རྩིས་བཤེར་ནི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རྩིས་བཤེར་དོ་དམ་གྱི་སྒྲིག་སྲོལ་བསྒྱུར་བཅོས་དང་། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་འཛུགས་པའི་དམིགས་ཡུལ་ནི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་ཀར་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་ཆེད་རེད། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། གཅིག་སྡུད་གཅིག་གྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་གོ་འཕེར་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་འཛུགས་པར་ཤུགས་བརྒྱབ་པ་དང་། རྩིས་བཤེར་ཁྱབ་ཁོངས་ཀྱི་ལས་དོན་གལ་ཆེན་གྱི་རྩེ་རིམ་ཇུས་འགོད་དང་། གཅིག་འདོམས་དང་མཐུན་སྦྱོར། ཁྱོན་ཡོངས་སྐུལ་སྤེལ། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། རྩིས་བཤེར་སྒྲིག་སྲོལ་མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན་གྱི་བསྐྱར་སྒྲིག་ཡོང་བར་སྐུལ་འདེད་བཏང་སྟེ། རྩིས་བཤེར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད།
འདས་ཟིན་པའི་ལོ་5ཡི་རིང་། རྩིས་བཤེར་ལས་དོན་དེ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག །ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་རང་འགུལ་གྱིས་ཞབས་འདེགས་ཞུས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་ཟམ་མི་འཆད་པར་ཕྱོགས་བསྡོམས། བདེན་སྲུང་གསར་གཏོད་དང་འཚོལ་ཞིབ་ཧུར་ཐག་བཅས་བྱས་ཏེ། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་རྩིས་བཤེར་གྱི་ལམ་བུ་གསར་པར་བསྐྱོད་པ་དང་། དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་གཉེར་ལ་རྩིས་བཤེར་ཁྱབ་ཁོངས་སུ་ལམ་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད།
གཅིག་ནི་རྩིས་བཤེར་དོ་དམ་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཏང་ཀྲུང་དབྱང་གི་རྩིས་བཤེར་ལས་དོན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་ཆད་མེད་པར་ཞིབ་ཕྲ་ཅན་དང་། དངོས་ཡོད་ཅན། ལམ་ལུགས་ཅན་བཅས་སུ་གྱུར་ཡོད། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་བཙུགས་ནས་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་5སྐོང་འཚོགས་བྱས་པ་དང་། རྩིས་བཤེར་ལྟ་སྐུལ་གྱི་དོན་དག་གལ་ཆེན་ཞིབ་འཇུག་དང་གྲོས་ཞིབ་བྱས་པ། རྩིས་བཤེར་ཁྱབ་ཁོངས་ཀྱི་ལས་དོན་གལ་ཆེན་གཅིག་འདོམས་དང་མཐུན་སྦྱོར་ངང་སྐུལ་འདེད་བཏང་བ། ས་གནས་ཀྱི་ཏང་ཨུ་རིམ་པ་ཁག་གི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་ཀར་འགོ་ཁྲིད་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་བཅས་རེད། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལོ་ལྟར་ཀྲུང་དབྱང་གི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཏོང་སྒོ་གཞན་དག་གི་རྩིས་བཤེར་གནས་ཚུལ་གྱི་སྙན་ཞུར་ཉན་ནས་གྲོས་ཞིབ་གནང་། ཀྲུང་དབྱང་རྩིས་བཤེར་གཞུང་ལས་ཁང་། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྡེ་ཚན་ཁག་དང་ས་གནས་ཏང་ཨུའི་རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་རྩིས་བཤེར་ལས་དོན་ལ་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གིས་འགོ་ཁྲིད་བྱེད་པ་དེ་རྩིས་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་སོ་སོར་དོན་འཁྱོལ་ཏན་ཏིག་བྱས་ཡོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག ། རྩིས་བཤེར་ལས་དོན་གྱི་འཁོར་སྐྱོད་ལམ་སྲོལ་ཟམ་མི་འཆད་པར་ལེགས་བསྒྱུར་དང་འཐུས་སྒོ་ཚང་དུ་བཏང་བ་དང་། རྩིས་བཤེར་ལས་དོན་དེ་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུ་ཞིག་ཏུ་མགྱོགས་མྱུར་ངང་ཆགས་ཡོད།
གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྩིས་བཤེར་བྱ་གཞག་གི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་རྩིས་བཤེར་བྱ་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་དམིགས་ནས་རྩིས་བཤེར་བྱ་རྒྱུ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློར་དམིགས་ནས་རྩིས་བཤེར་བྱ་རྒྱུ་རྒྱུན་འཁྱོངས། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་དམིགས་ནས་རྩིས་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་པས། རྩིས་བཤེར་གྱི་ཁ་ཕྱོགས་དེ་བས་གསལ་པོ་བྱུང་ཡོད། ལག་ལེན་ཁྲོད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ཀྱིས་ཆབ་སྲིད་སྤྱི་འདོམས་བྱེད་པ་དང་། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་ནས་འགན་གཙོ་ལས་གཙོར་དམིགས་རྒྱུ་དེ་ནུས་རྩལ་མཁས་ཤོས་སུ་བྱེད་པ། ཞིབ་འཇུག་རྣམ་པའི་རྩིས་བཤེར་བྱ་རྒྱུ་དེ་ལྡོག་མེད་ཀྱི་འགྲོ་ལམ་དུ་བྱེད་པ། རྩིས་བཤེར་ལས་རིགས་ཀྱི་སྙིང་སྟོབས་དང་ཆེད་ལས་ནུས་པ་དེ་འགན་སྲུང་གལ་ཆེན་དུ་བྱེད་པ་བཅས་ཀྱི་རྩིས་བཤེར་ལས་དོན་གྱི་རྣམ་པ་ཞིག་ཆགས་རྒྱུར་འཚོལ་ཞིབ་ཧུར་ཐག་བྱས་པས་བསམ་ཕྱོགས་དང་བྱེད་ཐབས་དེ་བས་ནུས་ལྡན་བྱུང་ཡོད།
གསུམ་ནི་རྩིས་བཤེར་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་རང་འགུལ་རང་བཞིན་སྔར་བས་ཆེ་བ། མཐུན་སྦྱོར་རང་བཞིན་སྔར་བས་མཐོ་བ། དམིགས་བསལ་གྱི་ལྟ་སྐུལ་ནུས་པ་སྔར་བས་མངོན་པར་མཚོན་པ་བཅས་བྱས་ཡོད། ང་ཚོས་རྩིས་བཤེར་ལྟ་སྐུལ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཟམ་མི་འཆད་པར་རྒྱ་སྐྱེད་བཏང་ནས། ལྟ་སྐུལ་གྱི་ལོང་ཁུལ་དང་ཁུག་ཀྱོག་ནུས་ལྡན་ངང་སེལ་ནས་ལོ་5ཡི་རིང་ཁྱོན་བསྡོམས་སྡེ་ཚན་ཁྲི་47ལྷག་ཙམ་རྩིས་བཤེར་བྱས་ཡོད། དེའི་ནང་སྤྱི་པའི་མ་དངུལ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར། རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་བྱེད་པའི་ས་གནས་དང་། སྡེ་ཁག །སྡེ་ཚན་བཅས་ཚུད་ཡོད། རྩིས་བཤེར་ལས་དོན་གྱིས་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ནས། འབོར་ཚད་ཇེ་མཐོ་དང་སྤུས་ཚད་ཐད་འཕུར་མཆོང་མངོན་འགྱུར་བྱུང་ཡོད་པས། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ཁྲོད་ཀྱི་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་གསལ་སྟོན་བྱས། རྩིས་བཤེར་བྱས་པ་བརྒྱུད་ཤུགས་རྐྱེན་ཆེན་པོ་ལྡན་པའི་དཔེ་མཚོན་གནད་དོན་གྱི་ཁུངས་སྣེ་ཁག་ཅིག་ཐག་གཅོད་ནན་པོ་བྱས་ལ། དཔལ་འབྱོར་བདེ་འཇགས་ལ་གནོད་པའི་ཉེན་ཁ་འབྱུང་གཞི་ཆེན་པོ་འགའ་ཤས་གསལ་སྟོན་བྱས། བསྒྱུར་བཅོས་དང་འཕེལ་རྒྱས་གཏོང་བར་འགོག་རྐྱེན་ཚབས་ཆེན་བཟོ་བའི་“དུག་སྐྲན་”ཁ་ཤས་མེད་པར་བཟོས་པ་དང་། ཡུན་རིང་ཐག་གཅོད་མ་ཐུབ་པའི་“གཅོང་ནད་”འགའ་ཤས་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་པའི་“སྦྲང་ནག་”སྐོར་ཞིག་ཆད་གཅོད་བྱས་ཡོད།
བཞི་ནི་རྩིས་བཤེར་དག་ཐེར་གྱི་སྤྱིའི་རྣམ་པ་རགས་ཙམ་ཆགས་པ་དང་། རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་འབྲེལ་མཐུད་མཐུན་སྦྱོར་སྔར་བས་བདེ་བླག་དང་། དབང་གྲགས་ཅན། ལས་ཆོད་ཆེ་བ་བཅས་བྱུང་ཡོད། ང་ཚོས་རྩིས་བཤེར་དག་ཐེར་ཡོ་བསྲང་བྱ་རྒྱུ་ནི་རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་ཁ་གསལ་པོར་བཏང་ཡོད། རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་དག་ཐེར་ཡོ་བསྲང་གི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཕྱོགས་སོ་སོས་དག་ཐེར་ཡོ་བསྲང་སྐུལ་འདེད་གཏོང་བའི་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། དག་ཐེར་ཡོ་བསྲང་གི་འགན་འཁྲི་སྔར་བས་ཏན་ཏིག་ཏུ་བཏང་བ་དང་། རྩིས་བཤེར་དག་ཐེར་ཡོ་བསྲང་ཐད་“ལག་བསྟར་ངོ་མ་”བྱས་ཡོད། རྩིས་བཤེར་དང་སྒྲིག་བཤེར་ལྟ་ཞིབ། སྐོར་གཟིགས་སྐོར་ཞིབ། རྩ་འཛུགས་དང་མི་དོན་སོགས་ཀྱི་ལྟ་སྐུལ་འབྲེལ་མཐུད་དང་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཡོད། རྩིས་བཤེར་ལྟ་སྐུལ་འགོ་འཛུགས་སར་བྱས་པ་དང་། གྱོད་གཞི་ཞིབ་གཅོད་བྱ་རྒྱུ་འཇུག་སྒོར་བྱས་པ། ས་གནས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་རྐང་འཛུགས་སར་བྱས་པ་བཅས་ཀྱི་མཐུན་སྦྱོར་ལས་ཀའི་ལམ་སྲོལ་རགས་ཙམ་ཆགས་ཡོད། རྩིས་བཤེར་རྩད་ཆོད་བྱུང་བའི་གནད་དོན་རྣམས་ཕྱིར་སྤྲོད་ཐུབ་དགོས་ལ་ཐག་གཅོད་ཀྱང་བྱེད་ཐུབ་དགོས།
རྩིས་བཤེར་ལས་ཀའི་འཕོ་འགྱུར་དང་གྲུབ་འབྲས་དེ་དག་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རྩིས་བཤེར་ཁྱབ་ཁོངས་ཀྱི་ལག་ལེན་དངོས་ཡིན་ལ། ཏང་གི་གསར་གཏོད་བྱས་པའི་རིགས་པའི་གཞུང་ལུགས་ཀྱི་བདེན་དོན་གྱི་སྟོབས་ཤུགས་མཚོན་ཡོད་པས། དུས་རབས་ཀྱི་རང་བཞིན་དང་ལག་ལེན་གྱི་རང་བཞིན་མངོན་གསལ་ལྡན། དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྐོར་གྱི་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་གྲུབ་འབྲས་ཕྱོགས་བསྡོམས་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། དུས་ཡུན་རིང་པོར་རྒྱུན་འཁྱོངས་དང་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། གང་དེས་རྩིས་བཤེར་ལས་དོན་ལ་མཛུབ་སྟོན་བྱས་ཏེ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།
མིག་སྔར། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁའི་འགྲན་སློང་མཉམ་གནས་དང་། ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་ཇེ་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ཡོད། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་འཐབ་ལམ་གསར་པའི་ཐོག །རྩིས་བཤེར་གྱིས་འགན་འཁྲི་གལ་ཆེན་ཁུར་ཡོད། དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་གཞི་ཚུགས་པ་དང་། འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་ཏེ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་རྩིས་བཤེར་གྱི་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཇི་ལྟར་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་ན། དེ་ལྟར་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་དགོས་པ་དང་། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་སྔར་བས་ཤུགས་རྒྱག་པ་དང་ལེགས་བཅོས་བྱེད་དགོས། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁྲི་ལྕི་ལ་ནུས་པ་གལ་ཆེན་ལྡན། སྐབས་གསར་པའི་ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ཡག་པོ་བསྒྲུབ་པར། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁྱོན་ཡོངས་ཀྱི་རང་བཞིན་དང་། ཡུན་རིང་གི་རང་བཞིན། འཐབ་ཇུས་ཀྱི་རང་བཞིན་བཅས་ལྡན་པའི་གནད་དོན་ལ་དམིགས་ནས། རྩིས་བཤེར་ཁྱབ་ཁོངས་ཀྱི་འཐབ་ཇུས་ཇུས་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ཏེ། ནུས་ལྡན་གོ་ཆོད་ཀྱི་རྩིས་བཤེར་ལྟ་སྐུལ་ཞབས་ཞུར་བརྟེན་ནས་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་འགན་སྲུང་བྱེད་དགོས། ཀྲུང་དབྱང་རྩིས་བཤེར་གཞུང་ལས་ཁང་གིས་གཅིག་འདོམས་དང་མཐུན་སྦྱོར་གྱི་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ནས་ལས་ཀ་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། མཐུན་སྦྱོར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་ལྟ་སྐུལ་གྱི་སྤུས་ཚད་དང་ལས་ཕྱོད་མཐོ་རུ་གཏོང་དགོས། ཀྲུང་དབྱང་རྩིས་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྡེ་ཚན་ཁག་གིས་རང་འཁྲིའི་ལས་འགན་དང་ཟུང་འབྲེལ་བྱས་ནས། འགོ་ཁྲིད་དེ་རྩིས་བཤེར་ལ་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། རྩིས་བཤེར་གྱི་གྲུབ་འབྲས་བཀོལ་སྤྱོད་ཟབ་སྤེལ་དང་། ལྟ་སྐུལ་གྱི་བསྒྲིལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
གཅིག །རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་སྔར་ལས་ལྷག་པར་གཏོང་དགོས།
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་རྩིས་བཤེར་ལས་དོན་ཡག་པོ་བསྒྲུབ་པར། སྤྱིའི་བླང་བྱ་ནི་གཅིག་སྡུད་གཅིག་གྱུར་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་གོ་འཕེར་བཅས་ཀྱི་རྩིས་བཤེར་ལྟ་སྐུལ་མ་ལག་འཛུགས་པ་དང་། རྩིས་བཤེར་ལྟ་སྐུལ་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པའི་ཐད་ཤུགས་རྒྱག་རྒྱུ་དེ་རེད། བྱེ་བྲག་ཏུ་“ལྟ་བུ་གསུམ་”བསྒྲུབ་དགོས། གཅིག་ནི་དཔུང་པས་སོར་མོར་བཀོལ་བ་ལྟ་བུ་སྟེ། ང་ཚོས་རྩིས་བཤེར་ལྟ་སྐུལ་གཅིག་སྡུད་དང་གཅིག་གྱུར་བྱེད་དགོས་པ་ནན་བཤད་བྱེད་པ་ནི། ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། རྩིས་བཤེར་ལས་དོན་དེ་ཏང་ཀྲུང་དབྱང་གི་བླང་བྱ་ལྟར། གང་ལ་བསྟན་ན་དེ་ལ་རྒྱག་པ། གང་ལ་བརྒྱབ་ན་དེ་དོན་འགྲུབ་པ། དཔུང་པས་སོར་མོར་བཀོད་འདོམས་བྱེད་པ་ལྟར་ཅི་བསམ་ན་དེ་འགྲུབ་པ་དང་། བེད་སྤྱོད་ཐོགས་པ་མེད་པ་ཞིག་ཡོང་དགོས་པ་དེ་ཡིན། དེས་ཕྱོགས་གཅིག་ནས་རྩིས་བཤེར་མ་ལག་ནང་ཁུལ་དུ་གོང་འོག་འབྲེལ་མཐུད་དང་གོམ་སྟབས་གཅིག་གྱུར་གྱི་རྒྱལ་ཡོངས་མིག་མངས་འགྲིག་སྐོར་གཅིག་ལྟ་བུར་ཆགས་ནས་བསམ་བློ་གཅིག་གྱུར་དང་། འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་རྩིས་བཤེར་གྱི་ཆབ་སྲིད་ཀྱི་ངོ་བོ་དང་ཆབ་སྲིད་ཀྱི་བྱེད་ལས་ཆེ་རུ་བཏང་ནས། ཆབ་སྲིད་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དགོངས་པ་དང་བཀོད་སྒྲིག་ཁོང་དུ་ཡང་དག་ཆུད་པ། གོ་བ་གཏིང་ཟབ་ལེན་པ། དོན་འཁྱོལ་ཡག་པོ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་གང་གསུང་དེ་སྒྲུབ་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གཉིས་ནི་གཟུགས་དང་གྲིབ་མ་ལྟ་བུ་སྟེ། ང་ཚོས་རྩིས་བཤེར་ལྟ་སྐུལ་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་ཞེས་ནན་བཤད་བྱེད་པ་ནི། ལྟ་སྐུལ་གྱི་ལོང་ཁུལ་དང་ཁུག་ཀྱོག་མེད་པར་བཟོས་ཏེ། རྩིས་བཤེར་བྱེད་དགོས་རིགས་རྩིས་བཤེར་གང་ཐུབ་དང་། རྩིས་བཤེར་བྱེད་རིགས་ངེས་པར་གཟབ་ནན་བྱེད་པ། འགན་འཁྲི་རྩད་གཅོད་ནན་པོ་བཅས་བྱས་ནས། རྩིས་བཤེར་བྱ་ཡུལ་ལ་རྩིས་བཤེར་ནི་གྲིབ་མ་བཞིན་དུ་དུས་རྟག་ཏུ་གམ་དུ་གནས་པ་དང་། དུས་དང་རྣམ་པ་ཀུན་ཏུ་“གོང་ན་ལྟ་སྐུལ་ཡོད་པ་ཡིས། གཞན་གྱིས་ཚོར་བར་མི་སྐྲག་ཀྱང་། རྩིས་བཤེར་བྱེད་པར་སྐྲག་ངེས་པའི་”རང་རྟོགས་ཡོད་དུ་འཇུག་དགོས་པ་དེ་ཡིན། དེས་ཕྱིའི་རྣམ་པའི་ཐོག་ནས། སྤྱི་པའི་མ་དངུལ་དང་། རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར། རྒྱལ་ཁབ་ལ་དབང་བའི་ཐོན་ཁུངས་བཅས་དོ་དམ་དང་བེད་སྤྱོད་བྱེད་པའི་ས་གནས་དང་། སྡེ་ཁག །སྡེ་ཚན་བཅས་ལ་རྩིས་བཤེར་ལྟ་སྐུལ་བྱེད་པའི་དབང་ཆ་ཆད་ལུས་མེད་པ་དང་དམིགས་བསལ་གཅིག་ཀྱང་མེད་པར་རྒྱུན་རྣམ་ཅན་དང་འགུལ་རྣམ་ཅན་གྱི་ཟིལ་གནོན་ཆགས་པར་བྱེད་པ་དང་། ནང་དོན་ཐད་ནས་སྤུས་ཚད་དང་ལས་ཆོད་གཉིས་ཀར་ལྟ་རྟོག་དང་། གཙོ་གནད་ས་ཁོངས་དང་། གཙོ་གནད་ཁྱབ་ཁོངས། གཙོ་གནད་སྡེ་ཚན། གཙོ་གནད་མི་སྣ་བཅས་ལ་ལྟ་སྐུལ་གཏིང་ཟབ་བྱེད་པར་བརྟེན་ནས་དོན་དངོས་དང་མཐུན་པའི་ཟིལ་གནོན་དངོས་ཆགས་པར་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གསུམ་ནི་རྣ་བར་འབྲུག་སྒྲ་ལྡིར་བ་ལྟ་བུ་སྟེ། ང་ཚོས་རྩིས་བཤེར་ལྟ་སྐུལ་བྱེད་པར་དབང་གྲགས་ལྡན་པ་དང་གོ་འཕེར་ཡོང་དགོས་པ་ནན་བཤད་བྱེད་དོན་ནི། རྩིས་བཤེར་གྱིས་རང་ངོས་ཀྱི་འབད་བརྩོན་ལ་བརྟེན་ནས་སྙན་གྲགས་བཟང་པོ་ཐོབ་པ་དང་། ཕྱོགས་གང་ཅིའི་ཐད་ནས་རྩིས་བཤེར་ལ་ཡིད་ཆེས་དང་། རྩིས་བཤེར་ལ་རྒྱབ་སྐྱོར། རྩིས་བཤེར་ལ་གཞོགས་འདེགས་བཅས་བྱས་ཏེ། རྩིས་བཤེར་ལྟ་སྐུལ་བདེ་བླག་ངང་ལག་བསྟར་ཐུབ་པ་དང་། རྩིས་བཤེར་གྲུབ་འབྲས་གོ་འཕེར་ངང་བེད་སྤྱོད་ཐུབ་པ། རྩིས་བཤེར་ནུས་པ་འདོན་སྤེལ་ནུས་ལྡན་ཐུབ་པ་བཅས་བྱེད་དགོས་པ་དེ་ཡིན། དེས་ཕྱོགས་གཅིག་ནས་ངེས་པར་དུ་རང་རྩལ་འབད་སྦྱོང་དང་། ཁྲིམས་ལྟར་རྩིས་བཤེར་བྱ་རྒྱུ་རྒྱུན་འཁྱོངས། ཞིབ་འཇུག་ཅན་གྱི་རྩིས་བཤེར་ཏན་ཏིག་ངང་སྒྲུབ་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཅས་བཏང་ནས། དཔལ་འབྱོར་ལྟ་སྐུལ་གྱི་“ཁྱད་ལྡན་དམག་དཔུང་”བཏོད་དེ། གནད་དོན་རྩད་གཅོད་ཡང་དག་དང་། རྩད་གཅོད་ཟབ་མོ། རྩད་གཅོད་མཐིལ་ཕྱིན་པ་བཅས་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་འབྲེལ་མཐུད་མཐུན་སྦྱོར་ཡག་པོ་བྱས་ནས་ལྟ་སྐུལ་གྱི་བསྒྲིལ་ཤུགས་ཤིག་ཆགས་པར་བྱས་ཏེ་དག་ཐེར་གནད་ལ་འཁེལ་བ་དང་། ཐག་གཅོད་གནད་ལ་འཁེལ་བ། འགན་འཁྲི་རྩད་གཅོད་གནད་ལ་འཁེལ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
རྩིས་བཤེར་གྱི་“གོང་མའི་རལ་གྲི་”ནི་ཏང་ཀྲུང་དབྱང་གིས་གནང་བ་ཡིན་པས། ངེས་པར་དུ་ཏང་ཀྲུང་དབྱང་ལ་འགན་འཁུར་དགོས་པ་དང་། ཏང་གི་མཚོན་ཆ་བཟང་པོ་དང་རྒྱལ་ཁབ་ཀྱི་མཚོན་ཆ་བཟང་པོ་བྱེད་དགོས། ཆ་ཚང་དང་། ཡང་དག ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་རྩིས་བཤེར་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱར་གོ་བ་ལེན་པ་དང་དོན་འཁྱོལ་བྱས་ཏེ། ཞིབ་བཤེར་བྱེད་ཕོད་པ་དང་ནན་པོ་བྱེད་ཕོད་པ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཚད་གཞིར་འཛིན་པ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ཚད་ཐིག་ཏུ་བཟུང་སྟེ། ལག་བསྟར་བྱེད་དགོས་ཚེ་ལག་ཏུ་བསྟར་དགོས་པ་དང་། གནད་དོན་ཇི་མ་ཇི་བཞིན་གསལ་སྟོན་བྱེད་དགོས། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ཏང་ཀྲུང་དབྱང་ལ་རྩིས་བཤེར་ལས་ཤེས་རྟོགས་བྱུང་བའི་གནད་དོན་སྙན་སེང་ཞུ་དགོས། བཤད་ཕོད་པ་དང་བརྗོད་ཕོད་པ་རྒྱུན་འཁྱོངས་དང་། ཁེ་ཕན་གང་ལ་འཕྲད་ཀྱང་མི་གཡོ་བ། སྟོབས་ཤུགས་གང་ལ་ཡང་མགོ་མི་སྒུར་བ། འགོ་ཁྲིད་ཀྱི་བསམ་ཚུལ་ལའང་དབྱེ་ཞིབ་མི་བྱེད་པར། གནད་དོན་ཇི་མ་ཇི་བཞིན་སྙན་སེང་ཞུ་དགོས།
ཏང་ཨུ་དང་སྲིད་གཞུང་རིམ་པ་ཁག་དང་། འབྲེལ་ཡོད་སྡེ་ཁག །སྡེ་ཚན་བཅས་ཀྱིས་རྩིས་བཤེར་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱ་རྒྱུ་དེ་ངག་ཐོག་ཙམ་དུ་ལུས་མི་རུང་བར། བྱ་སྤྱོད་དངོས་ཀྱི་ཐོག་ལ་དོན་འཁྱོལ་བྱེད་དགོས། “བཤད་མཁན་ལ་ཉེས་པ་མེད། ཉན་མཁན་གྱིས་བསླབ་བྱ་ལེན་”ཞེས་པ་ལྟར། རྩིས་བཤེར་ལ་ངོས་འཛིན་ཡང་དག་ཡོད་དགོས་ཤིང་། ཁེངས་སྐྱུང་གིས་རྩིས་བཤེར་ལས་བསྟན་པའི་གནད་དོན་དང་ལེན་དང་། རྩིས་བཤེར་གྱིས་བཏོན་པའི་གྲོས་འགོ་དང་ལེན་ནན་ཏན་བྱེད་དགོས། བློ་ཁ་དང་ཁོག་རྒྱ་འདི་འདྲ་ཡོད་དགོས་ཤིང་། སྐྱོན་འགེབས་མཚང་སྦ་བྱེད་མི་རུང་ལ་ཐ་ན་ངོ་རྒོལ་ཡང་བྱེད་མི་རུང་། ཏང་ཀྲུང་དབྱང་གིས་དེའི་ཐད་མིག་དཔེ་བསྟན་ཡོད།
གཉིས། ད་ལོའི་རྩིས་བཤེར་ལས་དོན་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས།
ད་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་བསྟར་འགོ་ཚུགས་པའི་ལོ་ཡིན་ལ། ང་ཚོས་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། ཕྱོགས་སོ་སོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྲོ་སེམས་རབ་ཏུ་རྒྱས་ཡོད། དཔལ་འབྱོར་འཁོར་རྒྱུག་གི་འགོ་ཡག་པོ་ཚུགས་པ་དང་ཁེ་ལས་བརྟན་པོའི་ངང་བསྐྱར་འཕར་གྱི་རྣམ་པ་མངོན་ཡོད། འོན་ཀྱང་འཛམ་གླིང་གི་དཔལ་འབྱོར་གནས་བབ་སྤྱིའི་ཆ་ནས་ཡག་པོ་མེད་པ་དང་། དཀའ་ངལ་འགྲན་སློང་དང་ངེས་གཏན་མེད་པའི་རང་བཞིན་སྔར་བཞིན་མི་ཉུང་བ་ཡོད། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་དགོངས་གཞི་རྒྱུན་འཁྱོངས་དང་། ནོར་སྲིད། དངུལ་ལོར། ཐོན་ལས། ཚན་རྩལ། སྤྱི་ཚོགས་བཅས་སྲིད་ཇུས་ཆེན་པོ་ལྔ་ལ་དམིགས་ནས། རྩ་བ་བཟུང་ན་ཡན་ལག་གསལ་བ་འབུར་ཐོན་ཡིན་པའི་གནད་དོན་གལ་ཆེན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་ཁུལ་དང་སྡེ་ཁག །སྡེ་ཚན་ཁག་བཅས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ཡག་པོ་དང་དོན་འཁྱོལ་ཡག་པོ་བྱེད་པར་སྐུལ་འདེད་གཏོང་དགོས།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོར་དམིགས་དགོས། རྣམ་གྲངས་གལ་ཆེན་དང་འཐབ་ཇུས་གལ་ཆེན། བྱེད་ཐབས་གལ་ཆེན་བཅས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ས་གནས་དང་སྡེ་ཁག །སྡེ་ཚན་ཁག་བཅས་ཀྱིས་ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། འཕེལ་རྒྱས་གཏོང་རིང་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་དགོས།
འཕར་སྣོན་བརྟན་པོ་དང་། ལས་ཞུགས་བརྟན་པོ། ཟོག་གོང་བརྟན་པོ་བཅས་ཡོང་བར་དམིགས་དགོས། གཙིགས་ཆེ་བའི་ནོར་སྲིད་མ་དངུལ་ལ་མུ་མཐུད་དམ་པོར་དམིགས་ནས། དཔལ་འབྱོར་བརྟན་པོ་ཡོང་བའི་སྡེབ་གཅིག་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཕན་ཚུན་བར་མཐུན་སྦྱོར་དང་གཞོགས་འདེགས་བྱེད་པར་གཙོ་གནད་དུ་དོ་སྣང་བྱེད་དགོས། ལག་བསྟར་བྱེད་རིང་གི་འགག་གནད་དང་དཀའ་གནད་སེལ་གང་ཐུབ་བྱས་ནས། སྲིད་བཀའ་ཐོགས་མེད་ཡོང་བར་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་དང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཞིང་ཕན་ནུས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས།
དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་དམིགས་དགོས། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་དོན་འཁྱོལ་བྱེད་ཚུལ་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། “གཡོ་འགུལ་སྤུ་ཙམ་ཡང་མེད་པ་གཉིས་”དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུར་རམ་འདེགས་བྱེད་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཡག་པོ་བྱེད་པ་དང་། སྔོན་དཔག་བརྟན་པོ་ཡོང་བར་བྱེད་པ། ཡིད་ཆེས་ཆེ་རུ་གཏོང་བ། ཚོང་རའི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བཅས་བྱེད་དགོས།
དམངས་འཚོའི་མཐའ་ཚད་བརྟན་སྲུང་སྐུལ་འདེད་གཏོང་བར་དམིགས་དགོས། རྩིས་བཤེར་སྟོབས་ཤུགས་གཞི་རིམ་དུ་གཤམ་སྐྱོད་བྱེད་པ་རྒྱུན་འཁྱོངས་དང་། ལས་ཞུགས་དང་། གཟིགས་སྐྱོང་། སྨན་བཅོས། སློབ་གསོ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར། ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་ཚད་བརྟན་པོ་དང་མཁོ་སྤྲོད་འགན་ལེན་སོགས་དམངས་འཚོའི་ཁྱབ་ཁོངས་གཙོ་བོའི་རྩིས་བཤེར་ཁྲོད། མི་དམངས་མང་ཚོགས་ཀྱི་སེམས་ཁུར་ཆེ་ཤོས་དང་བདེ་རྩར་ཐུག་ཤོས་དང་ཉེ་བར་མཁོ་ཤོས་བཅས་ཡིན་པའི་ཁེ་ཕན་གྱི་གནད་དོན་ལ་དམ་པོར་དམིགས་ནས། དམངས་འཚོའི་མ་དངུལ་བགོ་བཤའ་དང་བཀོལ་སྤྱོད་བྱེད་པའི་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་དགོས། དམངས་ཕན་དམངས་ཕྱུག་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བ་དང་། དྲང་སྙོམས་དྲང་བདེན་སྲུང་སྐྱོང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་དགོས།
འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པར་དམིགས་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་“འཚོལ་ཞིབ་མདའི་”ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་གནས་སྲིད་གཞུང་གི་བུ་ལོན་དང་། དངུལ་རྩ། ཁང་གཞིས་ཐོན་ལས། འབྲུ་རིགས། ནུས་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱེད་པ་དང་། རྒྱང་ལྟའི་རང་བཞིན་དང་ཚོར་བ་སྐྱེན་པོའི་རང་བཞིན་ཆེ་རུ་བཏང་ནས། མ་ལག་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོར་སྲུང་དགོས།
དབང་ཆ་ཚད་ལྡན་ངང་འཁོར་སྐྱོད་བྱེད་པར་དམིགས་དགོས། རུལ་སུངས་ལ་ངོ་རྒོལ་དང་ཟིང་བཅོས་བྱེད་པའི་ཐད་ཀྱི་རྩིས་བཤེར་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས། མ་དངུལ་དང་ལས་གཞིའི་རྒྱུ་ཕྱོགས་བརྒྱུད་ནས་སྤྱི་དབང་འཁོར་སྐྱོད་ལ་ལྟ་སྐུལ་བྱེད་པ་དང་། “དངུལ་ཁུག་”དང་“ཐོ་དེབ་”ལ་ལྟ་རྟོག་ཡག་པོ་བྱས་ནས། སྲིད་གཞུང་གིས་བཟའ་མཁས་སྤྱོད་མཁས་བྱེད་པར་སྐུལ་འདེད་གཏོང་དགོས། བཟོད་སྒོམ་གཏན་ནས་མི་བྱེད་པའི་སྤྱོད་ཚུལ་བཟུང་ནས། ཁྲིམས་འགལ་ལུགས་དཀྲུག་གི་གནད་དོན་ཚབས་ཆེན་ཐེར་འདོན་དང་ཞིབ་བཤེར་ཐག་གཅོད་བྱེད་པར་གཡོ་འགུལ་མི་གཏོང་བ་རྒྱུན་འཁྱོངས་དང་། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་མཉམ་དུ་འདྲེས་པའི་རུལ་སུངས་སུ་གྱུར་རིགས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། དབང་ཆ་གཅིག་སྡུད་དང་། མ་དངུལ་མང་འདུས། ཐོན་ཁུངས་མང་འདུས་བཅས་ཀྱི་ཁྱབ་ཁོངས་ཀྱི་རུལ་སུངས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། མང་ཚོགས་ཀྱི་ཉེ་འགྲམ་གྱི་“སྦྲང་ནག་དང་གྲོག་མར་”ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་གཞི་བསྒྱུར་བཅོས་དང་འབྲེལ་བ་ཡོད་པའི་གཙོ་གནད་ལས་རིགས་དང་། ཁྱབ་ཁོངས་གལ་ཆེན། འགག་རྩའི་ལྷུ་ཚིགས་བཅས་ལ་དམ་པོར་དམིགས་ནས། བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་གི་སྒྲིག་འགལ་སྲོལ་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས། གཞུང་ཁོངས་རྒྱུ་ནོར་མི་ཤོར་བར་བྱས་ཏེ་ནོར་སྲིད་མ་དངུལ་གྱི་བདེ་འཇགས་འགན་ལེན་བྱེད་དགོས།
རྩིས་བཤེར་དག་ཐེར་ཡོ་བསྲང་གི་“རྩོམ་ཡིག་སྨད་ཆ་”དང་གནད་དོན་གསལ་སྟོན་གྱི་“རྩོམ་ཡིག་སྟོད་ཆ་”གཉིས་ཀ་གལ་ཆེན་ཡིན་པས། ངེས་པར་དུ་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས། རྩིས་བཤེར་ལྟ་སྐུལ་དང་ལྟ་སྐུལ་གཞན་དག་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ཟབ་སྤེལ་བྱེད་དགོས། དེའི་དམིགས་ཡུལ་ནི་རྩིས་བཤེར་གྱི་གྲུབ་འབྲས་བེད་སྤྱོད་ལེགས་པོ་བྱེད་པ་དང་། རྩིས་བཤེར་དག་ཐེར་ཐད་“སྡེབ་སྒྲིག་ཁུ་ཚུར་”ཡག་པོ་རྒྱག་པ། འགན་འཁྲི་བདའ་འདེད་དང་རྩ་འཛུགས་ཀྱིས་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ། སུ་ཞིག་གིས་དག་ཐེར་བྱེད་དགོས་པ་དེ་དེས་དག་ཐེར་ཡོ་བསྲང་བྱེད་པ་དང་། སུས་འགན་འཁུར་དགོས་པ་དེ་དེས་འགན་འཁུར་དགོས། རྩིས་བཤེར་དག་ཐེར་ཡོ་བསྲང་ལ་སྐུལ་འདེད་གཏོང་རྒྱུ་དེ་རྒྱུན་ལྡན་ལྟ་སྐུལ་གྱི་འཛིན་བྱེད་གལ་ཆེན་དུ་བརྩིས་ནས། རྩིས་བཤེར་བྱས་འབྲས་དེ་ལས་བྱེད་པར་དཔྱད་ཞིབ་དང་། བསྐོ་འཐེན། བྱ་དགའ་ཆད་གཅོད་བཅས་བྱེད་པའི་དཔྱད་གཞི་གལ་ཆེན་དུ་བརྩིས་ནས། ཡང་ཡང་ཐོན་པ་དང་རྒྱུན་དུ་ཐོན་པའི་གནད་དོན་ལ་དམ་པོར་དམིགས་ཏེ་ཆེད་དོན་བཅོས་སྒྲིག་བྱེད་དགོས། གནད་དོན་གལ་ཆེན་ལ་དམིགས་ནས་ལྷོད་གཡེང་མི་གཏོང་བ་དང་རྗེས་འདེད་མཐར་ཕྱིན་བྱེད་དགོས། དུས་ཐོག་ཏུ་དག་ཐེར་ཡོ་བསྲང་ལ་ཕྱི་མིག་ལྟ་བ་དང་། “མདུང་རྩེ་”ཕྱིར་མང་ཙམ་གཏོད་དགོས། དག་ཐེར་ཡོ་བསྲང་བྱེད་ཤུགས་མི་འདང་བ་དང་། དག་ཐེར་ཡོ་བསྲང་སླ་བཅོས་བྱེད་པ། དག་ཐེར་ཡོ་བསྲང་རྫུན་མ་བྱེད་པ་བཅས་ལ། འགན་འཁྲི་རྩད་གཅོད་ནན་པོ་བྱས་ནས་དམར་འདོན་བྱེད་དགོས་རིགས་དམར་རྗེན་དུ་འདོན་དགོས། རྩིས་བཤེར་ལས་ཤེས་རྟོགས་བྱུང་བ་མ་ཟད་སྤོ་སྐྱེལ་བྱས་པའི་གནད་དོན་གྱི་ཁུངས་སྣེ་རང་དགར་འཇོག་པ་གཏན་ནས་བྱེད་མི་རུང་ལ། “ཡར་མཐོན་པོར་བཀྱགས་པ་དང་མར་དལ་མོར་འཇོག་པ་”ཡང་བྱེད་མི་རུང་། འདི་ལྟར་བྱས་ན་ཐག་གཅོད་བྱས་པ་དེས་ཐག་གཅོད་མ་བྱས་པ་ལས་ཀྱང་ཤུགས་རྐྱེན་ངན་པ་བཟོ་སྲིད་ལ། དེ་ལས་ལྡོག་སྟེ་འགག་སྒྲོལ་བསམ་བློ་དང་“སྒེའུ་ཁུང་གཏོར་བའི་ནུས་སྣང་”འཕེལ་རོགས་བྱེད་སྲིད་པས། ངེས་པར་དུ་ཞིབ་བཤེར་མཐའ་གསལ་དང་། དོན་དག་རེ་རེར་ཨ་ལན་ཡོད་པ་ཞིག་བྱེད་དགོས།
གསུམ། རྩིས་བཤེར་རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ད་ལོ་ནི་རྩིས་བཤེར་ལས་ཁུངས་བཙུགས་ནས་ལོ་ངོ་40འཁོར་བའི་ལོ་ཡིན། 1983ལོ་ནས་བཟུང་རྩིས་བཤེར་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས། རང་རྟོགས་ཀྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་ཏང་ཀྲུང་དབྱང་གིས་གང་གསུང་དེ་སྒྲུབ་དང་། དཔལ་འབྱོར་སྒྲིག་ལམ་སྲུང་སྐྱོང་། ནོར་སྲིད་དཔལ་འབྱོར་གྱི་སྒྲིག་ཁྲིམས་ནན་སྲུང་། རུལ་རྒོལ་ཟིང་བཅོས་ཟབ་སྤེལ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ཡོད། “ལོ་བཞི་བཅུར་སླེབས་དུས་སོམ་ཉིའི་རྒྱ་ལས་གྲོལ་”ཞེས་པ་ལྟར། རྩིས་བཤེར་རང་ངོས་འཛུགས་སྐྲུན་བྱེད་པར་ཉམས་མྱོང་བཟང་པོ་ཁ་ཤས་བསགས་ཡོད། རྩིས་བཤེར་དཔུང་ཁག་རང་འགན་ལ་བློ་དཀར་བ་དང་། འགན་འཁུར་ཕོད་པ། ཉེ་རིང་ཕྱོགས་ལྷུང་མེད་པ། གནད་དོན་གལ་ཆེན་རྩད་ཞིབ་ཐག་གཅོད་དང་ཉེན་ཁ་ཚབས་ཆེན་གསལ་སྟོན་བྱེད་པའི་བྱ་སྤྱོད་དངོས་ལ་བརྟེན་ནས། ལྷག་བསམ་རྣམ་དག་དང་། ཉམས་སད་ཐེག་ཐུབ་པ། བློས་འགེལ་ཆོག་པ་བཅས་ལག་ལེན་དངོས་སུ་བསྟར་ནས། “རྒྱལ་ཁབ་ཀྱི་རྩིས་བཤེར་”ཞེས་པའི་སྒོ་བྱང་གསེར་ཡིག་ཅན་བསྐྲུན་པས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ཐོབ་འོས་སོ། །
དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག །ཏང་ཀྲུང་དབྱང་གིས་རྩིས་བཤེར་ལ་རེ་བ་ཆེན་པོ་བཅངས་ཡོད། རྩིས་བཤེར་ལས་དོན་གྱི་ལས་འགན་གཟི་བརྗིད་ལྡན་པ་དང་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་ཡོད། རྩིས་བཤེར་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་བྱས་ཏེ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར། འབད་འབུངས་ཡར་བརྩོན་དང་དམ་པ་དོན་གཉེར་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་པའི་སེམས་སྐྱེད་ཇེ་དྲག་ཏུ་གཏོང་བ་དང་། ལས་རིགས་ཀྱི་སྙིང་སྟོབས་གཏོད་པ་དང་ཆེད་ལས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་རྩིས་བཤེར་ནན་སྐྱོང་བྱས་ཏེ། ནན་ཏན་ངང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གཞིར་བཟུང་ནས་བརྗོད་དོན་གཙོ་བོའི་སློབ་གསོ་དང་རྩིས་བཤེར་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་བྱས་ཏེ་སེམས་དཀར་བློ་དཀར་དང་། སྤྱོད་པ་གཙང་མ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་རྩིས་བཤེར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱེད་དགོས། དུས་རབས་གསར་པའི་རྩིས་བཤེར་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རྩིས་བཤེར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་དེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་བས་ཆེ་བ་འབུལ་དགོས།
ཏང་ཨུ་རིམ་པ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས། རྩིས་བཤེར་ལས་དོན་གྱི་འགོ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། རྩིས་བཤེར་ཨུ་ཡོན་ལྷན་ཁང་དང་རྩིས་བཤེར་གཞུང་ལས་ཁང་གི་ལས་སྟེགས་འདི་བེད་སྤྱོད་ཡག་པོ་བྱས་ཏེ། ལས་ཀའི་ལམ་སྲོལ་ལེགས་སྒྲིག་དང་བྱེད་ཐབས་རྙིང་པར་བརྟེན་ནས་སྒྲིག་སྲོལ་གསར་པ་སྤྱོད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་དོ་དམ་བྱེད་དགོས་ལ། རྩིས་བཤེར་ཨུ་ཡོན་ལྷན་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་གཅིག་འདོམས་དང་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། གཅིག་གྱུར་གྱི་རིམ་པ་དང་ཤུགས་ཚད་ཆེ་རུ་གཏོང་དགོས། ལས་ཀ་འཁོར་སྐྱོད་ཡག་པོ་མ་བྱུང་བ་དང་འབྲེལ་མཐུད་མི་བདེ་བའི་རིགས་ལ་གང་མགྱོགས་ངང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དངོས་གནས་ཤུགས་རྒྱག་དགོས།
སྒྲོལ་མ་སྐྱབས་ཀྱིས་བསྒྱུར།