བོད་ཤིང་འབྲུག་ལོའི་ལོ་སར་འཆར་ལ་ཉེ་བའི་སྐབས། སྤྱི་ཟླ་2པའི་ཚེས་1ཉིན། ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ཁྲེང་ཏུའུ་རུ་2024ལོའི་བོད་ཀྱི་ལོ་སར་ཇ་སྟོན་ཚོགས་འདུ་འཚོགས་པ་དང་། མི་རིགས་ཁག་གི་མང་ཚོགས་མཉམ་དུ་འཛོམས་ཏེ་མཐུན་སྒྲིལ་མཛའ་བརྩེ་དང་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གླེང་བཞིན་ཕན་ཚུན་ལོ་སར་གྱི་སྨོན་འདུན་ཞུས།
ཞིང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀྲའོ་ཅུན་མིང་བྱེད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་གནང་། ཀྲའོ་ཅུན་མིང་གིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་མཛད་ནས་ཞིང་ཆེན་ཡོངས་ཀྱི་བོད་རིགས་སྤུན་ཟླར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་། དུས་ཡུན་རིང་པོའི་ནང་རང་རེའི་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣར་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས། ཁོང་གིས་ལོ་གཅིག་རིང་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་བོར་བྱས་ནས་བོད་འབྲེལ་ཁུལ་དང་རྫོང་གི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་ཚོར། སྐྱིད་ཚོར་མུ་མཐུད་ཇེ་ཆེར་འགྲོ་བཞིན་ཡོད་ཅེས་བསྟན།
ཀྲའོ་ཅུན་མིང་གིས་ནན་གྱིས་བསྟན་རྒྱུར། 2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་དང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཇུས་འགོད་ལག་བསྟར་དང་ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ"གཏན་འཁེལ་གཉིས"ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། "འདུ་ཤེས་བཞི"ཟབ་ཏུ་གཏོང་བ་དང་། མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་མི་རིགས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་མི་རིགས་ལས་དོན་དང་མི་རིགས་ས་ཁུལ་གྱི་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ནན་མོ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་དྲང་སྲུང་གསར་གཏོད་ཁྲོད་དུས་རབས་གསར་པའི་སི་ཁྲོན་གྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག །བོད་རིགས་འཐུས་ཚབ་ལི་ཅིང་གིས་གཏམ་བཤད་བྱས་པ་དང་། ད་དུང་དམངས་སྲོལ་རིག་གནས་ཀྱི་འགྲེམ་སྟོན་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་ཧོ་ཡན་ཀྲེང་དང་། ཞིང་དཔོན་གཞོན་པ་ཧུའུ་ཡུན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་རབ་བརྟན་ཇ་སྟོན་ཚོགས་འདུར་ཞུགས། །