དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པ་སྤེལ་གྱི་ཡོད། འདིའི་ནང་དོན་ནི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་རྒྱུ་དེ་རེད། ཐེངས་འདིའི་ཐུན་མོང་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་གི་ད་ཡོད་གནས་ཚུལ་དང་འགྲན་སློང་ལ་དབྱེ་ཞིབ་བྱ་རྒྱུ་དང་། ཕྱི་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པའི་བྱེད་ཐབས་གཙོ་བོར་རྒྱུས་ལོན་བྱ་རྒྱུ། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐབས་བཀོད་འཚོལ་ཞིབ་བྱ་རྒྱུ་བཅས་ཀྱི་ཆེད་དུ་ཡིན།
རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པ་ནི་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་བྱེད་པའི་ཁ་ཚ་དགོས་གཏུག་གི་བླང་བྱ་ཡིན་ལ། འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཀྱང་ཡིན། ཏང་དང་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་རྨང་གཞིའི་ཞིབ་འཇུག་གི་ལས་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཏང་ཀྲུང་དབྱང་གིས་“ཚན་རིག་ལ་དཔུང་སྐྱོད་བྱེད་དགོས་”ཞེས་པའི་འབོད་སྐུལ་བཏང་ནས། རྒྱ་ཆེའི་ཚན་རྩལ་ལས་བྱེད་པས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་བྱས་པས། “འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་འགག་རྩའི་ཚན་རིག་གནད་དོན་དང་། མིས་བཟོས་འདྲེས་སྦྱོར་ནོར་གྱི་དབྱི་ཏའོ་སུའུ། འགྱུར་རྟེན་འབྱུང་གྲངས་མང་བ་ལས་འགག་སྒྲོལ་བྱུང་བ། ཀོ་ཏེ་པ་ཧོའི་ཚོད་དཔག་ར་སྤྲོད་བྱུང་བ་ལ་སོགས་པའི་རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ཐོབ་པ་རེད། བསྒྱུར་བཅོས་སྒོ་འབྱེད་བྱས་རྗེས། རང་རྒྱལ་གྱིས་“ཚན་རིག་གི་དཔྱིད་ཀ་”བསུས་ཏེ། སྔ་གཞུག་ཏུ་“863འཆར་གཞི་”དང་། “རྩེར་སྙེག་འཆར་གཞི།” “973འཆར་གཞི་”བཅས་ལག་བསྟར་བྱས་པས། རྨང་གཞིའི་ཞིབ་འཇུག་གི་སྤྱི་ཡོངས་ཀྱི་ཞིབ་འཇུག་སྟོབས་ཤུགས་དང་རིག་གཞུང་ཆུ་ཚད་མངོན་གསལ་དོད་པོས་ཇེ་མཐོར་ཕྱིན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པོའི་གནས་སུ་བཞག་ནས་རྨང་གཞིའི་ཞིབ་འཇུག་ལས་འགན་གལ་ཆེན་ཁག་ཅིག་བདེ་བླག་ངང་སྒྲིག་འཛུགས་བྱས་པ་དང་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་ཅིག་འཛུགས་སྐྲུན་བྱས་པས་རྨང་གཞིའི་མདུན་གྲལ་ཕྱོགས་ཀྱི་ཐོག་མའི་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་རྒྱུན་མཐུད་ངང་ཐོན་ཡོད།
མིག་སྔར། རེབ་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་། རིག་གཞུང་ཚན་ཁག་སྣོལ་སྡེབ་དང་མཉམ་འདྲེས་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ། ཚན་རིག་ཞིབ་འཇུག་གི་དཔེ་སྟོན་རྣམ་པར་འཕོ་འགྱུར་གཏིང་ཟབ་བྱུང་བ། ཚན་རིག་ལག་རྩལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སིམ་འཛུལ་དང་མཉམ་འདྲེས་མགྱོགས་སུ་བྱུང་བ། རྨང་གཞིའི་ཞིབ་འཇུག་གི་གཞན་སྒྱུར་དུས་འཁོར་མངོན་གསལ་དོད་པོས་ཇེ་ཐུང་དུ་སོང་བ། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་དེ་རྨང་གཞིའི་མདུན་གྲལ་དུ་སྔ་སྣུར་བྱེད་བཞིན་ཡོད་པ་བཅས་རེད། རྒྱལ་སྤྱིའི་ཚན་རྩལ་འགྲན་རྩོད་ལ་ཁ་གཏད་འཇལ་བ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་བསྐྲུན་པར་སྐུལ་འདེད་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བཅས་བྱེད་དགོས་ན་ང་ཚོས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པ་དང་། འབྱུང་རྩ་ནས་འགོ་རྩོམ་སྟེ་འགག་རྩའི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ། དེ་ལྟར་ཡིན་པའི་དབང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་པ་དང་། ཐོག་མའི་གསར་གཏོད་མངོན་གསལ་དོད་པ། རང་མོས་འཚོལ་ཞིབ་ལ་བསྔགས་སྐུལ་བྱེད་པ་སོགས་འཐབ་ཇུས་བཀོད་སྒྲིག་བྱས་ཏེ་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བ་བྱེད་དགོས་ཞེས་མངོན་གསལ་གྱིས་ནན་བཤད་བྱས།
གཅིག །རྨང་གཞིའི་ཞིབ་འཇུག་གི་རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་ཀྱི་རང་བཞིན། མ་ལག་གི་རང་བཞིན་བཅས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་བྱ་རྒྱུ་དེ་ཞིབ་འཇུག་ནས་ཉེར་སྤྱོད་དང་། དེ་ནས་ཐོན་སྐྱེད་བྱེད་པའི་ཚན་ཞིབ་འབྲེལ་ཐག་གི་འགོ་རྩོམ་པའི་བར་རྩིག་རྨང་བརྟན་པོ་བཙུགས་ན། ད་གཟོད་ཚན་རྩལ་བྱ་གཞག་གི་ཐོག་ཁང་མཐོན་པོ་བསྐྲུན་ཐུབ། རྨང་གཞིའི་ཞིབ་འཇུག་གིས་རྒྱང་ལྟ་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་དགོས་མཁོའི་ཁྲིད་ཕྱོགས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་ཐོན་ཁུངས་བགོ་སྒྲིག་དང་བཀོད་སྒྲིག་བྱེད་ཚུལ་ལེགས་སུ་བཏང་སྟེ་གསར་གཏོད་འཕེལ་རྒྱས་ལ་རྨང་གཞིའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་ལག་རྩལ་གྱི་འབྱུང་ཁུངས་འདོན་སྤྲོད་བྱེད་དགོས།
“ཁ་ཕྱོགས་བཞི་”རྒྱུན་འཁྱོངས་དང་། དམིགས་འབེན་ཁྲིད་ཕྱོགས་དང་རང་མོས་འཚོལ་ཞིབ་“རྐང་པ་གཉིས་སྤོས་”བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་གི་ཚན་རྩལ་མདུན་གྲལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་གལ་ཆེན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ཟུང་འབྲེལ་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ཆོས་ཉིད་ཀྱིས་བཏོན་པའི་མདུན་གྲལ་གནད་དོན་དང་ཉེར་སྤྱོད་གལ་ཆེན་གྱི་ཞིབ་འཇུག་ནང་སྤྱི་མཚན་དུ་གྱུར་པའི་རིགས་པའི་གཞུང་ལུགས་ཀྱི་གནད་དོན་གཅིག་འདོམས་དང་བརྩི་སྲུང་ཞུ་བ་བཅས་བྱས་ཏེ་རྨང་གཞིའི་ཞིབ་འཇུག་གི་འགག་རྩའི་ཚན་རིག་གནད་དོན་གཅིག་འགྲིལ་བྱེད་དགོས། ཚན་རྩལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་ཁོང་དུ་ཆུད་པ་བྱས་ཏེ་རྨང་གཞིའི་ཞིབ་འཇུག་གི་རྣམ་གྲངས་གལ་ཆེན་ཆོག་འཐུས་རང་བཞིན་གྱི་རིགས་པས་ཁུངས་སྐྱེལ་དང་འདེམས་སྒྲུག་དཔྱད་དཔོག་ལ་ཤུགས་རྒྱག་པ་དང་། ཚན་རིག་པའི་བསམ་འཆར་ལ་བརྩི་འཇོག་གང་ལེགས་བྱེད་པ། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་དང་། “ལག་པ་སུ་སྔ་རྩོད་དགོས་པ་”བཅས་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ལ་ཤུགས་རྒྱག་པ་དང་། རྩ་འཛུགས་ཡོད་པའི་སྒོ་ནས་འཐབ་ཇུས་ཁྲིད་ཕྱོགས་ཀྱི་མ་ལག་ཅན་གྱི་རྨང་གཞིའི་ཞིབ་འཇུག་དང་། མདུན་གྲལ་ཁྲིད་ཕྱོགས་ཀྱི་འཚོལ་ཞིབ་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག །ཚོང་རའི་ཁྲིད་ཕྱོགས་ཀྱི་ཉེར་སྤྱོད་རང་བཞིན་གྱི་རྨང་གཞིའི་ཞིབ་འཇུག་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཚོད་ལྟ་ཁང་གི་སྣེ་ཁྲིད་ནུས་པ་དང་། རྒྱལ་ཁབ་ཚན་ཞིབ་སྒྲིག་གཞིའི་སྒྲིག་འཛུགས་ཅན་གྱི་རྩ་འཛུགས་ནུས་པ། ཆུ་ཚད་མཐོ་བའི་ཞིབ་འཇུག་རྣམ་པའི་སློབ་ཆེན་གྱི་གཙོ་ཤུགས་དམག་གི་ནུས་པ། ཚན་རྩལ་སྣེ་ཁྲིད་ཁེ་ལས་ཀྱི་“རྒྱུགས་ཡིག་འདོན་མཁན་”དང་། “རྒྱུགས་སྤྲོད་མཁན།” “རྒྱུགས་བཤེར་མཁན་”བཅས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་སྣང་ཆེན་བྱེད་དགོས། རྨང་གཞིའི་རིག་གཞུང་ཚན་ཁག་འཛུགས་སྐྲུན་གྱི་བཀོད་པ་ལེགས་སུ་གཏོང་བ་དང་། རིག་གཞུང་ཚན་ཁག་གཙོ་གནད་དང་། གསར་དར་ཚན་ཁག །དོན་གཉེར་བྱེད་མཁན་ཉུང་བའི་ཚན་ཁག །རིག་གཞུང་ཚན་ཁག་ཞན་པ་བཅས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། རིག་གཞུང་ཚན་ཁག་སྣོལ་སྡེབ་མཉམ་འདྲེས་དང་རིག་གཞུང་ཚན་ཁག་ལས་བརྒལ་བའི་ཞིབ་འཇུག་ལ་སྐུལ་འདེད་དང་། ཕྱོགས་ཡོངས་ནས་དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་སྤུས་ཚད་མཐོ་བའི་རིག་གཞུང་ཚན་ཁག་མ་ལག་འཛུགས་དགོས།
གཉིས། རྨང་གཞིའི་ཞིབ་འཇུག་གི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱེད་དགོས། འཛམ་གླིང་ནི་ཚན་རིག་ཆེན་པོའི་དུས་རབས་སུ་སླེབས་ཡོད་པ་དང་། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་དུ་འགྱུར་ཚད་ཇེ་ཆེར་འགྲོ་བཞིན་ཡོད་ལ། ལམ་ལུགས་ཀྱི་འགན་སྲུང་དང་སྲིད་ཀྱི་ཇུས་ཁྲིད་སྟོན་གྱིས་རྨང་གཞིའི་ཞིབ་འཇུག་གི་ཐོན་རྫས་ལ་ཐེབས་པའི་ཤུགས་རྐྱེན་ཡང་ཇེ་ཆེར་འགྲོ་བཞིན་ཡོད། རང་རྒྱལ་གྱིས་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་རྩའི་ཆ་ནས་བཙུགས་ཡོད་ཀྱང་ད་དུང་འཐུས་ཚང་བྱུང་མེད་པས། ངེས་པར་དུ་བསྒྱུར་བཅོས་ཇུས་གཞི་ལེགས་པོ་དང་ཞིབ་ཕྲ་བཟོས་ཏེ། ལམ་ལུགས་དང་སྲིད་ཇུས་ཀྱི་རིན་ཐང་སྐུལ་འདེད་དང་འཐབ་ཇུས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
རྨང་གཞིའི་ཞིབ་འཇུག་ལ་ནོར་སྲིད་ཀྱིས་མ་དངུལ་གཏོང་གྲངས་བརྟན་པོའི་ངང་མང་དུ་གཏོང་བ་དང་། ཁྲལ་བསྡུའི་གཟིགས་སྐྱོང་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་ཁེ་ལས་ཀྱིས་མ་དངུལ་འཇོག་གྲངས་མང་དུ་གཏོང་བར་སྐུལ་སློང་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཚན་རིག་ཐེབས་རྩ་འཛུགས་པ་དང་ཚན་རིག་དང་མཐུན་པའི་ཞལ་འདེབས་རྒྱག་པ་སོགས་ཕྱོགས་མང་ནས་མ་དངུལ་འཇོག་པར་བསྔགས་སྐུལ། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩ་དང་དེའི་མཉམ་འབྲེལ་ཐེབས་རྩའི་རོགས་དངུལ་སྤྲོད་པའི་ཕན་ནུས་ཆེ་རུ་གཏོང་བ། འགྲན་རྩོད་ཀྱི་རང་བཞིན་ལྡན་པའི་རྒྱབ་སྐྱོར་དང་བརྟན་བརླིང་གི་རྒྱབ་སྐྱོར་ཟུང་དུ་འབྲེལ་བའི་རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་འཇོག་པའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་གཞིའི་རྨང་གཞིའི་ཞིབ་འཇུག་གི་རྒྱབ་སྐྱོར་མ་ལག་ལེགས་སུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་རྣམ་གྲངས་ཀྱི་རྩ་འཛུགས་དང་། སྙན་ཞུ། དཔྱད་ཞིབ། ཐབས་ཇུས་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཧེ་བག་ཅན་གྱི་རིགས་དབྱེ་དོ་དམ་དང་རྒྱལ་སྤྱི་རྒྱལ་ནང་གི་ལས་རིགས་གཅིག་པའི་དཔྱད་གླེང་ལག་བསྟར། ཚན་རིག་གི་གནད་དོན་གལ་ཆེན་ལ་ཕྱོགས་པའི་མཐུན་སྦྱོར་འགག་སྒྲོལ་སྒྲིག་འཛུགས་བྱེད་པ། རང་མོས་འཚོལ་ཞིབ་རྣམ་པའི་ཞིབ་འཇུག་དང་ངོས་འཛིན་གཅིག་མཐུན་མིན་པའི་གསར་གཏོད་ཞིབ་འཇུག་ལ་སྐུལ་མ་གཏོང་བ་བཅས་བྱེད་དགོས། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་དང་ཚོང་རའི་ལམ་སྲོལ་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རྨང་གཞིའི་ཞིབ་འཇུག་གི་དུས་ཡུན་རིང་པོ་དང་འཚམ་པའི་ཚན་རྩལ་གདེང་འཇོག་གི་སྐུལ་ལྕག་དང་། གྲུབ་འབྲས་གཉེར་སྤྱོད་དངོས་བསྒྱུར། ཚན་རྩལ་མི་སྣའི་གླ་ཕོགས་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་རྨང་གཞིའི་ཞིབ་འཇུག་གསར་གཏོད་རྟེན་གཞི་དང་། ཚོགས་པ་ཡག་པོ། གཙོ་གནད་ཁ་ཕྱོགས་བཅས་ཁག་ཅིག་ལ་ཡུན་རིང་བརྟན་པོའི་ངང་རྒྱབ་སྐྱོར་བྱས་ནས་ཐོག་མའི་གསར་གཏོད་ཀྱི་འབྱུང་གནས་དང་རྨང་གཞིའི་ཞིབ་འཇུག་གི་གདོང་ལེན་སྟོབས་ཤུགས་གཏོད་དགོས། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཚད་ཇེ་མཐོར་གཏོང་བ་ནི་འཕེལ་ཕྱོགས་ཆེན་པོ་ཡིན་ལ། དུས་མཚུངས་སུ་རྒྱལ་ཁབ་ཀྱི་ནོར་ཤུགས་ལ་བསམ་བློ་གཏོང་བ་དང་། ལུགས་མཐུན་གྱིས་མ་དངུལ་འཇོག་ཚད་མཐའ་འཁྱོངས། ལག་བསྟར་བྱེད་རིམ་གྱི་གྲུབ་འབྲས་ལ་དཔྱད་དཔོག་བྱེད་པར་ཤུགས་རྒྱག་པ་བཅས་བྱས་ཏེ། “འགྲོ་གྲོན་དགོས་གཏུག་ཆེ་སར་སྤྱོད་པ་”ཁག་ཐེག་བྱེད་དགོས།
གསུམ། རྨང་གཞིའི་ཞིབ་འཇུག་གི་ཆུ་ཚད་མཐོ་བའི་འདེགས་སྐྱོར་ལས་སྟེགས་བསྐྲུན་དགོས། འདས་ཟིན་པའི་དུས་ཡུན་རིང་པོའི་ནང་རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་བརྗོད་གཞི་ཕྱི་རྒྱལ་གྱི་རིག་གཞུང་དུས་དེབ་ཐོག་ནས་འཚོལ་བ་དང་། དཔྱད་ཆས་དང་སྒྲིག་ཆས་ཕྱི་རྒྱལ་ནས་ནང་འདྲེན་བྱེད་པ། གྲུབ་འབྲས་ཐོབ་རྗེས་དངུལ་བཏང་ནས་ཕྱི་རྒྱལ་གྱི་དུས་དེབ་དང་ལས་སྟེགས་ཐོག་སྤེལ་བའི་“སྣེ་གཉིས་ཕྱི་ཕྱོགས་ལ་བརྟེན་པའི་”གནད་དོན་ལྡན། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་འཛམ་གླིང་ཐོག་གི་ཚན་རྩལ་དུས་དེབ་རྩེ་གྲ་དང་། རྒྱལ་ཁབ་ཆེ་གྲས་ཀྱི་འཕྲུལ་ཆས་གལ་ཆེན་ཁག་ཅིག་ནུས་ཤུགས་ཡོད་རྒུས་བསྐྲུན་པས། རྨང་གཞིའི་ཞིབ་འཇུག་དང་འདེགས་སྐྱོར་ལས་སྟེགས་འཛུགས་སྐྲུན་ཐད་ཡར་རྒྱས་ཆེན་པོ་བྱུང་ཡོད་མོད། འོན་ཀྱང་རྩ་བའི་ཐོག་ནས་“སྣེ་གཉིས་ཕྱི་ཕྱོགས་ལ་བརྟེན་པའི་”གནད་དོན་ཐག་གཅོད་བྱེད་པར་ད་དུང་ལས་འགན་ལྕི་ལ་ལམ་ཐག་རིང་པོ་ཡོད།
ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་མཉམ་དུ་འཛུགས་པ་དང་། རྨང་གཞིའི་རིག་གཞུང་ཚན་ཁག་ཞིབ་འཇུག་ལྟེ་གནས་བཀོད་སྒྲིག་དང་འཛུགས་སྐྲུན། རྨང་གཞིའི་ཞིབ་འཇུག་དམིགས་བསལ་ཁུལ་གང་མགྱོགས་ངང་འཛུགས་པ། ཚན་ཞིབ་ཆ་འཕྲིན་ཅན་གསར་པའི་རྨང་གཞིའི་ལས་སྟེགས་སྔོན་ལ་བཀོད་སྒྲིག་བཅས་བྱས་པས་རྨང་གཞིའི་ཞིབ་འཇུག་གི་རྐང་འཛིན་དྲ་རྒྱ་སྟོབས་ལྡན་ཞིག་ཆགས་ཡོད། ཚན་རིག་དང་མཐུན་པའི་སྒོ་ནས་རྒྱང་ལྟ་སྣེ་ཁྲིད་ཅན་དང་། འཐབ་ཇུས་ཁྲིད་ཕྱོགས་ཅན། ཉེར་སྤྱོད་འདེགས་སྐྱོར་ཅན་བཅས་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཆར་འགོད་བྱེད་པ་དང་། སྒྲིག་བཀོད་འཛུགས་སྐྲུན་བྱེད་རིང་དང་བསྒྲུབས་རྗེས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་དོ་དམ་འཐུས་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་སྒོ་འབྱེད་མཉམ་སྤྱོད་ཀྱི་ཆུ་ཚད་དང་འཁོར་སྐྱོད་ཀྱི་ལས་ཕྱོད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་ཡོ་བྱད་སྒྲིག་ཆས་དང་། བཀོལ་སྤྱོད་མ་ལག །རྨང་གཞིའི་མཉེན་ཆས་བཅས་རང་རྒྱལ་ནས་ཐོན་སྐྱེད་བྱེད་པའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། ཚན་ཞིབ་ལས་ཁུངས་དང་མཐོ་རིམ་སློབ་གྲྭས་ཁེ་ལས་དང་མཉམ་འབྲེལ་འགག་སྒྲོལ་བྱ་རྒྱུར་སྐུལ་མ་གཏོང་བ། རང་རྒྱལ་ནས་ཐོན་སྐྱེད་བྱེད་པའི་ཚབ་བྱེད་ཆུ་ཚད་དང་བཀོལ་སྤྱོད་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་རང་རྒྱལ་གྱི་རང་བརྟེན་ཞིབ་འཇུག་ལས་སྟེགས་དང་དཔྱད་ཆས་དང་སྒྲིག་ཆས་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་གི་གནད་དོན་གལ་ཆེན་སྔ་ཙམ་ནས་ཐག་གཅོད་ཐུབ་པ་བརྩོན་ལེན་བྱེད་དགོས། འཛམ་གླིང་གི་ཚན་རྩལ་དུས་དེབ་རྩེ་གྲ་གཉེར་རྒྱུ་མགྱོགས་སུ་གཏོང་བ་དང་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ལྡན་པའི་ཚན་རྩལ་ཚད་ལྡན་ཡིག་ཆ་དང་གཞི་གྲངས་ལས་སྟེགས་སྐྲུན་པ་དང་། ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་རིག་གཞུང་ཚོགས་འདུ་འཚོག་པ། རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་དག་རང་རྒྱལ་གྱི་དུས་དེབ་དང་ལས་སྟེགས་ཐོག་སྔོན་ལ་འགྲེམས་སྤེལ་དང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་མ་གཏོང་དགོས།
བཞི། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་རྒྱུ་དེ་མཐར་གཏུགས་ནས་བཤད་ན་ཆུ་ཚད་མཐོ་བའི་ཤེས་ལྡན་མི་སྣར་བརྟེན་དགོས། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཤེས་ལྡན་མི་སྣར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་དཔུང་ཁག་ལ་སྔར་བཞིན་ཞན་ཆ་མངོན་གསལ་དོད་པོ་ཡོད། ངེས་པར་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་མ་ལག་ཅན་དང་རིམ་གྲས་མཐོ་བའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལས་སྟེགས་བསྐྲུན་ཏེ་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གཅིག་རྗེས་གཉིས་མཐུད་ངང་ཐོན་པར་བྱེད་དགོས།
རིགས་སོ་སོའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཆར་གཞི་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་ཐད་ཀྱི་ཤེས་ལྡན་མི་སྣར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་ཚན་རིག་པ་གསོ་སྐྱོང་དང་བཀོལ་སྤྱོད། ན་གཞོན་ཚན་རྩལ་ཤེས་ལྡན་མི་སྣས་འགན་ཆེན་པོ་འཁུར་བ་དང་ལས་འགན་ལྗིད་པོ་འཁུར་བར་རྒྱབ་སྐྱོར། ཕྱི་རྒྱལ་གྱི་ཕུལ་བྱུང་ཤེས་ལྡན་མི་སྣ་ནང་འདྲེན་ཧུར་ཐག་བཅས་བྱས་ཏེ། ཚན་རྩལ་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣའི་དཔུང་ཁག་དང་གསར་གཏོད་དཔུང་ཁག་རྩེ་གྲ་རྒྱུན་ཆད་མེད་པར་རྒྱ་སྐྱེད་གཏོང་དགོས། “ཁོ་ན་བཞི་ལས་བརྒལ་”རྗེས་ཇི་ལྟར་“འཛུགས་རྒྱུ་”ཡི་གདེང་འཇོག་བྱེད་ཐབས་དང་ཚད་གཞི་ཁ་གསལ་བཟོ་བ་དང་། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣའི་བྱེ་བྲག་གི་གདེང་འཇོག་དང་དུས་འཁོར་རིང་པོའི་རྒྱབ་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཚན་རྩལ་སྣེ་ཁྲིད་ཤེས་ལྡན་མི་སྣར་མི་རྒྱུ་དངོས་གསུམ་གྱི་སྤྱོད་དབང་དང་ལག་རྩལ་ལམ་ཕྱོགས་ཀྱི་གདམ་གསེས་བྱེད་དབང་སྔར་བས་ཆེ་བ་སྤྲད་དེ། རྨང་གཞིའི་ཞིབ་འཇུག་གི་ཆོས་ཉིད་དང་ཤེས་ལྡན་མི་སྣ་འཚར་ལོངས་ཀྱི་ཆོས་ཉིད་དང་མཐུན་པའི་གདེང་འཇོག་མ་ལག་འཛུགས་དགོས། ཚན་ཞིབ་སློབ་སྲོལ་གྱི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་རྒྱག་པ་དང་། ཚན་རིག་གི་ལྟ་སྐུལ་དང་ཡིད་རྟོན་གྱི་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཚན་ཞིབ་སློབ་སྲོལ་གྱི་སྤྱོད་ཚུལ་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཚན་རྩལ་མི་སྣར་འུད་སྒྲོག་འདོར་བ་དང་འཚབ་འཚུབ་མེད་པའི་སྒོ་ནས་“བྲེལ་མེད་ལས་རིགས་”ཐོག་བརྟན་པོ་སྡོད་ཐུབ་པ་ཁྲིད་སྟོན་བྱེད་དགོས། རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་རང་བརྟེན་གསོ་སྐྱོང་བྱེད་པའི་ལམ་བུར་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། “སློབ་འབྲིང་སློབ་མའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་”དང་། “རྨང་གཞི་བརྟན་དུ་གཏོང་རྒྱུའི་འཆར་གཞི།” “རྨང་གཞིའི་རིག་གཞུང་ཚན་ཁག་གི་རྩེར་སོན་སློབ་མ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་”བཅས་ལག་བསྟར་གཏིང་ཟབ་བྱེད་དགོས། རྨང་གཞིའི་རིག་གཞུང་ཚན་ཁག་གི་སློབ་གསོའི་མ་ལག་ལེགས་སྒྱུར་དང་། མཐོ་རིམ་སློབ་གྲྭ་སྤྱི་དང་ལྷག་པར་དུ་“རྩེ་གྲ་གཉིས་”ཀྱི་མཐོ་རིམ་སློབ་གྲྭའི་རྨང་གཞིའི་ཞིབ་འཇུག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ། རྒྱལ་ཁབ་ལ་ཉེ་བར་མཁོ་བའི་མཐོ་རིམ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་ཞིབ་འཇུག་གི་རྗེས་གྲབས་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས།
ལྔ། རྨང་གཞིའི་ཞིབ་འཇུག་གི་རྒྱལ་སྤྱིའི་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་དགོས། མིག་སྔར། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་རྒྱལ་ཁབ་ཉུང་ཤས་ཤིག་གི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་ཕོག་ཐུག་དང་འགྲན་སློང་འཕྲད་ཀྱི་ཡོད། མིའི་རིགས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་བའི་དཀའ་གནད་སེལ་བ་ལ་རྒྱལ་སྤྱིའི་མཉམ་ལས་དང་སྒོ་འབྱེད་མཉམ་སྤྱོད་ཀྱི་དགོས་མཁོ་ནི་སྔོན་གྱི་དུས་སྐབས་གང་ཞིག་ལས་ཀྱང་ཆེན་པོ་ཡིན། རྒྱལ་ཁབ་གང་ཞིག་ཡིན་རུང་རང་ཚུགས་ཀྱི་གསར་གཏོད་ལྟེ་གནས་སམ་ཡང་ན་གསར་གཏོད་ཀྱི་གྲུབ་འབྲས་སྒེར་སྤྱོད་བྱེད་མཁན་ལ་འགྱུར་ཐུབ་རྒྱུ་མ་རེད། རང་རྒྱལ་གྱིས་སྔར་བས་སྒོ་འབྱེད་ཀྱི་བསམ་གཞིགས་དང་ཐབས་བཀོད་ལ་བརྟེན་ནས་རྨང་གཞིའི་ཞིབ་འཇུག་སོགས་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གོ་ལ་ཧྲིལ་པོའི་འགྲན་རྩོད་ཀྱི་ནུས་པ་ལྡན་པའི་སྒོ་འབྱེད་དང་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་དགོས།
ང་ཚོས་རྒྱལ་སྤྱིའི་རྨང་གཞིའི་ཞིབ་འཇུག་མཉམ་ལས་ཀྱི་ལས་སྟེགས་བསྐྲུན་ནས་རྒྱལ་སྤྱིའི་ཚན་རིག་ཆེན་པོའི་འཆར་གཞི་དང་ཚན་རིག་གི་ལས་གྲྭ་ཆེན་པོ་ལག་ལེན་བསྟར་བར་སྣེ་ཁྲིད་བྱེད་པ་དང་། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚན་རིག་ཞིབ་འཇུག་གི་ཐེབས་རྩ་འཛུགས་པ། རྒྱལ་ཁབ་ཀྱི་ཚན་རྩལ་འཆར་འགོད་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་ཤུགས་ཆེ་རུ་གཏོང་བ། གནམ་གཤིས་འགྱུར་ལྡོག་དང་། ནུས་རྒྱུའི་བདེ་འཇགས། སྐྱེ་དངོས་བདེ་འཇགས། ཕྱི་རིམ་བར་སྟོང་བེད་སྤྱོད་སོགས་གོ་ལ་ཧྲིལ་པོའི་གནད་དོན་ལ་དམིགས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་གྱི་མཉམ་འབྲེལ་ཚན་ཞིབ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་དགོས། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་སྔ་བལྟས་ཇུས་འགོད་དང་ཟབ་ཞུགས་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཚན་རྩལ་རྩ་འཛུགས་ནང་ཞུགས་པའམ་འཛུགས་རྒྱུའི་གྲོས་འགོ་བཏོན་ནས་རྒྱལ་ནང་གི་མཐོ་རིམ་སློབ་གྲྭ་དང་། ཚན་ཞིབ་ཁང་། ཚན་རྩལ་རྩ་འཛུགས་རྣམས་རྒྱལ་སྤྱི་དང་འབྲེལ་མཐུད་བྱ་རྒྱུ་ལ་རྒྱབ་སྐྱོར་བྱེད་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ། མི་ཆོས་ཞིབ་བཤེར་ལམ་སྲོལ་དང་ལྟ་སྐུལ་དོ་དམ་སྒྲོམ་གཞི་སོགས་འཐུས་ཚང་དུ་གཏོང་དགོས། ང་ཚོས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པོ་བྱས་ནས་རྒྱལ་སྤྱིའི་ཚན་རྩལ་ལས་རིགས་ཀྱི་སྒོ་མོ་འབྱེད་ཤུགས་དང་། ཡིད་ཆེས། མཉམ་ལས་བཅས་ཆེ་རུ་ཧུར་ཐག་བཏང་སྟེ་ཐོག་མའི་གསར་གཏོད་གནད་ཆེན་དང་འགག་རྩ་ལྟེ་བའི་ལག་རྩལ་སྔར་ལས་མང་པོ་འགག་སྒྲོལ་བྱུང་བར་བརྟེན་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པ་མ་ཟད། ད་དུང་རང་རྒྱལ་གྱི་ཚན་རྩལ་བདེ་འཇགས་ཀྱི་ཁེ་ཕན་སྲུང་སྐྱོང་ནུས་ལྡན་ཡང་བྱེད་དགོས།
དྲུག །རྨང་གཞིའི་ཞིབ་འཇུག་ལ་ཕན་པའི་གསར་གཏོད་ཀྱི་ཁོར་ཡུག་བསྐྲུན་དགོས། རྨང་གཞིའི་ཞིབ་འཇུག་བྱེད་པར་དངོས་པོའི་ཐོག་ནས་འགན་སྲུང་བྱེད་དགོས་ལ་བསམ་པའི་ཐོག་ནས་ཀྱང་བསྔགས་སྐུལ་བྱེད་དགོས། རང་རྒྱལ་གྱི་ཚན་རྩལ་ལས་སྒྲུབ་པ་མི་རབས་ཁ་ཤས་ཀྱིས་མུ་མཐུད་འབད་འཐབ་བྱས་ཏེ་བཏོད་པའི་“འབར་མདེལ་གཉིས་དང་འཁོར་སྐར་གཅིག་”གི་སྙིང་སྟོབས་དང་། ནུབ་སྤོ་སྙིང་སྟོབས། མི་བཞུགས་འཇིག་རྟེན་འཕུར་སྐྱོད་ཀྱི་སྙིང་སྟོབས། ཚན་རིག་པའི་སྙིང་སྟོབས། ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་སྙིང་སྟོབས། དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སོགས་ཀྱིས་ཐུན་མོང་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གསར་གཏོད་སྐྱེ་ཁམས་བསྐྲུན་ཏེ་རྨང་གཞིའི་ཞིབ་འཇུག་གི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འཛད་མེད་སྒུལ་ཤུགས་སུ་གྱུར་ཡོད།
སྤྱི་ཚོགས་ཡོངས་སུ་བདེན་དོན་བརྩོན་ལེན་དང་། ཡང་རྩེར་འཛེགས་ཕོད་པའི་ཚན་རིག་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་སོགས་ཚན་རྩལ་ཁྱབ་ཁོངས་སུ་ཐོན་པའི་སྔོན་ཐོན་དཔེ་བཟང་དང་བྱས་རྗེས་དྲིལ་བསྒྲགས་རྒྱ་ཆེར་བྱས་པ་དང་། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པས་ཚན་རིག་པ་རྒན་རབས་ཚོས་རྒྱལ་ཁབ་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བ་དང་མི་དམངས་ལ་བརྩེ་སེམས་བཅངས་པའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། དཔྱད་རྩོམ་མེས་རྒྱལ་གྱི་ས་གཞི་ཆེན་མོའི་ཐོག་འབྲི་བ་དང་། ཚན་ཞིབ་གྲུབ་འབྲས་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ནང་སྤྱོད་པར་བྱེད་དགོས། རྒྱལ་ཁབ་ཀྱི་ཚན་རྩལ་ཁྱབ་གདལ་ནུས་པ་འཛུགས་སྐྲུན་ལ་ཤུགས་བརྒྱབ་ནས་དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་དྲ་ཐོག་དང་དྲ་ཕྱིའི་ཐབས་ལམ་མང་པོར་བརྟེན་ནས་ཚན་རིག་ཤེས་བྱ་བརྒྱུད་བསྒྲགས་དང་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་བྱས་ནས་ཚན་རིག་ལ་དགའ་ཞེན་དང་ཚན་རིག་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་གཏོད་དགོས། ཚན་སློབ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་སློབ་གསོའི་“གཉིས་འཕྲིའི་”ནང་ཚན་རིག་སློབ་གསོ་སྣོན་པ་དང་། ཚན་རིག་གི་ས་བོན་བཏབ་ནས་གཞོན་ནུ་ལོ་ཆུང་གི་ཤེས་འདོད་དང་། བསམ་བཀོད། འཚོལ་འདོད་བཅས་ལ་སྐུལ་སློང་བྱས་ཏེ་ཚན་རིག་པའི་མངོན་མེད་ནུས་རྩལ་ལྡན་པ་དང་། ཚན་རིག་ཞིབ་འཇུག་བྱ་གཞག་ལ་ནུས་ཤུགས་གང་ཡོད་འདོན་འདོད་ཡོད་པའི་གཞོན་ནུ་ལོ་ཆུང་སྐྱེད་སྲིང་བྱེད་དགོས།
རིམ་པ་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་རྒྱག་རྒྱུ་དེ་ཚན་རྩལ་ལས་དོན་གྱི་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་གཅིག་འདོམས་མཐུན་སྦྱོར་ལ་ཤུགས་རྒྱག་པ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་རྨང་གཞིའི་ཞིབ་འཇུག་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཚན་རྩལ་ཤེས་བྱ་སློབ་སྦྱོང་དང་། ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་སྟེ། རང་འགུལ་ངང་མདུན་དུ་བསྐྱོད་དེ་ཚན་རྩལ་ལས་སྒྲུབ་པར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་དང་། ཁུར་པོ་ཡང་དུ་གཏོང་བ་དང་ངར་ཤུགས་སློང་བ་བཅས་བྱས་ཏེ། ཚན་རྩལ་གསར་གཏོད་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།
གཡང་འབུམ་རྒྱལ་གྱིས་བསྒྱུར།