“དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་རྒྱག་པ་དང་། དངུལ་རྩའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཞབས་ཞུ་ལེགས་སུ་གཏོང་བ། ཉེན་ཁ་སྔོན་འགོག་དང་སེལ་ཐབས་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ་དང་། རང་རྒྱལ་གྱི་དངུལ་རྩ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།”
ཟླ་10ཚེས་30ཉིན་ནས་ཚེས་31ཉིན་བར། ཀྲུང་དབྱང་དངུལ་རྩའི་ལས་དོན་ཚོགས་འདུ་པེ་ཅིན་དུ་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དངུལ་རྩའི་ལས་དོན་ལ་ཕྱོགས་བསྡོམས་དང་། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་དངུལ་རྩའི་ལས་དོན་བཀོད་སྒྲིག་བཅས་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དེ་གཟིགས་རྒྱང་རིང་བ་དང་། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཀྱི་ཐོག་ནས་དངུལ་རྩའི་བྱ་གཞག་འཕེལ་རྒྱས་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བཏབ་པ་རེད། དེ་ནི་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་དང་། མར་ཁེ་སིའི་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་དངུལ་རྩའི་གནད་དོན་སྐོར་གྱི་གསར་གཏོད་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་ཐོག་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་བའི་བསྲུང་བྱ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།
དངུལ་རྩ་ནི་རྒྱལ་དམངས་དཔལ་འབྱོར་གྱི་ཁྲག་རྩ་ལྟ་བུ་ཡིན་པ་དང་། རྒྱལ་ཁབ་ཀྱི་ལྟེ་བའི་འགྲན་རྩོད་ནུས་ཤུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག །དངུལ་རྩའི་མ་ལག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་འདེགས་སྐྱོར་ནུས་ལྡན་བྱས་པ་དང་། ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་རྒྱུའི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། རང་རྒྱལ་ལ་གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་དངུལ་ཁང་མ་ལག་དང་། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་འགན་བཅོལ་དང་མ་རྐང་འཛིན་ཤོག །བུན་འཛིན་ཚོང་ར་བཅས་ཡོད་པ་དང་། ཕྱི་དངུལ་གསོག་འཇོག་གི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོར་གནས་པ། ཀུན་ཕན་དངུལ་རྩ་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ། མ་རྐང་འཛིན་ཤོག་འགྲེམས་སྤེལ་ཐོ་འགོད་ལམ་ལུགས་བསྒྱུར་བཅོས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་བ། ཕྱི་དངུལ་གྱི་དངུལ་རྩ་སྒྲིག་གཞིའི་ལས་སྒོའི་ཁྱབ་ཁོངས་རྒྱ་ཇེ་ཆེར་སོང་བ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་བརྟན་པོའི་ངང་འཕེལ་བ་སོགས་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། དངུལ་རྩ་ཞབས་ཞུའི་དངོས་གཞིའི་དཔལ་འབྱོར་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། དངུལ་རྩ་ཉམས་ཉེན་འགོག་སེལ་བྱེད་པའི་ཐད་གྲུབ་འབྲས་གལ་ཆེན་ཐོབ་པ། དངུལ་རྩའི་བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་རེད། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་ལམ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བས་རེད།
དར་ཆས་ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ་དང་དགོངས་པས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ཁྲོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སིའི་རིང་ལུགས་ཀྱི་དངུལ་རྩའི་རིགས་པའི་གཞུང་ལུགས་དེ་དེང་རབས་ཀྲུང་གོའི་བྱེ་བྲག་གི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་དངུལ་རྩའི་འཕེལ་རྒྱས་ཆོས་ཉིད་ཁོང་དུ་ཆུད་གང་ཐུབ་བྱེད་པ་དང་། རང་རྒྱལ་གྱི་དངུལ་རྩའི་བྱ་གཞག་གི་ལག་ལེན་གསར་གཏོད་དང་། རིགས་པའི་གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་འགྲོ་ལམ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ཡོད། ངེས་པར་དུ་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་རིན་ཐང་ལྟ་བ་རྒྱུན་འཁྱོངས། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་བ་དེ་རྩ་བའི་དམིགས་ཡུལ་དུ་འཛིན་རྒྱུ་རྒྱུན་འཁྱོངས། ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་དངུལ་རྩའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས། དངུལ་རྩའི་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་ཇེ་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས། དངུལ་རྩ་སྒོ་འབྱེད་དང་བདེ་འཇགས་གཅིག་འདོམས་བྱ་རྒྱུ་རྒྱུན་འཁྱོངས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་དགོངས་གཞི་རྒྱུན་འཁྱོངས་བཅས་བྱས་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་འགྲོ་ལམ་གྱིས་དེང་རབས་དངུལ་རྩ་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་མ་ཟད། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཁྱད་ཆོས་དེ་བས་ཀྱང་མངོན་གསལ་དོད་ལ། དངུལ་རྩའི་ལས་དོན་ལ་ལྟ་སྟངས་ཅི་འདྲ་འཛིན་དགོས་པ་དང་ཇི་ལྟར་བསྒྲུབ་དགོས་པ་ཁ་གསལ་བྱས་ཤིང་། འཇིག་རྟེན་ལྟ་བ་ཡོད་ལ་བརྟག་ཐབས་སྨྲ་བའང་ཡོད་པས། རྩོད་སྒྲུབ་གཅིག་གྱུར་གྱི་སྤྱི་ཡོངས་ཧྲིལ་པོ་ཞིག་ཏུ་གྲུབ་ཡོད།
མིག་སྔར། འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་དུ་འབྱུང་གི་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དངུལ་རྩ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད། དངུལ་རྩའི་ལས་དོན་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་ཏང་གི་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་བ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་བྱེད་པ། ཆ་ཚང་དང་། ཡང་དག །ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བཅས་བྱས་ཏེ་དངུལ་རྩའི་ལས་དོན་གྱི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་དགོས། དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་མགྱོགས་མྱུར་བྱེད་རྒྱུ་དམིགས་འབེན་དུ་བཟུང་བ་དང་། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་འཛིན་པ། དངུལ་རྩའི་འདོན་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་བ། དངུལ་རྩ་དཔུང་ཁག་གི་དྭངས་གཙང་རང་བཞིན་དང་། ཆེད་ལས་རང་བཞིན། འཐབ་འཛིང་ནུས་ཤུགས་བཅས་འདེགས་སྐྱོར་གལ་ཆེན་དུ་འཛིན་པ། ཕྱོགས་ཡོངས་ནས་ལྟ་སྐུལ་ཤུགས་ཆེན་གཏོང་བ་དང་ཉེན་ཁ་ཚབས་ཆེན་འགོག་སེལ་བྱ་རྒྱུ་གཙོ་གནད་དུ་འཛིན་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་འདོམས་བྱེད་པ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོ་སྲུང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དངུལ་རྩའི་མ་ལག་འཛུགས་སྐྲུན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་གོང་མཐོར་འགྲོ་བའི་དངུལ་རྩའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་དང་། དུས་རབས་གསར་པའི་དངུལ་རྩའི་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། དངུལ་རྩ་གསོན་ཤུགས་ལྡན་ན་དཔལ་འབྱོར་འཁྲུག་པོ་ཡོང་ཐུབ། དངུལ་རྩ་བརྟན་པོ་ཡོང་ན་དཔལ་འབྱོར་བརྟན་པོ་ཡོང་ཐུབ། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་ནི་དངུལ་རྩའི་ལས་འགན་ཨང་དང་པོ་ཞིག་ཡིན་ལ། དངུལ་རྩའི་རྩ་བའི་དམིགས་ཡུལ་ཞིག་ཀྱང་ཡིན། དངུལ་རྩས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤུས་ཚད་མཐོ་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ན། “ཤུགས་སྣོན་གསུམ་”གྱི་ཐད་ལ་གཞོལ་དགོས་པ་སྟེ། དངུལ་ལོར་དང་དངུལ་རྩའི་ཁོར་ཡུག་བཟང་པོ་བསྐྲུན་པར་ཤུགས་རྒྱག་དགོས་པ་དང་། འཐབ་ཇུས་གལ་ཆེན་དང་ཁྱབ་ཁོངས་གཙོ་བོ། ལྷུ་ཚིགས་ཞན་ས་བཅས་ལ་སྤུས་ལེགས་ཀྱི་དངུལ་རྩའི་ཞབས་འདེགས་ཞུ་བར་ཤུགས་ཏན་ཏིག་རྒྱག་དགོས། དེང་རབས་དངུལ་རྩའི་སྒྲིག་གཞི་དང་ཚོང་རའི་མ་ལག་འཛུགས་པར་ཤུགས་རྒྱག་པ་དང་། མ་དངུལ་དངོས་གཞིའི་དཔལ་འབྱོར་དུ་ཞུགས་པའི་ཐབས་ལམ་གཤོང་བ་བྱེད་དགོས། དངུལ་རྩའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་རྒྱལ་ཁབ་ཀྱི་དངུལ་རྩ་དང་དཔལ་འབྱོར་བདེ་འཇགས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། “ཤུགས་སྣོན་གསུམ་”གྱིས་དངུལ་རྩའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་མྱུར་གཏོང་བའི་དམིགས་འབེན་གཏན་འཁེལ་བྱས་པ་དང་། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསལ་སྟོན་བྱས་ཡོད། དངུལ་ལོར་སྲིད་ཇུས་ཀྱི་གཟབ་བརླིང་རང་བཞིན་མཐའ་འཁྱོངས་དང་མ་དངུལ་མཁོ་སྤྲོད་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། ཚན་རྩལ་དངུལ་རྩ་དང་ལྗང་མདོག་དངུལ་རྩ། ཀུན་ཕན་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་ཀ་དངུལ་རྩ་བཅས་དོན་ཚན་ཆེན་པོ་ལྔ་ལེགས་སྒྲུབ་བྱེད་པ། སྒྲིག་སྲོལ་གཅིག་གྱུར་དང་། ལྟ་སྐུལ་དོ་དམ་མཐུན་སྦྱོར་བཅས་ཀྱི་དངུལ་རྩའི་ཚོང་ར་བསྐྲུན་པ། དངུལ་རྩའི་ཁྱབ་ཁོངས་ཀྱི་ལམ་ལུགས་ཅན་གྱི་སྒོ་འབྱེད་གོམ་སྟབས་བརྟན་པོའི་ངང་རྒྱ་སྐྱེད་གཏོང་བ་སོགས་བྱེད་ཐབས་རབ་དང་རིམ་པ་གསལ་པོར་བཏོན་ཡོད། བྱེད་ཐབས་དེ་དག་གིས་མུ་མཐུད་དུ་དངུལ་རྩས་དངོས་གཞིའི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ནུས་པ་སྔར་བས་ཆེ་རུ་བཏང་སྟེ་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་རྒྱུ་རེད།
ཕྱོགས་ཡོངས་ནས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་དངུལ་རྩའི་ཉེན་ཁ་འགོག་སེལ་ནུས་ལྡན་བྱེད་དགོས། དངུལ་རྩའི་ཉེན་ཁ་འགོག་སེལ་བྱ་རྒྱུ་ནི་དངུལ་རྩའི་ལས་དོན་གྱི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན་ལ། དངུལ་རྩའི་ལས་དོན་གྱི་རྟག་བརྟན་གྱི་བརྗོད་དོན་གཙོ་བོའང་ཡིན། མིག་སྔར། དཔལ་འབྱོར་དང་དངུལ་རྩའི་ཐད་ཀྱི་ཉེན་ཁའི་འགལ་རྐྱེན་སྔར་བཞིན་ཅུང་མང་བ་དང་། དངུལ་རྩར་ལྟ་སྐུལ་དོ་དམ་དང་བཅོས་སྐྱོང་བྱེད་ནུས་ཞན་པ་རེད། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་ཟམ་མི་འཆད་པར་འཐུས་ཚང་དུ་གཏོང་བ་དང་། རེབ་གསར་པའི་དངུལ་རྩའི་ལྟ་སྐུལ་དོ་དམ་སྒྲིག་གཞིའི་བསྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་དངུལ་རྩར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དངུལ་རྩའི་ཉེན་ཁ་འགོག་སེལ་ནུས་ལྡན་བྱེད་པར་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགན་སྲུང་མཁོ་འདོན་བྱས་ཡོད། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་དངུལ་རྩའི་ཉེན་ཁ་སྔོན་འགོག་སེལ་བྱ་རྒྱུའི་ཐད་བཀོད་སྒྲིག་གསར་པ་རབ་དང་རིམ་པ་བྱས་ཡོད། དཔེར་ན། ཁྲིམས་ལྟར་དངུལ་རྩའི་བྱེད་སྒོ་ཡོད་ཚད་ལྟ་སྐུལ་དོ་དམ་གྱི་ཁོངས་སུ་བཅུག་སྟེ། དངུལ་རྩའི་སྒྲིག་གཞི་འབྲིང་ཆུང་གི་ཉེན་ཁ་དུས་ཐོག་ཏུ་སེལ་བ་དང་། ས་གནས་ཀྱི་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱེད་པའི་ཡུན་ཕན་ལམ་སྲོལ་འཛུགས་པ། ས་ཁང་བདག་ཁོངས་ཁེ་ལས་ཀྱི་བྱེད་པོའི་ལྟ་སྐུལ་དོ་དམ་ལམ་ལུགས་དང་མ་དངུལ་ལྟ་སྐུལ་དོ་དམ་འཐུས་ཚང་དུ་གཏོང་བ། དངུལ་རྩའི་ཚོང་རའི་འགྲེམ་སྤེལ་དང་ཉོ་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། དབང་ཆ་དང་འགན་འཁྲིའི་བར་གྱི་འབྲེལ་བ་དང་། མགྱོགས་པོ་དང་བརྟན་པོའི་བར་གྱི་འབྲེལ་བ་ཁོང་ཆུད་ཡག་པོ་བྱེད་པ། ཚོད་འཛིན་ངེས་ཅན་ལྡན་པའི་དངུལ་རྩ་ཉེན་ཁའི་སྔ་དུས་ཀྱི་ཡོ་བསྲང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ལྟ་བུའོ། །བྱེད་ཐབས་འདི་དག་གིས་སྤྱི་ཚོགས་ཀྱི་གླེང་ཆ་ཆེ་བའི་གནད་དོན་ལ་ཨ་ལན་སློག་པ་དང་། ལྟ་སྐུལ་དོ་དམ་ཤུགས་ཆེན་དང་ལྟ་སྐུལ་དོ་དམ་ནན་པོ་བྱེད་པའི་བརྡ་རྟགས་བཏང་བས། ལྟ་སྐུལ་དོ་དམ་བྱེད་ནུས་དང་ཕན་ནུས་རང་བཞིན་མཐོར་འདེགས་ཤུགས་ཆེན་གཏོང་ངེས་རེད། དངུལ་རྩའི་མ་ལག་གིས་སྒྲིག་གཞི་བསྒྱུར་བཅོས་བྱ་རྒྱུ་དེ་གོ་སྐབས་སུ་བཟུང་སྟེ་མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་གོ་འཕེར་བཅས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་འཛུགས་སྐྲུན་ཧུར་ཐག་བྱས་ཏེ། མ་ལག་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་མཐའ་ཚད་བརྟན་པོ་བསྲུང་དགོས།
ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་དགོས། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ཡིན་པ་དང་། ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་རྒྱུ་ནི་དངུལ་རྩའི་ལས་དོན་ལེགས་པོར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན། ཏང་གིས་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་། དངུལ་རྩའི་དོ་དམ་ལས་དོན་ཁྲོད་ཀྱི་མ་ལག་སྨྲ་བ་དང་ཁྱོན་ཡོངས་ཀྱི་ལྟ་བ་ཤུགས་ཆེར་གཏོང་བ་ནི་ང་ཚོའི་ཆབ་སྲིད་ཀྱི་དགེ་མཚན་དང་ལམ་ལུགས་ཀྱི་དགེ་མཚན་དེ་དངུལ་རྩ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་བར་ཕན་པ་ཡོད། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཀྲུང་དབྱང་དངུལ་རྩ་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཅིག་འདོམས་མཐུན་སྦྱོར་དང་། གནད་འགག་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་དངུལ་རྩའི་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས། ས་གནས་ཏང་ཨུའི་དངུལ་རྩ་ཨུ་ཡོན་ལྷན་ཁང་དང་དངུལ་རྩ་ལས་དོན་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁོངས་གཏོགས་འགན་འཁྲི་དོན་འཁྱོལ་བྱེད་དགོས། སེམས་དཀར་བློ་དཀར་དང་། སྤྱོད་པ་གཙང་མ། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དངུལ་རྩའི་ཤེས་ལྡན་མི་སྣའི་དཔུང་ཁག་སྐྲུན་བཟོ་བྱེད་དགོས་པ་དང་། དངུལ་རྩའི་ཁོངས་གཏོགས་སུ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ། དངུལ་རྩའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་རྒྱག་པ་བཅས་བྱས་ཏེ། དངུལ་རྩའི་བྱ་གཞག་འཕེལ་རྒྱས་གཏོང་ཆེད་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་། རིག་གནས་གསོ་ཚགས། ཁྲིམས་སྐྱོང་འགན་ལེན་བཅས་བྱེད་དགོས།
བྱ་བར་ཐུག་དུས་དཀའ་སླ་གང་ཡིན་རུང་། གཙོ་བོ་ནི་སྤོབས་པ་ཆེན་པོས་སྒྲུབ་ཕོད་པ་དེ་ཡིན། འཐབ་ལམ་གསར་པའི་ཐོག་དངུལ་རྩའི་རྒྱལ་ཁབ་སྟོབས་ལྡན་འཛུགས་རྒྱུ་མགྱོགས་སུ་གཏོང་བ་དང་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་འགན་ཧ་ཅང་ལྕི་པོ་ཡོད། ང་ཚོས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་ཐོག་སྔར་བས་གཅིག་གྱུར་ཡོང་བར་བྱེད་དགོས་པ་དང་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩ་འཕེལ་རྒྱས་འགྲོ་ལམ་ཐོག་བསྐྱོད་དེ། དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་རམ་འདེགས་བྱེད་དགོས།
གནམ་ལྷ་རྒྱལ་གྱིས་བསྒྱུར།