཅུ་གསུམ་གོང་གི་ལོ་རྒྱུས་དང་འབྲེལ་བའི་རྒྱལ་རབས་ཆོས་འབྱུང་ལ་སོགས་པའི་ཡིག་རྙིང་བྲིས་མ་ཡིན་པ་ལས་ཆོས་གཞུང་དང་འབྲེལ་བ་མེད། དེའི་ཁྲོད་དཔེ་རྙིང་བྲིས་མའི་ཡིག་གཟུགས་དང་། ཐ་སྙད། ལོ་རྒྱུས་རྒྱབ་ལྗོངས། མཇུག་བྱང་། ཡིག་མཁན་གྱི་རུས་མིང་སོགས་ལ་དོ་སྣང་ཆེ་ཙམ་ཡོད། ད་ལྟ་བོད་ལྗོངས་སློབ་ཆེན་གྱི་གདན་ཞུས་དགེ་རྒན་གྱི་མིང་ཐོག་ནས་སློབ་མར་ལོ་རྒྱུས་གནའ་དཔེའི་སློབ་ཁྲིད་བྱས་དང་བྱེད་མུས་ཡིན།
གསུམ་ནི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ནང་གསལ་བའི་ལོ་རྒྱུས་ས་མིང་ལ་ཡུན་རིང་དཔྱད་པ་བྱས།
བཞི་ནི་བཙན་པོའི་སྐབས་ཀྱི་རྒྱ་བོད་གནའ་ལམ་དང་ཕྱིས་ཀྱི་ས་སྐྱ་པའི་སྲིད་དབང་དུས་ཀྱི་མདོ་དབུས་ཁམས་གསུམ་གྱི་འཇའ་མོ་ཞེས་པའི་ས་ཚིགས་ལ་ཞིབ་འཇུག་བྱེད་མུས་ཡིན།
ལྔ་ནི་ཉེ་ཆར་ལོ་བཅུ་ཙམ་རིང་ལ་དགའ་ལྡན་ཕོ་བྲང་སྲིད་གཞུང་དུས་ཀྱི་སྒེར་རམ་སྐུ་དྲག་གི་ལོ་རྒྱུས་ལ་ཞིབ་འཇུག་ཕྲན་བུ་བྱས་ཡོད།
དོགས་གནད། རྒན་པ་ཚབ་ལགས། ལོ་རྒྱུས་ཡིག་རྙིང་ཁྲོད་དུ་སྦ་བཞེད་ཞེས་པ་གང་ཞིག་ལ་ངོས་འཛིན་དགོས། དེས་ཕྱིས་ཀྱི་བཙན་པོའི་ཡིག་རྙིང་ལོ་རྒྱུས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཡོད།
དྲིས་ལན། སྦ་བཞེད་ཞེས་པ་ནི་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་དབའ་ཡེ་ཤེས་དབང་པོས་མཛད་པའི་དབའ་བཞེད་ཅེས་པའི་དེབ་ཐེར་དེ་དུས་རབས་བཅུ་གཅིག་པའི་ནང་བཅོས་མར་སོང་བའི་དེབ་ཞིག་རེད། དེབ་འདིའི་ཐོག་མའི་མིང་ལ་སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད་ཅེས་པར་སྣང་། དེ་ནི་སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་དར་བ་དབའ་གསལ་སྣང་མང་པོ་རྗེའམ་དབའ་ཡེ་ཤེས་དབང་པོའི་བཞེད་པ་མཚོན་པའམ། ཡང་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་མཆིད་ཡི་གེ་བློན་པོ་དབའ་གསལ་སྣང་མང་པོ་རྗེའམ་དབའ་ཡེ་ཤེས་དབང་པོས་ཡི་གེར་བཀོད་པའི་དེབ་ཡིན། ད་ལྟ་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཀྱི་དབའ་བཞེད་མ་ཕྱི་ནི་དབྱིན་ཇིའི་རྒྱལ་ཁབ་དཔེ་མཛོད་ཁང་དུ་བཞུགས་པའི་ཤོག་གྲངས་གཅིག་ཙམ་ལས་མཇལ་རྒྱུ་མེད། ཉེ་ཆར་ལོ་བཅུའི་གོང་ལ་འབྲས་སྤུངས་གནས་བཅུ་ལྷ་ཁང་གི་དེབ་ཐེར་ཡིན་སྣང་གི་དབའ་བཞེད་ཅེས་པ་འདུག་པ་དེ་ཁོ་བོའི་ངོས་འཛིན་ལ་དུས་རབས་བཅུ་པའི་ཡིག་རྙིང་ཞིག་ཡིན་པ་ལས་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་ཕྱི་མོ་ཡིན། ཧ་ལམ་དུས་རབས་བཅུ་གཅིག་པ་ནས་དབའ་བཞེད་མ་དཔེར་བཅོས་མར་སོང་བའི་དཔེ་དེབ་ཅི་རིགས་ཐོན་ནས་པར་མ་འདྲ་བའི་མིང་ཡང་བཅུ་བདུན་ཙམ་ཡོད་པར་འདུག །དཔེར་ན། ༡དབའ་བཞེད། ༢སངས་རྒྱས་ཀྱི་ཆོས་བོད་ཁམས་སུ་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་དབའ་བཞེད། ༣སྦ་བཞེད། ༤སྤ་བཞེད་ཞབས་བཏགས་མ། ༥སྦ་བཞེད་གཙང་མ། ༦སྤ་བཞེད་ཁུངས་མ། ༧སྦ་བཞེད་ལྷད་མ། ༨རྦ་བཞེད། ༩རྦ་བཞེད་རྒྱས་པ། ༡༠རྦ་བཞེད་འབྲིང་བ། ༡༡རྦ་བཞེད་བསྡུས་མ། ༡༢བླ་བཞེད། ༡༣འབའ་བཞེད། ༡༤བསམ་ཡས་ཀྱི་དཀར་ཆག་ཆེན་མོ། ༡༥ལྷ་སྲས་བཙན་པོའི་བཀའ་གཙིགས་ཡི་གེ ༡༦བསམ་ཡས་བཀའ་གཙིགས། ༡༧བསམ་ཡས་བཀའ་ཐང་ལ་སོགས་པ་ལྟ་བུའོ། །
བསྟན་པ་ཕྱི་དར་དུས་ཀྱི་ཡི་གེ་ལས། དབའ་གསལ་སྣང་ངམ་དབའ་ཡེ་ཤེས་དབང་པོ་ལ་སྦ་གསལ་སྣང་། རྦ་གསལ་སྣང་། སྤ་ཡེ་ཤེས་དབང་པོ། རྦ་ཡེ་ཤེས་དབང་པོ་ཞེས་འབོད་པས་དེབ་ཐེར་དབའ་བཞེད་ལ་མིང་ཡང་སྤ་བཞེད། ཡང་ན་རྦ་བཞེད་ཅེས་ཟེར། ཁ་ཅིག་སྦ་བཞེད་ནི་སྤ་སང་ཤིའི་བཞེད་ལུགས་ཡིན་ཞེས་སྨྲ་བ་ནི་བབ་ཅོལ་གྱི་གཏམ་ཡིན། ཡང་ཡིག་ཚང་འགར་སྦ་གསལ་སྣང་གིས་བཀའ་གཙིགས་ཡི་གེ་རྒྱས་པར་བྲིས་པ། བསམ་ཡས་ལྟར་ན་ཁྱད་པར་དུ་འདི་མེད་ཐབས་མེད་གསུངས། འདི་རིགས་མི་གཅིག་འདྲ་མིན་རྒྱས་བསྡུས་འབྲིང་གསུམ་ལས། འབྲིང་པོ་དེ་ལ་རྒྱས་ཤོས་ནི་མཚན་བཏབ། ཅེས་བྱུང་ཡང་། རྒྱལ་དབང་ལྔ་པ་ཆེན་མོའིォདཔྱིད་ཀྱི་རྒྱལ་མོའི་གླུ་དབྱངསサཞེས་པར་སྦ་བཞེད་ལ་དཔྱད་བརྗོད་གནང་སྐབས། མཁས་པ་ཕལ་ཆེར་གྱིས་སྦ་བཞེད་ལ་ཁུངས་སུ་མཛད་ཀྱང་བསླད་མ་ཞུགས་པའི་ཁུངས་ཐུབ་ཞིག་དཀའ་བར་སྣང་ངོ་། །ཞེས་དང་། སྦ་བཞེད་ཀྱི་གཏམ་རྒྱུད་ཚང་བར་བྲིས་པ་ལ། རང་ལུགས་འཐད་ལྡན་དུ་བཞག་པ་དང་། གཞན་ལུགས་མི་འཐད་པར་དགག་པའི་རྣམ་དབྱེ་མེད་པར་མིག་གི་མཐོང་ཚད་དང་རྣ་བས་ཐོས་ཚད་ཡི་གེར་བྲི་བ་ནི་སོས་དུས་ཀྱི་ཉི་མ་ཕུད་བྱེད་ཀྱི་ཐབས་ནི་ཡིན་མཆིས། ཞེས་པ། སྦ་བཞེད་སོགས་སྔོན་གྱི་ཡིག་རྙིང་རྣམས་སུ་བསམ་ཡས་བརྩིགས་པའི་དགའ་སྟོན་ལོ་བཅུ་གཉིས་བར་དུ་བྱས་པས་རྗེ་བློན་རྣམས་རྩེ་བྲོ་ལ་ཡེངས་ནས་གཙུག་ལག་ཁང་ལ་མཆོད་པ་ཞབས་གཏོགས་མ་བྱུང་བར་བརྟེན། ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་དགེ་སློང་འགའ་ཞིག་སྤྱན་དྲངས་ནས་སྦ་ཁྲི་གཟིགས་རབ་དུ་བྱུང་བར་བཤད་པ་སོགས་ནི་ལྷད་ཞུགས་པའི་བླུན་ཚིག་སྟེ། བསྟན་བཅོས་ཀྱི་འགོར་བྲིས་པའི་ལོ་ཚིགས་རྣམས་ལ་བསམ་བློ་མ་གཏང་བའི་གཏམ་ཡིན། ཞེས་འདི་ལྟར་གསུངས། དེ་ལྟར་སྦ་བཞེད་བཅོས་མར་ཕྱིས་སུ་སྣོན་པའི་ཡ་མཚན་ཅན་གྱི་གཏམ་སྒྲུང་མང་བ། དཔེར་ན། སྦ་སང་ཤི་རྒྱ་ཕྲུག་གར་མཁན། རྟིང་ལ་སད་མི་བདུན་གྱི་གྲས་ཡིན་ཞེས་དང་། ལྗང་ཚ་ལྷ་དབོན་དང་རྒྱ་བཟའ་གྱིམ་ཤིང་ཀོང་ཇོའི་སྒྲུང་། ཁྲི་སྲོང་ལྡེ་བཙན་རྒྱ་བཟའ་གྱིམ་ཤིང་ཀོང་ཇོའི་སྲས་ཡིན་པ་ལྟ་བུའོ། །དེ་ལས་ལྡོག་པ་ནི་ད་ལྟ་མཇལ་རྒྱུ་ཡོད་པའི་དུས་རབས་བཅུ་པའི་ནང་གི་ཡིག་རྙིང་ཡིན་པར་སྣང་བའི་དབའ་བཞེད་བྲིས་མ་དེ་ནི་ལོ་རྒྱུས་དཔྱད་གཞིའི་རིན་ཐང་ཆེ་ཙམ་ཡོད་དེ། དབའ་བཞེད་དང་སྦ་བཞེད་གཉིས་བསྡུར་ན་ནང་དོན་རྒྱས་བསྡུས་ཧེ་བག་ཆེ་བ། སྤ་བཞེད་ནི་གོང་འོག་དོན་གྱི་མཚམས་སྦྱོར་མི་འགྲིགས་པ། གསར་དུ་སྣོན་པའི་ངོ་མཚར་ཅན་གྱི་གཏམ་སྒྲུང་ཤིན་ཏུ་མང་བ། བཙན་པོའི་དུས་ཀྱི་ཚིག་སྦྱོར་ཉམས་པ་སོགས་དཔེ་མིང་ཡང་འཛོལ་བ་ཡིན།
དོགས་གནད། རྒན་པ་ཚབ་ལགས། ཉེ་ཆར་ཁྱེད་རང་གིས་བརྩམས་པའི《ལོ་རྒྱུས་ས་མིང་བརྡ་འགྲེལ》ཞེས་པའི་བརྩམས་ཆོས་འདིའི་དོན་སྙིང་དང་། སྐུལ་སློང་། རྒྱུད་རིམ་ངོ་སྤྲོད་གནང་རོགས།
དྲིས་ལན། ལོ་རྒྱུས་ལ་ཞིབ་གལ་ཆེ་བ་དེ་གཙིགས་སུ་བཟུང་ནས་ལོ་རྒྱུས་ས་མིང་ཞིབ་འཇུག་ཀྱི་ལས་ནི་ལོ་རྒྱུས་རིག་པའི་གལ་ཆེ་བའི་གྲུབ་ཆ་ཞིག་ཡིན་ཏེ། ལོ་རྒྱུས་ས་མིང་ལ་རྒྱུས་མངའ་དང་། ཤེས་རྟོགས། ཞིབ་འཇུག་ལ་སོགས་པ་བྱེད་དགོས་རྒྱུ་ནི་ཅི་ནས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན།
དེས་ན་ལོ་རྒྱུས་ས་མིང་ཞེས་པ་ནི་ལོ་རྒྱུས་ཐོག་གི་བྱ་བ་ཡི་ཐོག་མའི་མཚོན་རྟགས་ཤིག་ཡིན་པ་དང་།
མི་རིགས་ཀྱི་བྱ་སྤྱོད་ཀྱི་འབྱུང་འབྲས་ཤིག་ཀྱང་ཡིན་པ་ལགས། དེས་འདས་པའི་དུས་རིམ་མི་འདྲ་བའི་ནང་གི་ཡུལ་ལུང་གི་རང་བྱུང་ཁོར་ཡུག་དང་། ལོ་རྒྱུས་རིག་གནས་འཕོ་འགྱུར་ཇི་སྙེད་ཅིག་བྱུང་བ། ལོ་རྒྱུས་དོན་གནད་གཅིག་གི་སྔ་ཕྱིའི་འབྱུང་རྐྱེན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་སོགས་མངོན་པར་ནུས་པས། ལོ་རྒྱུས་ས་མིང་གི་ཞིབ་འཇུག་བརྒྱུད་ཡུལ་གཅིག་གམ་ས་ཆ་ཞིག་ཏུ་བྱུང་བའི་ལོ་རྒྱུས་མི་སྣ་དང་། ཤེས་རིག་གི་ཤུལ་བཞག །རིག་གནས་དཔལ་འབྱོར། ས་ཁམས་གནས་བབ་ལ་སོགས་པའི་སྣང་ཚུལ་ཤེས་རྟོགས་ཐུབ།
ད་ལན་བརྩམས་ཆོས་འདི་ལྟ་བུ་ཞིག་རྩོམ་པའི་སྐུལ་སློང་ནི་བར་ལམ་རྒྱལ་ཕྱི་ནང་གི་ལས་རིགས་གཅིག་པ་ཡིན་པའི་མཁས་དབང་ངོ་ཤེས་དང་། ལས་གྲོགས། སློབ་བུ་སོགས་ནས་ལོ་རྒྱུས་ས་མིང་སྐོར་གྱི་དེབ་ཐེར་ཞིག་གསར་རྩོམ་དགོས་པ་ཡང་ཡང་སྐུལ་མ་གནང་བྱུང་བ་དེ་དང་བདག་གིས་ལོ་མང་པོར་ལོ་རྒྱུས་ས་མིང་ཞིབ་འཇུག་གི་འབྲས་བུ་ཆུད་ཟོས་སུ་མི་འགྲོ་བའི་འདུན་པ་དྲག་པོ་ཡོད་པ་གཉིས་ཡོངས་སུ་མཐུན་པར་བྱུང་།
དེབ་ཐེར་འདི་རྩོམ་པའི་རྒྱུད་རིམ་ནི་འདི་ལྟར་ཡིན་ཏེ། དཔྱད་གཞིའི་ཡིག་རིགས་ནི་རྒྱུན་རིང་ལ་གསོག་འཇོག་བྱས་པ་ཡིན་པ་དང་། དེའི་རྨང་གཞིའི་ཐོག་སྤྱི་ལོ་2022ལོའི་ཟླ་8པ་ནས་2023ལོའི་ཟླ་3པའི་བར་ལ་ཡི་གེར་ཕབ་ཐུབ་པ་བྱུང་། ལར་ལོ་རྒྱུས་ས་མིང་ཞིབ་འཇུག་གི་ལས་དེ་ཅི་ནས་དཀའ་ཁག་ཆེ་ལ་རྙོག་འཛིང་ལྡན་པ་ཞིག་ཡིན་པ་གོར་མ་ཆག །ལོ་རྒྱུས་ས་མིང་ཞིབ་འཇུག་གི་ཤེས་བྱའི་འཇུག་སྒོ་གཅིག་པུ་ནི་མི་ལོ་བཅུ་ཕྲག་ཙམ་རིང་བརྩོན་སེམས་ལྷོད་མེད་ཞུས་པ་དེ་ཡིན་སྙམ།
དོགས་གནད། རྒན་པ་ཚབ་ལགས། ཡིག་རྙིང་ཁྲོད་དུ་བྱུང་བའི་མེས་དབོན་རྣམ་གསུམ་དང་ཆོས་འབྱུང་ཁྲོད་དུ་བྱུང་བའི་ཆོས་རྒྱལ་མེས་དབོན་རྣམས་གསུམ་གཉིས་ཀྱི་འབྲེལ་བ་དང་འགྱུར་བ་བྱུང་བའི་རྒྱུ་རྐྱེན་གང་ཡིན་ནམ།
དྲིས་ལན། བོད་ཀྱི་རྒྱལ་རབས་ཆོས་འབྱུང་ལས་བྱུང་བའི་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་པའི་ཐ་སྙད་ལ་དཔྱད་དགོས་ཚེ་འདི་ལྟར་ཤེས་དགོས། དེའང་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་སངས་རྒྱས་ཆོས་ལུགས་དར་ཞིང་རྒྱས་པར་བྱུང་བས། ཆོས་རྒྱལ་ཞེས་པའི་ཚིག་དེ་དང་ཐོག་སྤུ་རྒྱལ་དུས་ཀྱི་འཕྱོངས་རྒྱས་སྟག་རྩེ་ཟམ་སྣའི་རྡོ་རིང་ངམ་ཁྲི་སྲོང་ལྡེ་བཙན་གྱི་མཛད་པ་བཀོད་པའི་རྡོ་རིང་ཞེས་པ་ལས་བྱུང་། རྡོ་རིང་དེ་དུས་རབས་བརྒྱད་པའི་དུས་མཇུག་ཏུ་བཞེངས་པ་ཡིན་པར་དོགས་འཆར་མེད། དུས་རབས་བཅུ་གཉིས་ཡས་མས་ཀྱི་ཆོས་འབྱུང་ནང་མེས་དབོན་རྣམ་གསུམ་ཞེས་པའི་ཐ་སྙད་གསལ་བ་འོན་ཀེ་རུའི་འབུམ་བྲིས་མའི་མཇུག་མཆན་དུ་བྱུང་། དེའི་རྗེས་ཙམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་པའི་ཐ་སྙད་དེ་དར་ཁྱབ་ཕྱིན་པར་སྣང་།
དོགས་གནད། རྒན་པ་ཚབ་ལགས། དེང་གི་དུས་སུ་བོད་དང་རྒྱལ་ཕྱི་ནང་སོགས་སུ་བཙན་པོའི་སྐབས་ཀྱི་ཡིག་རྙིང་། ས་མིང་ཞིབ་འཇུག་དང་དོ་སྣང་བྱེད་པའི་ཚད་གང་འདྲ་ཡིན་ནམ།
དྲིས་ལན། དེང་དུས་བོད་དང་། རྒྱལ་ཕྱི་ནང་དུ་བཙན་པོའི་སྐབས་ཀྱི་ཡིག་རྙིང་ལྷག་པར་ཏུན་ཧོང་བོད་ཀྱི་གནའ་ཡིག་དང་། སྤུ་རྒྱལ་དུས་ཀྱི་རྡོ་རིང་ཡི་གེར་ཞིབ་འཇུག་དཔུང་ཁག་ནི་ཆེ་ཙམ་ཡོད་དེ། རྒྱལ་ནང་དང་། འཇར་མན། འཇར་པན། དབྱིན་ཇི། ཨ་རི་སོགས་ཀྱི་རྒྱལ་ཁབ་ཏུ་ཞིབ་འཇུག་པ་མང་ཙམ་མཆིས་ལ་གྲུབ་འབྲས་ཡང་མང་ཙམ་ཡོད། ས་མིང་གི་ཞིབ་འཇུག་ཐད་དཀའ་ངལ་ཆེ་ཙམ་ཡོད་དེ། གཅིག་ནས་འབྲེལ་ཡོད་ཤེས་བྱ་མི་འདང་པ་དང་། གཉིས་སུ་བོད་ཡིག་ལྟ་ཀློག་ཁག་པ། གསུམ་དུ་ཞིབ་འཇུག་ཐབས་ལ་ཞན་ཙམ་གྱི་རྣམ་པར་གནས་ཡོད།
དོགས་གནད། རྒན་པ་ཚབ་ལགས། མཇུག་མཐར་ལོ་ན་གཞོན་པའི་ཞིབ་འཇུག་མཁས་པ་རྣམས་ལ་རེ་བ་དང་བཤད་འདོད་པའི་སྐད་ཆ་ཅི་ཞིག་ཡོད།
དྲིས་ལན། དེའང་རྫ་དཔལ་སྤྲུལ་གྱིས། ལྷ་ཆོས་ལ་ཤེས་གལ་ཆེ། མི་ཆོས་ལ་གོམས་གལ་ཆེ། ལོ་རྒྱུས་ཞིབ་གལ་ཆེ། ཞེས་གསུངས་པ་བཞིན། ན་གཞོན་ཞིབ་འཇུག་པ་ལ་རང་མི་རིགས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་བྱ་རྒྱུ་དང་། སྐད་ཡིག་ལ་དགའ་ཞེན། བོད་ཀྱི་ཤེས་རིག་དར་རྒྱས་ཡོང་བར་བརྩོན་ལེན་བྱ་རྒྱུ་དེ་ཤིན་ཏུ་གལ་འགངས་ཆེ་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེང་ཁོ་བོ་ནི་ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་ལ་གཞོལ་བ་དང་སྦྲགས་རྩོམ་བྲིས་དང་འབྲི་མུས་མུས་ཡིན་པས། ཁོ་བོའི་བརྩམས་ཆོས་དེ་རིགས་ཀྱང་གཙོ་བོ་ནི་བློ་མིག་མཆོག་དང་ལྡན་པའི་གཞོན་སྐྱེས་ཕྱི་རབས་པའི་བློ་ཡི་གོང་བུ་སྐོང་བྱེད་ཀྱི་ཕན་པའི་རྒྱུ་ཡིན་པར་སྨོན་དུ་གསོལ།
རྒན་ལགས་བཀའ་དྲིན་ཆེ། མཇུག་མཐར་རྒན་ལགས་ཀྱི་སྐུ་ལུས་བདེ་ཐང་། བྱ་བཞག་དོན་གྲུབ་ཡོང་བའི་སྨོན་འདུན་ཞུ། །