རླངས་འཁོར་ཞིག་གི་སྒྲ་ཐོས་པ་དང་ལྷན་དུ་སྒེའུ་ཁུང་ལས་ཕྱི་ལ་བལྟས་ཚེ། ཏཱ་ཀྲུང་རྟགས་ཅན་གྱི་ལ་འགོ་རླངས་འཁོར་རྫིག་པོ་ཞིག་ཕྱིར་ནུར་ཏེ་འདུག་གྲབས་བྱེད་བཞིན་མཆིས།
“ཁྲོག་ཁྲོག་ཁྲོག”སྐབས་དེར་བདག་གི་ལས་ཤག་གི་སྒོ་རྡུང་བའི་སྒྲ་ཞིག་གྲགས་པས། རླངས་འཁོར་ལས་སུ་འབབ་ལ་སྒུག་པའི་མིག་ཞགས་ཕྱིར་མི་འཐེན་ཀ་མེད་བྱུང་།
“ནང་ལ་ཕེབས། ནང་ལ་ཕེབས།”
སྒོ་རྡུང་མཁན་ལོ་ན་ཅུང་རྒས་པའི་མི་སེར་རྒན་པོ་ཞིག་རེད།
ངས་མྱུར་དུ་ཁོ་འདུག་སྟེགས་ལ་སྡོད་དུ་བཅུག་རྗེས། གཅིག་སྤྱོད་ཤོག་བུའི་ཇ་ཕོར་དུ་ལྡུམ་ཇ་བླུགས་ཏེ། ཁོའི་མདུན་དུ་བཞག་པ་ཡིན། ཁོ་བོ་རྟབ་རྟབ་པོར་ཡར་ལངས་ཏེ་ཧ་ཅང་དོགས་མི་བདེ་བར། “ཇ་ལྡུག་དགོས་ནི་མ་རེད། ཇ་ལྡུག་དགོས་ནི་མ་རེད”ཅེས་ཁོ་ལ་ཇ་ཞིག་མི་འབབ་པ་ལྟ་བུའི་འཚེར་སྣང་ངམ་མི་འབབ་ཀྱང་ཐོབ་སོང་བ་ལྟ་བུའི་དགའ་སྣང་གང་ཡིན་མ་ངེས་པའི་བྲེད་ཤ་ཞིག་གིས་གདོང་བའང་དམར་པོར་གྱུར་ནས་ལངས་མ་ཙོག་གིས་ལུས་འདུག ངས་མྱུར་དུ་ཁོ་བོར“དེ་འདྲ་འཛེམ་དོགས་མ་གནང་། བདེ་མོར་སྡོད་ལ་བཤད་རྒྱུ་འདྲ་ཡོད་ན་དལ་མོར་ཤོད”ཅེས་སྨྲས་པ་ན། ཁོང་ག་ལེར་ཙོག་སྟེ། གློ་ཁུག་ནང་ནས་ཅི་ཞིག་འཚོལ་གྱིན་འདུག
སྐབས་དེར་ངས་ཡང་བསྐྱར་སྒེའུ་ཁུང་ནས་ཕྱི་ལ་མིག་བཤེར་ཞིག་བྱས་ཏེ། རླངས་འཁོར་ལས་སུ་འབབ་ལ་བལྟས་ཀྱང་། རླངས་འཁོར་གྱི་སྒོ་སྔ་ས་ནས་བརྒྱབ་འདུག་ལ། མི་དག་ཀྱང་བབས་ཚར་སོང་བ་འདྲ་བས་སུ་ཡང་མཐོང་མ་ཐུབ། རླངས་འཁོར་སྐོར་མཁན་དེ་མཛེས་མ་ཞིག་ཡིན་པ་འདྲ་ཡང་བལྟ་མ་ཐུབ་སྙམ་བཞིན་ཁོ་སར་ཁ་འཁོར་བ་ན། ཁོས་ད་དུང་གློ་ཁུག་ཕར་སློག་ཚུར་སློག་བྱེད་ཀྱང་ནང་གི་དེ་ལོན་མི་འདུག
“ཡ། ཨ་ཁུ། ཅི་ཞིག་འཚོལ་གྱིན་ཡོད། གློ་ཁུག་ནང་ལ་བཙེམས་ཡོད་པ་མིན་ནམ།”
ངས་ཁོ་ལ་ཀུ་རེ་འདྲེས་མའི་གླེང་གཞི་ཞིག་བསླངས་པ་ན།
“ཧེ་ཧེ། ངོ་མ་བཙེམས་ཡོད། གློ་བུར་དུ་དཔོན་པོ་ཚོའི་མདུན་ལ་ཐོན་བཏང་ན་བཙེམས་ཡོད་པའི་སྐུད་མགོའང་མི་རྙེད་པར་འདུག གློར་འཐེན་ཞིག་བྱས་པས་སྐུད་མགོའང་ཆད་སོང་། ད་ལོན་རྒྱུ་མ་རེད། ཨ་འགོ་བ་དྲིན་ཆེན་པོ། ཁྱོད་ལ་ཁེ་གྲི་རེ་མེད་དམ”ཟེར།
“འོ་ཡོད་ཡོད། ངའི་ཀུ་རེ་དོན་ཐོག་ལ་ཁེལ་སོང་ངམ། ཁ་ཡར་གྲག་གི་ཚིག་འགོ་དོན་ལ་ཁེལ་ན། དོན་གྲ་མའི་མེ་ཏོག་དགུན་ལའང་བཞད་ཟེར་ནི་རེད། ཁྱོད་མ་འཚབ་དང་། འུ་གཉིས་ཀས་དོན་དག་འཁྱོངས་རྒྱུ་རེད། དེ་མིན་ང་འགོ་བ་ཅང་ཡིན་ནི་མ་རེད། འགོ་བ་ཟེར་ནས་དོགས་དོགས་ལ་འདུག་དགོས་པ་མ་རེད། གློ་ཁུག་ནང་ན་ང་ལ་ཡིན་གཅིག་མིན་གཉིས་སྟོན་དགོས་པ་ཞིག་མེད་ན་མ་ལེན། ངག་ཐོག་ནས་ཤོད་དང་གཅིག་འདྲ་ཡིན་ནི་རེད”ཅེས་བཤད་པ་ན།
“འོ་ཡ་ཡ། གནམ་གྱིས་བསྲུང་རྒྱུ་བོ། འགོ་བ་བོད་ཅིག་ཡིན་པའི་དོན་དེ་འདི་རེད། རང་མྱི་ཞིག་ལ་འཕྲད་པ་ལྟ་བུའི་སྣང་བ་ཡོད་གི”
“ཨ་ཁུ་དེ་འདྲ་ཟེར་དགོས་པ་མ་རེད། ཡ་ད་དོན་དག་ཤོད་དང་།”
“དོན་དག དོན་དག འུས་འུས་འུས།”
རྒན་པོ་གློ་བུར་དུ་ངུས་བྱུང་བས། ང་ཡང་དང་ཐོག་ཁོ་བོར་ཇ་སྟེར་བའི་སྐབས་དང་མཚུངས་པར་རྟབ་རྟབ་པོར་གྱུར་སོང་། དེ་ལྟར་ཅི་བྱ་གཏོལ་མེད་དུ་སོང་ནས་ཨེན་ཙམ་འགོར་བ་ན། རྒན་པོས་ངུ་མཚམས་བཞག་སྟེ།
“ངའི་མིང་ལ་མགོན་པོ་ཟེར། ང་ནི་ཁྱོམ་དགེ་གྲོང་རྡལ་མགོ་ཡངས་སྡེ་བའི་ཡིན།”
གཅིག
སྐྱ་རེངས་མཐའ་ནས་དྭངས་ཤིང་ལུག་ཁྱུ་རི་ངོར་ཡན་ནས་ལུག་རྫི་དག་གཉིད་ཅོག་ཨེན་ཙམ་རྒྱག་ནུས་མ་ནུས་ཀྱི་སྒང་ལ། རི་འདབས་ཀྱི་འཕྱི་ཁུང་ཞིག་ལས་འཕྱི་བ་ཞིག་གིས་མགོ་ཀྲོག་ཀྲོག་གིས་ཕར་ལྟ་ཚུར་ལྟ་བྱས་ཏེ་ཉེན་ཟོན་ཨེན་ཙམ་བྱས་རྗེས་ག་ལེར་སྒོར་བུད་བྱུང་། འཕྱི་བའི་སྤུ་རིས་འོད་ཀྲིག་གེར་ཝ་མོ་ཞིག་དང་འདྲ།
“ཀི རོ་རྒྱག་རྒྱུ་བོ།”
འཕྱི་བས་འཕོང་མགོ་ཕར་གཡུག་ཚུར་གཡུག་གིས་འཐད་ལ་མི་འཐད་པར་ཕྱིར་འཕྱི་ཁུང་ལ་འཛུལ།
“ཀི རོ་རྒྱག་རྒྱུ་བོ།” སྐད་དེ་རི་རྩེ་ནས་གྲགས་བྱུང་།
གཉིད་ཐུན་གཅིག་ཀྱང་ལོག་མ་ཐུབ་པའི་སྦྱིན་པ་གཉིད་གོང་ལས་ཡར་དགྱེ་སྟེ་རི་མགོར་བལྟས་པ་ན། གཞོན་ནུ་རྒྱ་རག་གཅིག་པུ་ཁོའི་ཁ་གཏད་ནས་རྒྱུགས་ཡོང་གིན་འདུག ཁོ་བྲེད་བྲེད་པོར་ཡར་ལངས་ཙམ་པ་ན། གཞོན་པ་རྒྱ་རག་དེས་ཅི་ཡང་མི་སྨྲ་བར་སྦྱིན་པའི་མགོ་ལ་ནག་ཡོར་ཡོར་ཅིག་གིས་གཞུས་ཏེ་ས་ལ་བསྒྱེལ། དེ་དང་ཐག་མི་རིང་ས་ན་ཀི་རིང་གིས་གཉིད་ལས་དཀྲོགས་ཤིང་དངངས་མ་འཚབ་ལ་འདི་ཕྱོགས་སུ་བལྟས་ཡོད་པའི་མཚོ་མོ་ཧང་ནས་ཁའང་བསུམ་མ་ཐུབ་པར་གདའ། འདི་ནི་རྫི་བོ་ཚོར་མཚོན་ན་ཧ་ཅང་སྤྱིར་བཏང་གི་ཞོགས་པ་ཞིག་སྟེ། ལུག་ཁྱུ་རི་རྩེའི་ཕར་ལ་མ་ཡན་ན་སྡེ་འགྲིག་ཚོ་འགྲིག་གང་ལ་ཡང་མི་འགལ་བའི་རྒྱུན་ལྡན་གྱི་རྫི་བོའི་ཉིན་མོ་ཞིག་ཡིན་མོད། བསམ་དབང་དྲན་དབང་མེད་པར་རྒྱ་རག་གི་ཚུར་རྒོལ་འདི་བྱུང་མེད་ན། ད་ནི་ཡོད་ཚད་ཀྱི་བྲོ་བ་འགྱུར་སོང་། ཐ་ན་མཁའ་དབུགས་ཀྱང་རྒྱུ་བ་མེད་པར་རང་ས་ན་ཧད་འདུག
གཉིས།
ཨ་ཁུ་མགོན་པོ་ཚང་ན་སྡེ་མི་རྣམས་ཟང་ཟིང་ལང་ལོང་གིས་འདུག་ལ། བུད་མེད་རྣམས་ཀྱི་ངུ་སྐད་དང་། དུས་མིན་དུ་འཕྱུར་བའི་སྔོ་ལོག་ལོག་གི་དུ་བ་གཉིས་ཀྱིས་མཐོང་ཐོས་ཀྱི་དབང་བོ་འཕྲོག་རྩོད་རྒྱག་པ་ལྟར་འདུག
“བྱ་འདི། མི་ཞིག་འཕྱི་བས་བརླག་སོང་ཟེར་བ་ཞིག་སྐྱེ་བ་འདིར་གོ་མྱོང་མེད།”
“འོ་ལེ། ངོ་མ་བྱ་འདི། ལས་ལམ་ལ་མི་འགྲོ་དུས་གཅིན་བཏང་ན་བརླ་ཐོག་ཟེར་བ་འདི་འདྲར་བཤད་པ་ཡིན་རྒྱུ་རེད། ཨ໋མཎིཔདྨེཧཱུཾཿ མར་སྲང་དོ་མང་འདུག”
ཚེ་གཟུངས་དང་འཕགས་པ་གཉིས་ཀྱིས་ཁ་བརྡ་བྱེད་ཞོར་མར་སྡུད་བཞིན་འདུག
“མང་ན་མང་། ཨ໋མཎིཔདྨེཧཱུཾཿ ཚོགས་བསགས་རེད། དྲག་གི གཅོད་མི་དགོས། ཞི་ལུ་མི་འདྲ་བ་ཞིག་ཡིན་ཡ། ཨ໋མཎིཔདྨེཧཱུཾཿ”འདི་ནི་མནའ་མ་སྒྲོན་མཚོའི་སྐད་རེད།
“མཚོ་མོས་ཁ་པར་མི་གཏོང་རྒྱུ་ན་ད་དུང་རི་མགོ་ན་ལུས་ཡོད་རྒྱུ་རེད།”
ཨ་ཡེ་ལྷ་མོས་མར་ཁ་འཕེན་ཕྱེད་ཙམ་ལག་ལ་བཟུང་སྟེ། རྩམ་ཁུག་ཅིག་མཆན་ནས་ཐང་ལ་འཇོག་ཞོར་དེ་སྐད་བཤད།
“སངས་རྒྱས་རྒྱ་རག་དྲིན་ཆེན་པོས་འཕྱི་བ་བསད་པ་མིན་ན་ད་དུང་བེམ་པོ་མགོ་གཙང་ཡིན་མིན་དཀའ་རྒྱུ་རེད། ས་ལད་སོང་ཚེ་མ་བཟང་བ་རེད”ཚེ་གཟུངས་ཀྱིས་དེ་ལྟར་ཚིག་ལ་ཁ་སྣོན་ཞིག་བརྒྱབ།
“ལོ་ལོན་ལ་ཤི་རྒྱུ་མེད་ན་ད་གོ་རྒྱུ་མང་གི་ཡ། མི་ཞིག་འཕྱི་བས་བརླག་བཏང་ནི་ང་ད་ལོ་ལོ་བདུན་ཅུ་ལོན་ཡང་ད་བར་གོ་ནི་མེད།”ཨ་ཡེ་གནམ་སྐྱིད་ཀྱིས་མིག་ཆུ་འབྱིད་ཞོར་མར་དང་རྩམ་པ་འཕགས་པའི་སར་གཏད།
“འོ་ལེ། ཨ໋མཎིཔདྨེཧཱུཾཿ ད་སྔ་ཚར་སོང་བ་རེད། གཞུག་གི་བྱིས་པ་ཚོར་ཟོག་ལུག་རྗེས་ནས་གཉིད་མི་ཉན་པའི་ཁ་ཏ་མ་བྱས་ཚེ། དཀའ་མོ་གཞུག་ན་ཡོད་རྒྱུ་རེད། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་ལ་སོང་ན་གཅན་གཟན་མ་ཟད་སྲོག་ཆགས་འཕྱི་བ་ཚོའང་མགོ་ལ་ཤོར་འདུག་པ་འདི་རེད།”རྒན་པོ་བསམ་ཁོས་མགོ་གཡུག་ཞོར་དེ་སྐད་བཤད་པ་ན། གཞན་ཚང་མས་ངོ་མ་རེད་ཟེར་ཞོར་མར་ཚད་མཁན་གྱིས་མར་ཚད། རྩམ་པ་ཚད་མཁན་གྱིས་རྩམ་པ་ཚད་དེ་དགེ་རྩ་སྒྲུབ་པ་ལ་སྟ་གོན་བྱེད་བཞིན་འདུག
གསུམ།
“འུས་འུས་འུས། འུས་འུས་འུས།” མཚོ་མོས་ཨ་མར་འཐམ་སྟེ་ངུ་བཞིན་འདུག
འདི་ནི་ལོ་དེའི་ཟླ་བདུན་པ་སྟེ། མཚོ་མོ་དམའ་འབྲིང་ནས་མཐར་ཕྱིན་པའི་ལོ་དང་རྒྱུགས་འབྲས་ལེགས་པས་ཨ་ཕས་མོ་ལ་ཁ་པར་ཞིག་དགའ་རྟགས་སུ་ཉོས་པའི་ལོ་ཡིན་ལ། ད་དུང་མོ་རང་གི་བརྩེ་བའི་མེ་ཏོག་གི་གང་བུ་གསར་དུ་འབུས་པའི་ལོ་དང་སྦྱིན་པ་སྐྱ་སར་བབས་ནས་སྡེ་ནང་ལ་ལོག་པའི་ལོ་ཐོག་མའང་ཡིན། མོ་རང་སྦྱིན་པར་ཞེ་ཆགས་ནས་སྦྱིན་པ་ལུག་རྫི་ཡིན་དུས་མོས་ཕུ་བོའི་ལག་ནས་ཟོག་རྫིའི་རྫི་སྐལ་འཕྲོག་པ་ལྟར་རྫི་ལ་བྲོས་འགྲོ་བའི་དབྱར་གནང་སྐབས་ཡིན།
ཉིན་འདི་ནི་མོར་མཚོན་ན་ཉིན་མོ་ཉིན་ནག་ཅིག་སྟེ། སྦྱིན་པས་ཁོ་མོར་དག་ཡིག་ངག་སྒྲོན་ལས་འཇུད་མཐུན་མ་ཞེས་པ་དེར་འགྲེལ་བཤད་རྒྱག་ཐུབ་མི་ཐུབ་ཅིག་བྱས་ཏེ། འགྲེལ་བ་བརྒྱབ་ཅིང་། ཁོ་གཉིས་ཀྱང་ངོ་དམར་པོར་ལོག་པ་ལས་ཅུང་བྲེད་ནས་ཡང་བསྐྱར་ངག་སྒྲོན་གྱི་ཐ་སྙད་རྗེས་མ་དག་ལ་འཇུག་པའི་ཉིན་བདུན་པ་སྟེ། མོས་སྦྱིན་པ་ལ་ཚིགས་བཅད་ཅིག་བྲིས་ནས་སྟེར་འཆར་གྱིས་ངོ་གནོངས་ཏེ་ཅུང་ཙམ་རྒྱང་ལ་བཀྱེད་ནས་གཉིད་ཐུན་ཙམ་ལོག་པའི་ཉིན་མོ་ཡང་ཡིན། ད་ནི་སྦྱིན་པས་མོའི་བརྩེ་འཕྲིན་གཏན་ནས་མཐོང་མི་ཐུབ་ལ། མཐོང་ཐབས་བྲལ་ཅིང་། མོ་རང་ཁོ་བོར་ཞེ་ཆགས་ཡོད་པའང་རྟོགས་མེད་པར་མོའི་དགེ་རྒན་ལྟ་བུ་ཞིག་གི་ཚུལ་གྱིས་ཞིང་གཞན་སྙེག་པ་དང་། མོས་རང་གི་དགེ་རྒན་ནམ་ཡང་ན་སེམས་ཁོང་གི་མི་བུ་ཁོ་རང་འཕྱི་བས་བརླགས་པ་མིན་པ་གསལ་བོར་ཤེས་ནའང་། བདེན་རྫུན་གྱི་གསལ་ཁ་ཞིག་ཀྱང་འབྱེད་མི་ནུས་པར་བསམ་ནས་ཡང་བསྐྱར་ངུས། ཁག་ཀྱང་མི་འདུག་སྟེ་དམའ་འབྲིང་མཐར་ཕྱིན་མ་ཐག་ཙམ་གྱི་བུ་མོ་ཞིག་ལ་མཚོན་ན། དོན་དག་གློ་བུར་བ་འདི་འདྲ་ཞིག་གི་ཁ་གཏད་ཅི་ལྟར་གཅོག
“ཨ་མའི་མ་ལོ། ད་མ་ངུ་ད་མ་ངུ། ངུས་ནས་ཡོང་རྒྱུ་ཡོད་ནི་མ་རེད། དེ་ལས་མ་ཎི་རེ་ཐོན་དང་། ཅི་འདྲ་བཤད་ཀྱང་། མཐོ་རིས་པོ་ཁྱོད་ཀྱི་རྩེད་རོགས་དགོད་རོགས་དང་ཆུང་འདྲིས་ཆུང་རྟེན་ཟེར་རྒྱུ་མེད་རུང་། ཉིན་གཅིག་གི་དགེ་རྒན་ཚེ་གཅིག་གི་བླ་མ་ཟེར་ནི་རེད། ཨ໋མནིཔདྨེཧུཾཿ”
“འུས་འུས། འུས། ཨ་མ་ང་ཇོ་མོ་བཅའ་རྒྱུ།”
“ཨ། གླེན་བཤད་རྒྱག་གི་མ་འདུག འུ་ཚང་ལ་མཚོན་ན་སློབ་གྲྭ་ནས་སློབ་མྱིང་བླངས་པ་ཞིག་ཡོད་པ་ཁྱོད་རེད། ཁྱོད་སློབ་སྦྱོང་ལ་ངར་གི་བསམ་ནས་ད་གཟོད་གནས་ལ་མ་བྱིན་པར་སློབ་གྲྭར་མངགས་ནི་རེད་མ་གཏོགས། ཁྱིམ་མཚེས་ཚང་གི་རིག་ལོར་ལྟོས་དང་། ཁྱོད་གཉིས་ན་ཟླ་རེད། ད་བྱིས་པ་གཉིས་ཀྱི་ཨ་མ་ཉན་ཡོད་པ་གན་རེད། སྐད་ཆ་འདི་འདྲ་ཨ་མའི་རྩིབ་ནས་བཤད་ན་བཤད། ཨ་ཕར་གོ་རུ་མ་འཇུག་མ་གཏོགས་འུ་མ་བུ་གཉིས་ཀ་ཚར་སོང་ནི་རེད། ཁྱོད་ཡུལ་ནས་སྡོད་དང་། ད་ང་ཨ་ཁུ་མགོན་པོ་ཚང་ལ་མར་དང་རྩམ་སྐལ་སྟེར་བར་འགྲོ་མ་ལོ།” མཚོ་མོའི་ཨ་མས་དེ་ལྟར་བཤད་ཞོར་མཚོ་མོའི་ལག་ཟུང་དལ་བུར་སྟན་ཐོག་ལ་བཞག་རྗེས་ཡར་ལངས།
མཚོ་མོས་ཅི་ཡང་མི་སྨྲ་བར་བྱི་ལ་སྒྲོལ་འདོན་ཞིག་སྟན་ལ་ཉལ་བ་ནང་བཞིན་གྲོགས་མེད་དུ་ངུ་ཤུམ་རྒྱག་གིན་འདུག
བཞི།
“ཁ་སང་དེ་རིང་ཆང་དེམ་འགའ་ཁྱེར་ནས་ཆང་མགྲོན་བྱེད་མཁན་འདྲ་ཡོད་ནི་མ་རེད། ང་སངས་རྒྱས་རྒྱ་རག་བཟང་ན་ངན་ན་མི་གྲངས་ཁྲི་ལྔ་དྲུག་ཅན་གྱི་ཡུལ་ཚོ་ཞིག་གི་ཚོ་དཔོན་ཡིན། ཨ། ངའི་ཁོག་ནabcཡི་གཟུངས་འཇུག་སྲབ་རུང་། ངའི་མཆན་ན་ལས་གཞི་ཆེ་ཆུང་གི་ཡིག་ཆ་བཙིར་ཡོད་ནི་རེད། ཨ། ངས་ནམ་རྒྱུན་ཆབ་སྲིད་དང་སྲིད་ཇུས་སྐོར་གྱི་ཚོགས་གཏམ་གཏོང་གི་ཡོད་ནི་རེད། ”སངས་རྒྱས་རྒྱ་རག་ཅུང་བཟི་འདུག ཚོང་བ་དོན་གྲུབ་ཀྱིས་ངོ་ཅུང་ཙམ་གནོང་བཞིན་ཡོད་ཅིང་། “ཚོ་དཔོན་སངས་རྒྱས་ལ་དགོངས་དག་ཞུ། སྤྱིར་རླངས་འཁོར་ཨོང་སྒམ་ནང་ན་ཆང་གོང་ཆེན་འགའ་ཡོད་མོད། ཁ་སང་འུ་གཉི་གའི་འགོ་རྒན་ལ་འགྲུལ་བ་ཡོད་ཀི དེ་ནས་བཞག་བཏང་། དེ་རིང་ཟ་ཁང་ནས་ཁྱེད་ཀར་ཐུག་འགྲོ་བ་ཞེ་ལའང་མ་ཤར། ཡུལ་ཚོའི་ཚོང་ཁང་དག་གི་ཆང་རྫུན་མ་ཨེ་ཡིན་ལ་དོགས་ནས་ད་ཆང་འདི་བཀོལ་བ་ཡིན། དགོངས་དག དགོངས་དག འུ་གཉིས་ཀྱི་འདང་གཞུག་ནས་བཤད། མགྲོན་རྗེས་ནས་བྱ། ད་ཐེངས་ཁྱིམ་མགྲོན་ཞིག་གི་བསམ་པས་ཟུངས”ཟེར་ཞོར་གུས་གུས་ཞུམ་ཞུམ་གྱིས་བཤད།
“ཨ། དེ་འདྲ་ཡིན་ན་མི་ཆོག་རྒྱུ་མེད་ཀི་ཡ། བཀྲ་ཀྲུའུ་རེན་ལ་བསམ་འཆར་ཅང་མེད་དམ།”ཞེས་སངས་རྒྱས་རྒྱ་རག་གིས་གམ་གྱི་བུད་མེད་རྒྱས་ཤོམ་ཅན་དེའི་ཕྲག་པ་ནས་ཚུར་འཐེན་ཙམ་བྱེད་ཞོར་དེ་སྐད་སྨྲས།
“ཚོ་དཔོན་སངས་རྒྱས་ལ་བསམ་འཆར་ཅང་མེད་ན། ང་ལ་བསམ་འཆར་ཞིག་ཡོད་ཕོད་དམ”ཞེས་བོད་མོ་ཞིག་གི་ཚུགས་ཀ་ཡོད་ཡོད་ལ་བཀྲ་ཀྲུའུ་རེན་ཟེར་བའི་ནུ་འབུར་དང་འཕོང་ཤ་སྟོན་ཅི་ཐུབ་ལྟ་བུའི་དུས་གསར་གྱི་ལྭ་བས་རྒྱན་སྤྲས་པའི་བུད་མེད་འདྲ་ཆགས་པོ་དེས་རྒྱ་སྐད་ཀྱིས་ལན་དེ་འདྲ་ཞིག་བརྒྱབ་པ་ན། “མི་ཕོད། དེ་ན་འདི་ཕོད་དམ”ཞེས་སངས་རྒྱས་རྒྱ་རག་གིས་རྒྱ་སྐད་ཀྱིས་འདི་སྐད་དུ་ལན་ཞིག་བརྒྱབ་པ་དང་ལྷན་དུ་བཀྲ་ཀྲུའུ་རེན་གྱི་འགྲམ་པར་ཁ་ཆུ་ལོག་ལོག་གིས་འོ་ཞིག་བྱས།
“འོ་འོ། ད་ཚོ་དཔོན་སངས་རྒྱས་བཟི་འདུག ངོ་མ་བཟི་འདུག དགོངས་དག་ཨ།”ཞེས་བཀྲ་ཀྲུའུ་རེན་གྱིས་རྒྱ་རག་ཕར་ལ་འདེད་ཙམ་བྱས་ཏེ་ཚོང་བ་དོན་གྲུབ་ལ་བལྟས་ནས་དེ་སྐད་བཤད།
དོན་གྲུབ་ཀྱིས་མྱུར་དུ། “ཨ། སངས་རྒྱས་བཟི་ཡོད་དམ། སངས་རྒྱས་བཟི་ཡོད་མེད་མི་ཤེས་མོད། ང་ནི་ངོ་མ་བཟི་འདུག མིག་ཀྱང་འབྱེད་དཀའ་ཀི ད་ངོ་མ་འཐུང་མི་ཐུབ་ཀི”ཞེས་མགོ་བོ་རྒྱབ་ཁྲིར་བསྙེས་ཏེ་གཉིད་ཚུལ་བསྟན། ཚོ་དཔོན་རྒྱ་རག་དང་བཀྲ་ཀྲུའུ་རེན་གཉིས་ཀྱིས་ཕན་ཚུན་ལ་འཐམ་འཁྱུད་ཨེན་ཙམ་བྱས་རྗེས་དོན་གྲུབ་ཀྱིས་འཁྱེར་བའི་ཡིག་ཁུག་ཁ་སྦྱར་མ་གཉིས་ལག་ཁུག་ནང་ལ་བསྡུ་གསོག་རྒྱག་པ་ལྟ་བུའི་ཉམས་ཀྱིས་གཡུག་ཅིང་། “ཆང་ཤེད་མེད་ན་གན་རེད་ཡ”ཟེར་ཞོར་འཁྱར་འཁྱོར་ངང་བུད་སོང་། དེའི་རྗེས་དོན་གྲུབ་ཡར་ལངས་ཏེ་ཁ་འགྲམ་ལ་འཛུམ་གསལ་ལ་མི་གསལ་བ་ཞིག་བསྡུས་ཏེ་ཕྱིར་ལོག་སོང་ངོ་།།
“དོན་གྲུབ་སྐྱག་ཕྲུག་གན། ནམ་ཡིན་ཡང་འགོ་བ་ཞིག་གི་ཁོག་ལ་འཛུལ་འཛུལ་ལ་ཡོད། དེ་རིང་ཡང་རྒྱ་རག་དང་བཀྲ་གཟའ་གཉིས་ཀར་མགྲོན་བྱེད་ཚུལ་ལ་བལྟས་ན་འུ་ཚོའི་ཁྲོམ་སྲང་བསྒྱུར་བཅོས་ཀྱི་ལས་གཞིའང་ཁོའི་ལག་ལ་ལྷུང་ཡོད་ཤག་ཤག་རེད”ཅེས་ཟ་ཁང་སྦྱིན་བདག་ལྷུན་གྲུབ་ཀྱིས་དེ་ལྟར་བཤད་པ་ན། ཆུང་མ་མེ་ཏོག་ཚོང་སྒྲོམ་ནས་སྒོར་འབུད་ཞོར་མཛུབ་མོ་གཉིས་ཡར་བསྒྲེངས་ནས“ད་གང་ལྟར་འུ་ཚང་ལ་དེ་རིང་ཡོང་སྒོ་ཡག་པོ་ཞིག་བསྐྲུན་འདུག”ཅེས་བཤད།
“སྒོར་ཉིས་སྟོང་། མི་གསུམ་གྱིས།”ལྷུན་གྲུབ་ཧ་ལས་ནས། “འོ་ལེ།”
ཆུང་མ་མེ་ཏོག་གིས་མཆུ་སྒྲོས་ལ་མཛུབ་མོ་གཅིག་སྦྱར་ཏེ་མིག་རིག་རིག་གིས་ཕར་ལྟ་ཚུར་ལྟ་ཞིག་བྱས་ཏེ། “དེ་རིང་ཉིན་བཟང་སྐར་བཟང་རེད། བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ”ཅེས་པའི་རྒྱ་གླུ་ཚིག་རྐང་གཉིས་ངག་ལ་འགུག་བཞིན་འཛུམ་དམུལ་དམུལ་ངང་གསང་སྤྱོད་ཁང་དུ་འཛུལ་སོང་།
ལྔ།
རི་སུལ་ནས་ཚོགས་དུང་གི་སྒྲ་ཞིག་ལྷང་ལྷང་དུ་གྲགས་པ་ན། ཇོ་མོ་བཅུ་ཕྲག་འགའ་འདུ་ཁང་ཆུང་ཆུང་དེ་ལ་སྔ་རྗེས་སུ་འབྱོར། ཚོགས་སུ་ཇོ་མོ་ཚོས་རྗེ་བཙུན་སྒྲོལ་མའི་བསྟོད་པ་མགུར་དུ་བཞེངས་པ་ན། གསུང་དབྱངས་སྙན་མོ་ཁོ་ར་ཁོར་ཡུག་ཀུན་ཏུ་སྤོས་དྲི་བཞིན་འཐུལ་ནས། ཇོ་ཤག་གི་གྱང་མཁར་བབས་པའི་བྱེའུ་ཚོགས་ཀྱིས་ཀྱང་རིག་རིག་གིས་ཉན་ནས་འདུག
ཉིན་གུང་ཡོལ་ཙམ་ལ། མཚོ་མོའི་ཨ་མས་སླེ་བོ་ཆུང་ཆུང་ཞིག་རྒྱབ་ལ་ཁུར་ཏེ་བསམ་གཏན་ཆོས་གླིང་དུ་འབྱོར། ཆོས་དབྱིངས་སྒོར་བུད་དེ་ཨ་མ་ནང་དུ་བསུས་ཤིང་། མྱུར་མོར་རྒྱབ་ཀྱི་སླེ་བོ་སར་ཕོག་ནས་ཁྱིམ་དུ་ཁྲིད།
“ཨ་ཡོ་ཤི ད་ངོ་མ་ལོ་ལོན་སོང་། སླེ་བོ་སྣ་ཁུང་ཙམ་པོ་འདི་ཡང་ལྕི་མོ་ལྕི་མོ་ཞིག་ཏུ་ལོག་ནས་ཐེག་དཀའ། དེ་རིང་ཁྱོད་ཀྱི་ཨ་ཕ་མེད་ཤུལ་ནས་ང་རང་ཁ་རོག་ལ་བྲོས་ཡོང་བ་ཡིན། མ་ལོས་སྒར་ན་སྡུག་རིག་གི་མེད་དམ།”
ཆོས་དབྱིངས་ཀྱིས་ཚ་དེམ་ལས་སྟོད་ཇ་ཞིག་བླུགས་ཏེ་ཨ་མར་གཏད་ཞོར། “མི་འདུག མི་འདུག ཨ་མ། ཨ་མར་འོ་བརྒྱལ་བཟོས་སོང་།”
མཚོ་མོའི་ཨ་མས་ཇ་ལ་ཧུབ་ཅིག་བཏབ་སྟེ་མིག་གིས་ཕར་ཕྱོགས་ན་གོ་རེ་ལེན་བཞིན་པའི་ཇོ་རོགས་ཆོས་སྒྲོན་ལ་བལྟས་ཏེ།“མ་ལོ། སླེ་བོའི་ནང་ན་ངས་ཁྱོད་རང་བཟའ་རྒྱུར་དགའ་བའི་ཤ་སྐམ་འགའ་དང་། མར་ཆུར་སོ་མ་རེ་འཁུར་ཡོང་ཡོད། ད་ལོངས་ལ་ཕར་ཞོག སྤྱིར་དོ་དགོང་ང་ཞག་ལ་འདུག་བསམ་ཡོད་མོད། སྟབས་བདེ་རྒྱུ་མ་རེདའང”ཟེར་བ་ན། ཇོ་རོགས་ཆོས་སྒྲོན་ཁ་ཚུར་འཁོར་ཏེ།“ཨ་མ་བྱམས་སྐྱིད་ཞག་ལ་འདུག་ཐུབ་ན་བཟང་གི། ང་ད་འཕྲོར་རོགས་པ་གཞན་ཞིག་གི་ཇོ་ཤག་ལ་ཉལ་བར་བུད་འགྲོ། ཁྱོད་མ་བུ་གཉིས་ཀ་མཉམ་དུ་སྡོད་ལ་ཁ་བརྡ་ཡག་པོ་ཞིག་བྱོས། ཆོས་དབྱིངས་ད་སྐབས་དགེ་རྒན་ལ་བཞག་ཡོད། རྗེས་ཕྱོགས་ཇོ་ཕྲུག་ཚོར་དཔེ་ཁྲིད་གནང་དགོས་པས་ད་ཁོམ་རྒྱུ་མ་རེད”ཅེས་བཤད།
“འོ་ཡ་ཡ། མ་ཁོ། གནམ་གྱིས་བསྲུང་རྒྱུ་མ། དེས་ན་ད་ཁྱོད་ལ་དཀའ་ལས་ཤིག་གཏོད་དགོས་རྒྱུ་རེད།”
“དེ་མི་སྐྱོན་ཨ་མ་བྱམས་སྐྱིད། ངེད་ཀའི་ཨ་མ་ཡོང་ཐུབ་དུས་ཀྱང་ཆོས་དབྱིངས་ཇོ་ཤག་གཞན་ལ་འགྲོ་གི་ཡོད་ནི་རེད། ད་ངས་ནུབ་ཇ་ཞིག་གྲ་སྒྲིག་བྱ། ཁྱེད་གཉིས་ཀྱིས་ཁ་བརྡ་བྱོས།”
ཆོས་སྒྲོན་གྱིས་དེ་ལྟར་བཤད་ཞོར། མོ་གཉིས་ཀྱི་མདུན་དུ་གོ་རེ་སྣུམ་བཙོས་སྡེར་མ་གང་བཞག་པ་དང་ལྷན་དུ་ཕར་སོང་ནས་ཕྱེ་རྫི་མགོ་བརྩམས།
མུན་རུབ་སོང་། ཇོ་ཤག་ཆུང་ཆུང་དག་རྒྱང་ནས་བལྟས་ན་ལོ་སར་སྐབས་ཀྱི་མཆོད་མེའི་འོད་ཁང་ཆུང་ཆུང་དག་དང་འདྲ་བར། ལུང་ཁུག་ཆུང་ཆུང་འདིར་ཁྲ་ཐོར་རེར་བཀྲམ་འདུག
ནམ་ཟླ་དགུན་འགོར་སླེབས་པས། ཐབ་ཀྱི་མེ་ཤི་བ་དང་མཉམ་དུ་ཁང་མིག་ཆུང་ཆུང་དེ་གྲང་ཤུར་ཤུར་དུ་གྱུར། ཆོས་དབྱིངས་མ་བུ་གཉིས་མདུན་ཅོག་གཡས་གཡོན་གྱི་མལ་སའི་ནང་དུ་འཛུལ་ནས་ཡར་མར་གྱི་ཁ་བརྡ་བྱེད་ཀྱིན་འདུག
“ཁྱོད་ཀྱིས་དགེ་རྒན་གྱི་བྱ་བ་བསྐྱུར་ནས་ཇོ་མོ་བྱེད་དུ་བྲོས་འགྲོ་བ་ཞིག་ཡིད་ལའང་མ་ཤར། མི་ཟེར་བ་འདི་ངོ་མ་དཀའ་མོ་རེད། ཨ་ཁུ་མགོན་པོ་ཡང་གཏུག་བཤེར་ལ་བུད་སོང་ཟེར་གྱིན་འདུག སྙིང་རྗེ། ལོ་བཅུ་ཕྲག་གི་རིང་ལ་སྦྱིན་པ་མཐོ་རིས་པོའི་དོན་དག་བསྐྱུར་མ་ཐུབ་པར་འདུར་ནི་རེད། ཁྱོད་མིན་རྒྱུ་ན་བེམ་པོ་རི་མགོ་ནས་ཞག་ལུས་བྱུང་བའང་ཁོ་ཐག་རེད་མོད། ད་སྙིང་མ་རྗེ། རང་གི་བུ་ཕྲུག་གི་དོན་ལ་ད་རུང་རྒྱུག་གིན་འདུག”
ཆོས་དབྱིངས་ཀྱི་སེམས་ལ་སངས་རྒྱས་རྒྱ་རག་གི་འཇིགས་སྐུལ་དང་། སྦྱིན་པ་ཡར་ལ་ལངས་ཙམ་དུ་ལྷེམ་སེ་འགྱེལ་ནས་ལངས་རྒྱུ་མེད་པར་གྱུར་ཚུལ། ད་དུང་རྒྱ་རག་གིས་འཕྱི་ཁུང་ནང་ལ་དུ་བ་བདུག་སྟེ་འཕྱི་བ་བསད་ཅིང་འཕྱི་རོའི་ཁ་གདངས་སུ་བཅུག་ནས་སྦྱིན་པའི་མགོ་ལ་སོ་ཤན་རྒྱག་ཚུལ་སོགས་གློག་བརྙན་བཞིན་འཁོར་ཏེ་དངངས་འདར་ཞིག་བརྒྱབ་མོད། ད་ནི་ཁ་རོག་གེར་མུ་མཐུད་དུ་ཨ་མའི་ཅི་བཤད་ལ་ཉན་པ་ལས་མི་འདུག
“འོ། སངས་རྒྱས་རྒྱ་རག་ད་ཐེངས་དོན་དག་ཅིག་ལ་ཐུག་འདུག་ཟེར། ཁྱོས་ཨེ་གོ ཁོའི་ཨ་ཕ་དཔོན་ཆེན་ཞིག་རེད་ཟེར་གི་འདུག རྒྱ་རག་གི་བྱ་བ་ཚང་མ་ཁོས་བཀོད་སྒྲིག་བྱས་རབས་དང་རྒྱ་རག་རྒྱ་ནང་ཞིག་ལ་སོང་ནས་སློབ་གྲྭ་འགྲིམ་རབས་ཀྱང་རྫུན་བཟོ་བྱས་པ་དང་སློབ་ཐོན་ལག་རྟགས་ཀྱང་རྫུན་མ་ཡིན་མིན་དག་ཐེར་བྱེད་བཞིན་འདུག་ཟེར། ད་ཐེངས་ཨ་ཁུ་མགོན་པོས་གཏུག་གིན་ཡོད་པའང་ཁོ་རེད་ཟེར། ཉིན་དེར་འཕྱི་བ་བསད་ནས་བེམ་པོ་མགོ་གཙང་བྱས་རབས་ཕལ་ཆེར་རྫུན་ཡིན་པ་འདྲ། གལ་ཏེ་ཁྱོད་གཉིད་ལ་ཤོར་མེད་རྒྱུ་ན་གསལ་བོ་རིག་ཡོད་རྒྱུ་རེད། སྡེ་མི་ཚང་མར་འཕྱི་བ་ཞིག་གིས་མི་བསད་ཅེ་ན་རྣ་ལ་འགྲོ་གི་མེད་པ་ལའང་ཁག་མི་འདུག ང་ཡང་དེ་དུས་ཁྱོད་ཀྱིས་བརྡ་བརྒྱབ་པས་མིན་ན་རློམ་དཀའ།”
“དེ་དུས་སྤྱི་བདེ་མི་སྣ་ཡོང་ཡོང་ལ་ལྟ་རུ་བཅུག་ཡོད་ན་བཟང་སོང་མོད། སྐབས་ཐོག་དེར་ཚང་མ་སངས་རྒྱས་རྒྱ་རག་གིས་བཤད་པར་རློམ་ནས་བལྟ་རུ་མ་བཅུག ད་གཏུགས་ནས་ལོ་ལྔ་དྲུག་ཅིག་འགོར་ཡོད་ཀྱང་བདག་བྱེད་མཁན་མེད་པ་ཅི་ཁག”
ཨ་མ་བྱམས་སྐྱིད་ཀྱིས་ཨ་ལན་ཡོད་མེད་ལ་མི་བལྟ་བར་མུ་མཐུད་དུ་བཤད་རྒྱུར།“ཨ་རོ། ད་རུང་གཞན་གྱིས་བཤད་ན་ཁྱོད་མ་གཞི་སྦྱིན་པ་ལ་ཞེ་འཁོར་ནས་སྐྱེས་པ་སུ་ཡང་དང་ལེན་མི་བྱེད་པ་དང་། སངས་རྒྱས་རྒྱ་རག་གིས་ཁྱོད་ཁོའི་ཆུང་མ་ཨེ་བྱེད་ལ་བསྐུལ་ནས་ཁྱོད་འདུག་མ་བཟོད་པར་ཇོ་མོ་བྱེད་པར་བྲོས་པའི་ཟེར་སྲོལ་ཞིག་ཀྱང་ངའི་རྣ་ལམ་ལ་ཡོང་གིན་འདུག དོན་ངོ་མ་ཁྱོད་ལ་ཅི་མ་ཉན་ནི་རེད། ཨ་མར་ཅིག་ཤོད་དང་མ་ལོ།”
དྲུག
དེ་རིང་དགུན་འཆམ་གྱི་ཉིན་མོ་ཡིན་པས། ཁྱོམ་དགེ་གྲོང་རྡལ་ན་མི་ཚོགས་ཟང་ཟིང་ལང་ལོང་བྱེད་བཞིན་ཡོད་ལ། གསེར་ལག་སྤྲོ་སྐྱིད་ཚང་ན་ཟ་མ་བཟའ་མཁན་གྱི་མགྲོན་པོས་གང་འདུག སྤྱིར་དགུན་འཆམ་ནི་ཁྱོམ་དགེ་དགོན་པའི་སྨོན་ལམ་དུས་ཆེན་ཡིན་པས་དགོན་པ་ན་མི་མང་ན་འགྲིག་མོད། ད་ལྟ་གསར་བུ་ཚོར་མཚོན་ན་འདི་ནི་འདུ་འཛོམས་ཀྱི་ཉིན་མོ་ཞིག་སྟེ་དགོན་པའི་འཆམ་འོག་ལ་ལོ་ལོན་ཚོ་བསྐྱལ་ནས་ཕྱག་གསུམ་འཚལ་ཏེ་མྱུར་མོར་སྲང་ལ་ཡོང་ནས་གྲོགས་གསར་རྙིང་གཉིས་ཀ་མཉམ་འཛོམས་བྱ་རྒྱུ་ནི་ཉིན་འདིའི་ལས་ཀ་གཅིག་པུ་ཡིན་པའི་སྣང་ཚུལ་ཞིག་གྲུབ་ཡོད།
སྦྱིན་བདག་མ་མེ་ཏོག་གིས་དུང་དཀར་ཤག་གི་སྒོ་ཁྲོག་སེ་བརྒྱབ་ཅིང་གདོང་ལ་མི་དགའ་བའི་རྣམ་འགྱུར་གསལ་ལེར་མངོན་ནས་སླེབས་བྱུང་།
“སྤྲང་རྒན་དེས་སྒོར་མོ་ལ་སྲབ་མཐུག་ཡོད་ནི་མིན་ན་མྱི་ངོ་ལ་བཟང་ངན་ཡོད་པ་ཁས་ལོངས། མིན་ན་མི་འབུད་ཟེར། དངུལ་ཁང་སྒོ་མྱུག་ལ་སོང་ཡོད་རུང་། ཆང་འཐུང་རྒྱུ་བསྐྱུར་ཁ་མི་ཉན་ཀི”ཟེར་བཞིན་ཚོང་སྒྲོམ་ནང་ལ་འཛུལ། སྦྱིན་བདག་ལྷུན་གྲུབ་ཀྱིས“ང་སོང་ནས་སྒོར་དྲུད་འཇོག”ཅེས་བརྗོད་དེ་དུང་དཀར་ཤག་ལ་རྒྱུགས་པ་ན། ཞབས་ཞུ་བ་གདོང་སྨེ་ཅན་ཞིག་དང་ཤ་སྐམ་ལག་རིས་ཅན་ཞིག་ཀྱང་རྗེས་ལ་འདུར་སོང་། ཁོ་ཚོས་དྲུད་ཡོང་བ་ནི་དོན་གྲུབ་སྟེ་སྔོན་ཆད་ཁོ་ཚང་གི་མགྲོན་པོ་རྩིས་ཅན་དེ་རེད། དེ་རིང་གི་དོན་གྲུབ་ནི་སྔར་གྱི་གཟི་ཉམས་རྦད་དེ་ཤོར་ནས་མགོ་སྐྲ་ཟིང་ཞིང་མིག་རྩ་དམར་ལ། རྐང་སྣམ་གྱི་པུས་མགོ་གཅིག་ཀྱང་བརྡོལ་འདུག སྐྱུགས་རོ་ཡིན་ནམ་ཟས་རོ་ཡིན་པའང་མི་གསལ་བ་ཞིག་བྲང་ཁར་གཡོས་ཡོད་ཅིང་། མི་གསུམ་གྱི་བར་ན་གཉིད་མ་སད་དམ་ལངས་མ་དྲུད་དུ་འདུག་པ་མཐོང་ན་ངོ་མ་སྙིང་རྗེ་བ་ཞིག་རེད། ཁོ་ཚོས་དོན་གྲུབ་དྲུད་དེ་སྒོའི་མར་འགྲམ་གྱི་ལམ་འགྲམ་དུ་འཕངས་རྗེས་མྱུར་དུ་དུང་དཀར་ཤག་ལ་བདག་བྱེད་དུ་བུད་སོང་། དོན་གྲུབ་ཀྱིས་གོག་ལངས་བྱེད་ཞོར་དང་ཁེར་དགོད་བྱེད་ཞོར་དུ་གློ་ཁུག་ལས་ཆང་འཐུང་འཕྲོ་དམ་བུ་དེ་བླངས་ནས་བསྐྱར་འདུག་ཅིག་བྱས་རྗེས་ཡང་བསྐྱར་འཐུང་མགོ་བརྩམས། སྲང་ལམ་གྱི་མི་དག་ཕར་འགྲོ་ཚུར་འགྲོའི་ཞོར་དུ་ཁོ་ལ་བལྟས་ནས་ཁ་མུར་མུར་གྱིས་ཅི་ཞིག་བཤད་ཀྱིན་པ་མཐོང་ཚེ། དོན་གྲུབ་ཀྱི་སེམས་ལ་སྔོན་ཆད་ཚོང་རྒྱུགས་པའི་དུས་སྐབས་ཀྱི་གཞན་པས་རང་ལ་བཀུར་ལུགས་དང་། ད་ལྟ་ཚོང་བརྡིབས་ནས་དངུལ་ཁང་སྒོ་མྱུག་ལ་འགྲོ་དུས་ཐ་ན་རང་ཉིད་ཁོ་ཚོའི་མགོན་ལྟ་བུར་བརྩི་བའི་གསེར་ལག་སྤྲོ་སྐྱིད་ཚང་གིས་ཀྱང་འདི་ལྟར་སྒོར་འདྲུད་ཚུལ་དང་རང་གིས་དངུལ་ཁང་གི་བསྐྱིས་དངུལ་ཕྱིར་སྤྲོད་ཀྱི་འཕེལ་ཀ་མ་འཕྲོད་པར་དོམ་ནང་ལ་ལྷུང་བ་སོགས་ནི་སངས་རྒྱས་རྒྱ་རག་གིས་རང་ལ་སྟེར་ཆད་ཀྱི་རྣམ་གྲངས་གཞན་ལ་བསྐོར་བས་ལན་པ་ཡིན་ཏེ། རྒྱ་རག་ནི་བྱུར་རྐྱེན་ཀུན་གྱི་རྩ་བ་ཡིན་པར་འདོད་དེ་སྐྱོ་བ་དང་ཁོང་ཁྲོ་ལྷན་དུ་སྐྱེས། དང་མ་རྒྱུ་ཐོག་ན་ཡོད་དུས་རྫོང་དཔོན་དང་སངས་རྒྱས་རྒྱ་རག་སོགས་ཀྱིས་རང་ཉིད་ཁ་ནས་སྤུན་ཟླ་དང་དོན་གྱིས་སྒོར་ཁུག་ལྟ་བུར་འཛེམ་མེད་དུ་བཀོལ་ཚུལ་དང་། ད་དུང་བཀྲ་ཀྲུའུ་རེན་དང་ནཱ་ནཱ་སོགས་ཀྱིས་ཟོང་སྐྱེལ་ཁ་ལོ་བ་བཞིན་དུས་ངེས་མེད་དུ་འདུར་ཚུལ་སོགས་རེ་རེ་བཞིན་མིག་ལ་འཁོར་བ་ན། གློ་བུར་དུ་ཐེངས་ཤིག་སངས་རྒྱས་རྒྱ་རག་བཟི་ནས་ཁོ་ལ་ཁོས་མི་ཞིག་བསད་མྱོང་བ་དང་བསད་པ་གཞན་གྱིས་རིག་ཀྱང་ཁ་བཀག་ནས་བརྗོད་མ་ནུས་པ། ལོ་གསུམ་ལ་སློབ་གྲྭར་སོང་རྗེས་གོ་ས་བྱ་འཕུར་བ་བཞིན་ཚོ་གཙོར་བསྐོས་པ་སོགས་ང་རྒྱལ་གྱི་མ་རྩར་བརྩིས་ཏེ་ལབ་རྒྱབ་པ་ཡང་ཡིད་ལ་འཁོར། དེ་མུར་ཁོས་སྐད་ཅོར་རྒྱབ་སྟེ།“ཡ། ཨ་རོགས་ཆ་བོ། ད་བལྟ་རྒྱུ་ཅང་ཡོད་པ་མ་རེད། ང་ཟེར་ན་དོན་མི་གྲུབ་རྒྱུའི་དོན་གྲུབ་སྤྲང་བོ་ཡིན། ད་མྱི་གསར་ཡོང་ཅིག་མ་རེད་གནའ་མྱི་སྔར་ཡོད་ཅིག་ཡིན། ཨ། ང་སྔོན་ཆད་སྒོར་མོ་མང་ནས་ཁྱོམ་དགེ་གྲོང་རྡལ་ཧེབ་ལངས་ས་དང་། དེང་སང་དོམ་འཁོར་ནས་ཁྱོམ་དགེ་གྲོང་རྡལ་གྱི་སྒྲུང་བཤད་སྤྱད་ཅིག་རེད། ད་ཅི་ཞིག་ཡིན་ན་ཡིན། དཔྱིད་ཉིན་ཞིག་ལ་དྲོ་གྲང་གསུམ། མི་ཚེ་ཞིག་ལ་དར་རྒུད་གསུམ་ཟེར་བ་ནང་བཞིན་ཧ་ལས་རྒྱུ་ཅང་ཡོད་ནི་མ་རེད། དེར་བལྟས་ན། ཚང་མ་ཚུར་ཤོག་དང་། དེ་རིང་ངས་ཁྱོམ་དགེ་གྲོང་རྡལ་ལ་འགད་རྫས་ལྟ་བུའི་གསར་འགྱུར་དཔེ་མེད་ཅིག་བཤད་ཡ། ཨ། འགད་རྫས་ལྟ་བུའི་གསར་འགྱུར་དཔེ་མེད་ཅིག་བཤད།”
དོན་གྲུབ་ཀྱིས་ཡང་བསྐྱར་ཆང་ལ་ཧུབ་ཅིག་བྱས། ཁོའི་བཤད་སྟངས་ལ་བལྟས་ན་བཟི་མེད་པ་འདྲ་ལ། ཚུགས་ཀར་བལྟས་ན་ཧ་ཅང་བཟི་ནས་ལངས་མི་ཐུབ་པ་དང་འདྲ། གྲོང་རྡལ་ཆུང་ཆུང་གི་མི་ཕལ་མོ་ཆེར་ཨ་མཚར་ཆེ་བས་གཞན་གྱིས་ཅི་བྱེད་ལ་བལྟ་རྒྱུར་ཧ་ཅང་དགའ། དེ་བས་མི་འགའ་གཅིག་རྗེས་གཉིས་མཐུད་ཀྱིས་དོན་གྲུབ་ཀྱི་ཉེ་སར་བཅར་ཏེ་ཁོས་ཅི་བཤད་ལ་སྒུགས།
“ཡ། དོན་གྲུབ་ད་གསར་འགྱུར་ཡོད་ན་ཤོད་ཡ།”དེ་སྐད་བཤད་མཁན་ནི་གསེར་གྱི་མཛུབ་དཀྲིས་རྟ་སྒ་མ་ཞིག་རིག་སར་བསྟན་ཏེ་སྦག་སྦག་སྟེང་ལ་སྒ་ཉལ་རྒྱབ་ཡོད་པའི་གསར་བུ་ཞིག་རེད།
དོན་གྲུབ་ཀྱིས་ཁོའི་ཕྱོགས་ལ་བལྟས་ཏེ་ན་རེ།
“འོ། སྒྲོལ་བྷ་དུང་ཆེན་ཁ་རེད་ལ། གསར་
འགྱུར་ནི་སུར་མི་བཤད་ནའང་ཁྱོད་ལ་བཤད་དགོས་ནི་རེད། ཁྱོད་ཀྱི་ཁའི་དུང་ཆེན་སྤུར་ན་རྒྱང་སྒྲོག་ཁང་ལ་ཡང་ངོ་ཚ་གཏོད་པས་ལོས་བཤད། ཉོན་ཨང་། ཁྱོམ་དགེ་གྲོང་རྡལ་གྱི་ཚོ་དཔོན་རྒྱ་རག་ནི་མི་བསད་ཀྱི་ལག་དམར་རེད། ཁྲིམས་ལ་མ་བཙུད་པའི་ལག་དམར། ལག་རྟགས་རྫུན་མ་ཅན་གྱི་འགོ་བ་གཡར་མ་རེད། འདི་ཁྱོད་ཚོས་གོ་མེད་དམ། འགད་རྫས་ལྟ་བུའི་གསར་འགྱུར་ཨེ་རེད། ཧ་ཧ་ཧ།”
“ཨ་རོ། ཁྱོད་གཉིས་དེང་སང་མི་འགྲིག་པས་བཀའ་ལོག་བྱས་པ་མིན་ནམ།”སྒྲོལ་བྷ་དུང་ཆེན་ཁས་དེ་ལྟར་བཤད།
“མིན་ཡ། ངེད་གཉིས་འགྲིག་དུས་ཤ་སོག་པ་གཅིག་པོ་བཟའ་རེས་དང་ཆང་དམ་བུ་གང་བོ་འཐུང་རེས་ཡིན་པས། ཁོའི་གསང་བ་ང་ལ་གསལ་ནི་རེད། བཀའ་ལོག་མིན། བཀའ་ལོག་བྱེད་དགོས་པའི་རྒྱུ་མཚན་མེད།”
“དེ་ན་རྒྱ་རག་དང་བཀྲ་གཟའ་གཉིས་ཀ་ཡིན་ནི་རེད་ཅེས་པ་བདེན་ནི་ཨེ་རེད།” སྒྲོལ་བྷས་ཧ་ཅང་གཟབ་ནན་གྱིས་དེ་ལྟར་དྲིས་པ་ན། དེར་འདུས་མི་བརྒྱ་ཕྲག་ཙམ་པོ་མ་གྲོས་གཅིག་མཐུན་གྱིས་འཇམ་ཅག་གེར་སོང་ནས་དོན་གྲུབ་ཀྱི་ལན་ལ་སྒུག་འདུག
ཁོ་ཚོར་མཚོན་ན་རྒྱ་རག་མི་གསོད་ཡིན་པའི་གསར་འགྱུར་ལས་བཀྲ་གཟའ་དང་འགྲོགས་བཟང་ཡིན་མིན་ནི་ཐོས་འདུན་ཆེ་ལ་ཐོས་རིན་ཡོད་པའི་གསར་འགྱུར་གལ་ཆེན་ཏེ། མྱི་སྐྱོན་མཛུབ་མོ་དང་རང་སྐྱོན་ལག་པ་ཟེར་བ་ནང་བཞིན། རྣ་ཅོར་ཅོར་སྨད་ཀྱི་གཏམ་ལ་དགའ་ཞེས་པ་ཅིས་མ་བདེན།
བདུན།
“ལོ་འདི་དག་ལ་རང་གིས་རྒྱ་སྐད་མི་ཤེས་པ་དང་དེང་མ་སྤྱི་བདེ་མི་སྣའི་ལག་ལ་མ་བཞག་པ་ཚང་མ་རང་ཉིད་ལན་ནི་རེད། འོན་ཀྱང་། རང་གི་བུ་དེས་འགྲོ་ཁར་ཚིག་གཅིག་ཀྱང་མ་བཞག་པར་བུད་སོང་བ་བསམ་ན་སེམས་ནས་མི་བཟོད་ཀི། ཞི་ལུ་མེད་ནས་ལོ་གསུམ་པའི་སྐར་ཐོག་ཡས་མས་ཤིག་ལ། ང་སྔར་བཞིན་གྲོག་ཁ་གསོ་བར་སོང་བ་ན། ཡ་མཚན་པ་ཞིག་ལ་ཞི་ལུའི་རྐྱེན་སའི་རྩིབ་ཀྱི་གྲོག་ཚང་རྡོ་ལེབ་འོག་ན་གྲི་ཆག་གི་ཟུར་ཞིག་མངོན་འདུག དེ་བླངས་པ་ན་རྩེ་མོ་ནག་པོར་གྱུར་ཡོད་པས། གནའ་མྱི་ཚོའི་བཤད་སྲོལ་ཡིན་ན་མི་ཁྲག་འགོས་ན་ལྕགས་ནག་པོར་གྱུར་འགྲོ་ཟེར་བ་ཐོས་མྱོང་བ་དང་། གྲོག་ཚང་ལ་ཟུག་ནས་ལོ་འདི་དག་ལ་མ་རིག་པ་ཨེ་ཡིན་སྙམ་ནས་འཁྱེར་ཡོང་བ་ཡིན། ལོ་འདི་དག་ལ་དོན་དག་དེར་གཞུག་འདང་རེ་བརྒྱབ་ན་མི་ཞིག་འཕྱི་བས་བརླག་སོང་ཟེར་ན་རྣར་འགྲོ་བ་ཞིག་ཀྱང་མ་རེད། སྡེ་མི་ཕལ་མོ་ཆེར་དེ་འདྲའི་ཐེ་ཚོམ་ཆེ་བས། ང་མོ་བ་བཀྲ་ཤིས་ཀྱི་མདུན་ལ་མོ་འདེབས་སུ་སོང་བ་ཡིན། མོ་མྱིག་དུའང་དོན་དག་འདི་ལ་གསལ་ཁ་འབུད་རྒྱུ་ཞིག་ཡོད་ལས་ཆེ་སྙམ་པ་ཞིག་བབས་འདུག་གསུངས་པས། ད་གཟོད་གཏུག་བཤེར་གྱི་ལམ་ལ་བུད་པ་ཡིན། ངོ་མ་བཤད་སྲོལ་ཞིག་ཡོད་ནི་མ་རེད། གཅིག་ཐང་ན་ངེད་ཚང་གིས་བེམ་པོ་མགོ་གཙང་གི་དྲིན་ཅན་དུ་བཀུར་བའི་སངས་རྒྱས་རྒྱ་རག་ཕལ་ཆེར་ངེད་ཚང་གི་ལག་དམར་ཡིན་དགོས་འདུག དྲང་མོར་བཤད་ན་ལོ་ངོ་བཅུ་ཕྲག་འགོར་སོང་བས་ལས་དབང་ལ་བརྩིས་ནས་བསྐྱུར་བཏང་ནའང་ཆོག་མོད། ཞི་ལུས་སྐད་ཆ་ཚིག་གཅིག་ཀྱང་མ་འབྱོར་བར་གཉིད་གུང་ནས་བུད་སོང་བསམ་ན་བསྐྱུར་མི་ཐུབ་པར་གདའ།”
ཨ་ཁུ་མགོན་པོས་དེ་སྐད་གླེང་བ་ན། བདག་གི་ཕྱི་རུ་གཡེངས་པའི་བསམ་བློ་དེ་རང་ཤུགས་ཀྱིས་ནང་དུ་འཁོར་ཞིང་། ཨ་ཁུས་ང་བཙལ་བའི་དོན་དག་ནི་ཆུང་ཆུང་ཞིག་མིན་པའང་གསལ་བོར་རྟོགས།
རྒན་པོས་མུ་མཐུད་དུ་གླེང་གྲབས་བྱེད་དུས་སུ། ངས་ཨ་ཁུའི་ཁ་བརྡ་ཅུང་བཀག་སྟེ་མྱུར་དུ་ངེད་ཀྱི་ཡིག་འབྲི་བ་ཞའོ་དབྱང་ནང་དུ་བོས་ཏེ་ཨ་ཁུའི་བཤད་པ་སྒྲ་ལེན་དང་ཡི་གེར་འདེབས་པར་སྟ་གོན་བྱས་པ་ན། ཨ་ཁུ་ཡང་ཅུང་འཚབ་འཚུབ་ཅིག་ཏུ་གྱུར། གྲ་སྒྲིག་ཚགས་སུ་ཚུད་རྗེས་ངས་ཨ་ཁུ་ལ“ད་ནས་བཟུང་ཁྱོད་ཀྱིས་བཤད་པ་དག་ང་ཚོས་སྒྲ་དང་ཡིག་ཐོག་ལ་དབབ་རྒྱུ་ཡིན་པས། ཁྱོད་ཀྱིས་སྐད་ཆ་ཚིག་རྐང་འགའ་རེ་བཤད་རྗེས་ངས་རྒྱ་སྐད་དུ་བསྒྱུར་ནས་མོ་ལ་བཤད་དགོས། དེ་བས་ཁྱོད་ཀྱི་ཚིག་མཚམས་རེ་མི་གཅོད་ཐུ་མེད་ཡིན། འོན་ཀྱང་བྲེལ་མི་དགོས། ད་ལྷོད་ལྷོད་གྱིས་ལ་དོན་དག་གི་མགོ་མཇུག་གསལ་བོ་ཞིག་ཤོད”ཅེས་བཤད་སྐབས། ཨ་ཁུ་མགོན་པོས་གློ་ཁུག་ནང་དུ་བཙེམས་ཡོད་པའི་གྲིའི་ཆག་འཕྲོ་ཕྱིར་ལོན་སོང་བས་ང་ལ་སྤྲད།
ངས་མྱུར་དུ་འཐེན་སྒམ་ནས་འགྱིག་གི་ལག་ཤུབས་ཤིག་བླངས་ནས་གོན་པ་དང་། གྲི་ཆག་ལག་ཏུ་བཟུང་ནས་མིག་བཤེར་ཞིག་བྱས་རྗེས། འཐེན་སྒམ་ནས་འགྱིག་ཁུག་གཞན་ཞིག་བླངས་ཏེ་གྲི་ཆག་ནང་ལ་བཅུག་ནས་རྫས་བཤེར་ལ་མངགས་པ་ཡིན།
“ངེད་ཀྱི་ཞི་ལུ་སྦྱིན་པར་མཚོན་ན་མི་ལས་ངན་ཞིག་རེད། ཁོ་ཆུང་དུས་ནས་ཨ་མ་མེད་སོང་། ངས་ནག་མོ་རྗེས་མ་བླངས་ཕྱིན་ལོ་གསུམ་བཞི་ཞིག་ལ་སློབ་གྲྭར་མངགས་རྗེས་གཞི་ནས་ཁ་གསོ་རྒྱབ་འགེབ་ལ་སྡུག་ཅིག་མི་ཡོང་ཆེད་གྲྭ་པ་བྱེད་དུ་བཅུག་པ་ཡིན། དོན་དག་འབུད་དུས་ཀྱི་ལོ་དེར་ཁོས་གྲྭ་པ་མ་ཉན་པར་སོ་མ་སྐྱ་སར་བབས་པ་རེད། སྐྱིད་ཅིག་མིག་གིས་མ་རིག་པར་བུད་སོང་།”
ཨ་ཁུ་མགོན་པོ་ཡང་བསྐྱར་མགྲིན་པ་བརྣངས་སོང་།
“དེ་ལོར་ལུག་རྫིའི་སྐབས་ལ་མཚོ་མོ་སྟེ། འོ། དེང་སང་གི་ཇོ་མོ་ཆོས་དབྱིངས་ལ་དག་ཡིག་ཅིག་ཁྲིད་ཀྱི་ཡོད་རབས་བཤད་ནས་འཛུམ་ལྷུག་ལྷུག་གིས་མཚན་མོར་དཔེ་ཆ་འགའ་བསྐྱར་སློག་ཡང་སློག་བྱེད་ཅིང་། དེ་ལ་སུན་པ་མེད་པ་དང་ཕྱི་ཉིན་ལུག་རྫིར་སྐུལ་མེད་ལ་འགྲོ་བ་ནི་ཁོར་མཚོན་ན་བདེ་སྐྱིད་ཉག་ཅིག་ཡིན་པ་འདྲ། ནངས་མོ་དེར་ལུག་ཁྱུ་རི་ལ་ཡན་པས་མིན་ན་སངས་རྒྱས་རྒྱ་རག་ལ་ཐུག་དགོས་དོན་ཡང་མེད་མོད། ད་གང་ལྟར་མཚོ་མོས་ཅང་རིག་མེད་ཚེ་རིག་མཐོང་ཞིག་ཀྱང་མེད་པས། ཁོའི་འདས་རྐྱེན་འཕྱི་བས་རྨུར་ནི་ཡིན་པ་བྱས་ནས་འཇོག་པ་ལས་ཐབས་མེད། ལོ་འགའི་སྔོན་ལ་གྲོང་རྡལ་མངགས་གཏོང་ཁང་གི་བོད་སྐད་ཤེས་མཁན་གཅིག་པུ་སྟེ་རུས་ཀྲང་དུ་འབོད་པའི་གསར་བུ་དེས་འཕྱི་བ་རྩྭ་གཟན་ཡིན་པས་མི་ལ་སོ་འདེབས་སྲིད་ནི་མ་རེད། དོན་དག་དེ་དེ་འདྲ་ཞིག་ཡིན་རྒྱུ་མ་རེད་ཟེར་སྲོལ་ལ་བལྟས་ན། ངེད་ཀའི་མཐོ་རིས་པོ་འཕྱི་བས་བརླག་ནི་ཡིན་རྒྱུ་མ་རེད་བསམ་བྱུང་། ཁོས་སྐབས་ཐོག་དེ་ལ་སྤྱི་བདེར་ཡར་ཞུ་མི་བྱ་དོན་གང་རེད་ཟེར་བཞིན་ཐོ་འགོད་ཙམ་བྱས་ནའང་ཁོ་ལ་དབང་ཅང་མི་འདུག་པས་ལན་མ་བྱུང་། ངས་ལོ་འདི་འགའི་རིང་ལ་སྡེ་བའི་ནང་དུ་ཐོན་པའི་འགོ་བ་ཞིག་ཡིན་ནི་རེད་ཟེར་ཟེར་གཉིས་ཀར་རྒྱུ་མཚན་རེ་བཤད་ཁུལ་བྱས་མོད། ལོ་མང་པོ་འགོར་སོང་བས་རྟོག་དཔྱོད་བྱེད་ཐབས་མི་འདུག་ཟེར་མཁན་མ་གཏོགས་ཁྱོད་ལྟ་བུས་ཡིག་ཐོག་ལ་འབེབ་མཁན་ཞིག་གང་ན་ཡོད། དོ་སྣང་བྱེད་མཁན་ཡང་དཀོན་པོ་རེད། ད་ཐེངས་མི་ཀུན་གྱིས་རྫོང་གི་ཞིབ་དཔྱོད་དཔོན་པོར་འབྲོག་ཕྲུག་ཅིག་བསྐོས་ཡོད་པ་དང་། མྱི་བཟང་ཡ་མཚན་ཞིག་ཡིན་རབས་གླེང་གི་འདུག་པས། ཡར་འདྲི་མར་འདྲི་བཅོ་བརྒྱད་བྱས་ནས་ཁྱོད་སར་ཐོན་པ་ཡིན། གནམ་གྱིས་བསྲུང་རྒྱུ་བོ། ད་ཐེངས་ཁྱོད་ཀྱིས་ཀྱང་རྟོག་དཔྱོད་བྱེད་ཐབས་མི་འདུག་ཟེར་ན་ད་བསྐྱུར་འཇོག་རྒྱུ་མ་གཏོགས་བཀོད་པ་མི་འདུག ཞི་ལུ་ཁོ་བོའི་སྐྱེ་བ་སྔོན་མའི་ལས་རེད།”ཨ་ཁུ་མགོན་པོས་དོན་གྱི་བྱུང་རིམ་དང་དོགས་པ་ཟ་ཡུལ། དོགས་པ་ཟ་ལུགས་སོགས་རེ་རེ་བཞིན་བཤད་ཅིང་། ངས་རྒྱ་སྐད་ལ་བསྒྱུར་ནས་དོན་གྱི་མཇུག་བསྒྲིལ་དུས་ནངས་མོའི་ལས་ཚོགས་གྲོལ་བར་སྐར་མ་འགའ་ལས་ལྷག་མི་འདུག
ཕྱི་དྲོའི་ལས་ཚོགས་སུ་ངས་ཞའོ་དབྱང་ལ་ཉེན་དོན་སྐུལ་འདེད་གཞུང་ཤག་གི་ཁྲིམས་ལས་པ་ཚོ་ངའི་སར་ཚོགས་འདུ་ཆུང་ཆུང་ཞིག་བསྡུ་བར་འབོད་སྐུལ་བཏང་བ་ཡིན།
བརྒྱད།
“ཉིན་གུང་ཕྱིར་ཡུལ་ལ་ཇ་འཐུང་དུ་ཡོང་ངམ།”
“ཉིན་གུང་དོན་དག་ཕྲན་ཚེགས་ཤིག་ཡོད་པས། ཕྱིར་ཡོང་ཐུབ་རྒྱུ་མ་རེད།”
“རྟ་རྫི་དཔོན་ཆུང་ཞིག་ནམ་རྒྱུན་ཁོམ་རྒྱུ་མེད་པར། ད་སུས་ཤེས། ཝ་མོ་སེར་ཤང་མ་ཞིག་གི་གཡོ་འོག་ལ་ཚུད་ནས་མ་ཁོམ་ནི་མིན་ན་བཟང་གི”ཅཱང་ཀྲུའུ་རེན་ལ་ཚིག་ལན་ཞིག་ཀྱང་སྟེར་ཁོམ་མ་བྱིན་པར་ཅཱང་ལྕམ་མོས་ཁ་པར་གྱི་སྒོ་བརྒྱབ་སོང་། ཡིན་ནའང་ཅཱང་ཀྲུའུ་རེན་གྱི་གདོང་ན་དགའ་སྡུག་གི་རྣམ་འགྱུར་ཅི་ཡང་མི་འདུག་པས། ཁོའི་ཆུང་མའི་སྤྱོད་པ་ནི་དབྱར་ཁའི་གནམ་ངོ་ཇི་བཞིན་དགའ་སྡུག་གི་དྭངས་འཐིབ་ཤིན་ཏུ་ཆེ་བ་ཞིག་ཡིན་པ་རྟོགས་ཐུབ།
“པཱ་ལགས། ཁྱེད་བཞུགས། ཁྱེད་བཞུགས།”
འདི་ནི་སངས་རྒྱས་རྒྱ་རག་གི་སྐད་རེད། ཁོ་གཉིས་ཞིང་ཆེན་གྲོང་ཁྱེར་གྱི་ཅུང་མཐའ་ཁའི་ཁཱ་ཁོ་ཁད་ཟེར་བའི་ནུབ་ཟས་ཁང་གི་ཤག་ཆུང་ཞིག་ན་མཆིས། ཁོས་ཅཱང་ཀྲུའུ་རེན་གྱི་ཨོང་བཀྱག་ཕྱིར་འཐེན་ཏེ་སྡོད་དུ་བཅུག་ཅིང་། རང་ཉིད་ཀྱང་དེའི་ཁ་གཏད་ནས་བསྡད། མདུན་ཅོག་སྟེང་ན་ཕེ་ས་དང་སྐམས་ཤ་རྩིབ་མ། དེ་མིན་གཤུར་ཐིག་དང་། ཨ་འཛོམས་ཆུ་བཙོས་སོགས་ནུབ་ཟས་སྟབས་བདེ་ཞིག་བཤམས་འདུག རྒྱ་རག་གིས་སོག་གྲི་དང་ཁ་ཀྲབ། ཁོག་བུ་སོགས་ཞབས་ཞུ་མར་ཆུ་ཚན་གྱིས་བསྐྱར་བཤལ་མངགས་པར་བསྐུལ་རྗེས།
“པཱ་ལགས། སྔོན་ལ་ཇ་ཞིག་ཐུངས་དང་”ཟེར་བ་ན། ཅཱང་ཀྲུའུ་རེན་གྱིས་སྐྱུ་རུ་འཕངས་ཡོད་པའི་ཆུ་ལ་ཧུབ་ཅིག་བརྒྱབ་སྟེ། རྒྱ་རག་ལ་ཕུར་ཚུགས་ཀྱིས་ལྟ་བཞིན། “རྫོང་སྒྲིག་ཨུས་ཁྱོད་ལ་བཤེར་དགོས་དོན་གང་བྱུང་སོང་། ཡང་སྐ་རགས་མན་ལ་བདག་མ་ཐུབ་པ་མིན་ནམ།”
རྒྱ་རག་རྟབ་རྟབ་པོར་གྱུར་ནས།“མིན་མིན། ཨ་ཕ། དེའི་ཕྱོགས་ནས་འདང་རྒྱག་ཅི་ཡང་མེད། ད་ཐེངས་གློ་བུར་དུ་ཐོགས་ཚུལ་ལ་བལྟས་ན། དོན་གྲུབ་སྤྲང་རྒན་ལ་རག་ལས་པ་འདྲ། དགུན་འཆམ་རྗེས་སུ་མི་འགས་ཁོ་ལ་གཅར་རྡུང་བྱས་པ་དེ་ཁོས་ཕལ་ཆེར་ངས་མངགས་ནི་ཡིན་པ་ཚོར་སོང་བ་ཨེ་ཡིན་སྙམ་བྱུང་། དེ་མིན་ན་ད་ཐེངས་ངས་ཉེས་པ་ཅི་ཡང་བྱས་མེད། ཁྱོའི་ཤ”
“ལོ་འདི་དག་ལ་ངས་ཁྱོད་ཀྱི་ཆེད་ལ་སྒྲིག་འགལ་གྱི་བྱ་བ་སྐོར་ཞིག་བསྒྲུབས་ཡོད། ད་སེམས་ཆུང་བྱོས་མ་གཏོགས། དོན་དག་འདྲ་བུད་ན་ང་ལ་ཡང་ཐག་ཞོར་འབྲེང་འདྲུད་ཡོང་ངེས་རེད། ཕྱིར་སོང་ལ་ཆང་ལ་ཡང་ཚོད་ཟུངས། དགོས་པ་མེད་དུས་མ་འཐུང་། ཅུང་གཟབ་གཟབ་བྱོས། ད་རེས་སྒྲིག་ཨུའི་དོན་དག་འདི་ངས་རྒྱུས་ལོན་ཞིག་བྱས་ཏེ་ཐབས་བཀོད་འཐེན་འོངས། ད་ཟ་མ་ཟོས།”
“ཡ་ཡ། ཨ་ཕ།”
ཟ་མ་ཟོས་ཚར་དུས་ཕྱི་དྲོའི་ལས་ཚོགས་ལ་འགྲོ་རན་འདུག་པས་རྒྱ་རག་གིས་ཅཱང་ཀྲུང་རེན་ཕྱིར་རིག་གནས་ཐེན་གྱི་སྒོ་ཁར་བསྐྱལ་ཅིང་། སར་འབབ་ཁར་ཅཱང་ཀྲུའུ་རེན་གྱི་ལག་ལ་སྒོར་བྱང་ནག་པོ་ཞིག་བཞག་སྟེ།“ གསང་གྲངས་སྔོན་མ་དང་གཅིག་མཚུངས་ཡིན”ཞེས་བཤད་རྗེས་ཕན་ཚུན་ཁ་གྱེས། རྒྱ་རག་རླངས་འཁོར་ལ་བུད་རྗེས། མྱུར་དུ་ཁ་པར་བླངས་ནས། “ང་འགྲོ་གི་ཡོད། ཁྱོད་ཀྱང་མྱུར་དུ་ཤོག”ཅེས་བཤད་རྗེས་ལུས་འཁྲུད་སའི་ཁྲོམ་སྲང་ཞིག་གཟས་ནས་བཞུད་སོང་།
དགུ།
ངས་ཉེས་དོན་ཚོ་ཚུང་གི་མི་རྣམས་བསྡུས་ཏེ། ཨ་ཁུ་མགོན་པོའི་གཏུག་བཤེར་ལ་དཔྱད་ཞིབ་ཆུང་ཆུང་ཞིག་གི་མགོ་བརྩམས། ཞའོ་དབྱང་གིས་ཡི་གེར་བཏབ་པའི་དོན་དེ་སྒྲོག་འདོན་ཞིག་བྱས་ཚར་བ་ན།
“མི་གཅིག་པོའི་ཡར་ཞུ་ཙམ་གྱིས་དོན་འདི་ཉེས་དོན་གྱོད་གཞི་ཞིག་གྲུབ་མིན་ལ་རྩིས་ལེན་དཀའ་བ་དང་། ལོ་མང་པོ་འགོར་བས་བདེན་དཔང་དང་བཀོལ་རིན་ཡོད་པའི་རྗེས་རིས་ཅི་ཡང་རྙེད་ཐུབ་རྒྱུ་མ་རེད། དེ་བས་འདི་ནི་བཟུང་ན་ལག་པ་སྲེག་ལ་བཏང་ན་རྫ་མ་ཆག་པའི་ལས་ཀ་ཐུ་མོའི་རིགས་སུ་གཏོགས། འོན་ཀྱང་དོན་འདི་ངོ་མ་ས་ཕྱར་ནས་རྡོ་ལྷང་ལ་འབུད་དུ་འཇུག་ཐུབ་ཚེ་ང་ཚོར་མཚོན་ནའང་། སྒྲུབ་རིན་ཡོད་པའི་དོན་ཆེན་ཞིག་དང་དམངས་ཀྱི་ལས་དོན་སླ་བཅོས་མ་བྱས་པའི་གཟི་བརྗིད་སྒྲོག་བྱེད་ཅིག་ཀྱང་རེད་འདུག དེས་ན། ཅུས་ཀྲང་རིན་ལགས་ཀྱི་ལྟ་སྟངས་ག་འདྲ་ཡིན་ནམ།”ཚོ་དཔོན་ཏཱང་གིས་དེ་ལྟར་བཤད་ཚར་རྗེས་ཚང་མས་ངས་ཅི་བཤད་ལ་སྒུག་འདུག ངས་ཀྱང་གློ་བསང་ཞིག་བྱས་རྗེས།“མང་ཚོགས་ཀྱི་དོན་དག་ལ་ཆེ་ཆུང་ཡོད་པ་མ་ཡིན་མོད། དོན་དག་ལ་ལྕི་ཡང་དལ་བྲེལ་ཡོད་པ་རེད། དོན་དག་འདིར་མཚོན་ན་བྲེལ་བ་དང་ལྕི་བའི་ཁོངས་སུ་གཏོགས། སྤྱིར་སྤྱི་དམངས་ཡོངས་ལ་ཁྲིམས་ལུགས་འདུ་ཤེས་ཞན་པ་དང་སྒོས་བོད་རིགས་མང་ཚོགས་ལ་དེ་བས་ཞན། དོན་དག་ཆེ་མ་ཆུང་གསུམ་ལ་དབྱེ་ཞིབ་མེད་པ་དང་། གཞན་ལ་ཡིད་ཆེས་སླ་བ། མགོ་བསྐོར་ཀྱང་ངོ་ཚ་བསམ་ནས་ཁ་རོག་ལ་བསྒོངས་ཏེ་འདུག་པ་ཧ་ཅང་མང་། དེས་ན། ད་ལན་ཨ་ཁུ་མགོན་པོ་ཚང་གི་དོན་དག་འདི་གསལ་ཁ་འབྱེད་བཏུབ་རྒྱུ་ན་བོད་རིགས་མང་ཚོགས་ཚོ་འུ་ཅག་ལ་ཡིད་ཆེས་སྔར་ལས་ཟབ་པར་བྱེད་པའི་སྒོ་འཕར་ཕྱེས་པ་ལྟ་བུ་ཞིག་རེད། དེ་ལས་ཀྱང་འཕྱི་བ་རྩྭ་ཟན་ཞིག་གིས་མི་བུ་རྩམ་ཟན་ཞིག་མི་འཆའ་བར་བདེན་དཔང་ཞིག་སྤྲད་ན་ངེད་ཚོའི་ཕྲག་སྟེང་གི་རྒྱལ་རྟགས་ལ་གཟི་བྱིན་སྤྲད་པ་ཡིན་ལ། དམངས་ལ་ཞབས་འདེགས་ཞུ་བ་ཁ་གཡང་ཙམ་དུ་མ་བཏང་བ་ཡིན་པས། ངས་བསམས་ན་དཀའ་ངལ་ཅི་འདྲ་ཆེ་རུང་གྲོག་ཚང་ཁ་ཡི་རྡོ་ལེབ་འགོག་དགོས་སོང་བ་རེད་སྙམ། ཚང་མས་བལྟས་ན་ཅི་འདྲ་རེད།”
ཉེས་དོན་བརྟག་ཞིབ་པ་ཀྲའོ་ཡིས་གཡས་ལྟ་གཡོན་ལྟ་ཞིག་བྱས་རྗེས།
“ལོ་མང་པོ་འགོར་བའི་དོན་དག་ཅིག་བསྐྱར་སློག་བྱས་ན་ཐུག་ཉན་མི་ཉན་ས་དང་། རེག་ཆོག་མི་ཆོག་གཉིས་ཀ་ཡོད་སྲིད་རྒྱུ་རེད། དེས་ན། ཀའོ་ཡོན་ཀྲང་ལ་སྙན་སེང་ཞིག་དབུལ་དགོས་རྒྱུ་ཨེ་རེད། རྟོག་དཔྱོད་མ་བྱས་གོང་ལ་རྫོང་སྒྲིག་ཨུར་ཡང་བརྡ་ཞིག་རྒྱག་དགོས་རྒྱུ་རེད་དམ། གལ་ཏེ་སངས་རྒྱས་རྒྱ་རག་ལ་འདྲི་གཅོད་བྱ་དགོས་ཚེ། ཁོ་བཟང་ན་ངན་ན་ཁའོ་རིམ་པའི་ཏང་གི་ལས་བྱེད་པ་ཞིག་ཡིན་པས། འདི་དག་ལའང་བསམ་བློ་གཏོང་དགོས་རྒྱུ་རེད་སྙམ”ཟེར།
ཚོ་དཔོན་གཞོན་པ་ཨན་གྱིས་ཀྱང་།“དེ་བདེན་གི ལོ་མང་འགོར་བའི་དོན་དག་འདིའི་རིགས་ལ་བསམ་ཡུལ་ལས་འདས་པའི་ཕྱོགས་བཀྱེ་རང་བཞིན་ཆེ་བས། ང་ཚོས་དོན་དག་འདི་རྩིས་ལེན་བྱ་ན། སྔོན་ལ་དགོས་ངེས་ཀྱི་སྟ་གོན་མང་པོ་བྱ་དགོས་རྒྱུ་རེད། དཀའ་མོའི་ལས་སྒྲུབ་ན། དཀོན་མོའི་རྒྱུ་ཐོབ་ཟེར་བ་བཞིན་དོན་དག་ལ་གསལ་ཁ་ཐོན་ཏེ་གྱོད་གཞི་ངོ་མ་ལྷང་ལ་ཕུད་ཐུབ་སོང་ཚེ། རང་ཅག་ལ་མཚོན་ནའང་ཐོད་བརྒལ་ཅན་གྱི་ལས་དོན་ཞིག་ཏུའང་བརྩི་ཆོག གང་ལྟར་རལ་གྲི་སོ་གཉིས་ལྟ་བུ་རེད། ལག་མ་ཐུག་གོང་ལ་འཆར་གཞི་ཡག་པོ་འཐེན། བསམ་བློ་ཞིབ་ཏུ་བཏང་ན་འགྲིག་རྒྱུ་རེད།”
འདི་ལྟར་ཁོས་ཚིག་གཅིག་དང་ངས་ཚིག་གཅིག་གིས་དཔྱད་བསྡུར་ཡུན་རིང་བྱས་མཐར། ཚོགས་ཞུགས་པ་ཡོངས་ཚོ་ཆུང་གཉིས་ལ་བགོས་ཏེ། ཚོ་ཆུང་གཅིག་གིས་གྲི་ཆག་བཤེར་རིས་དང་། རྐྱེན་སར་བསྐྱར་འགྲོ་བྱས་ཏེ་དངོས་པོའི་ཕྱོགས་ནས་བདེན་དཔང་ཨེ་ཆུད་ལ་འབད་རྒྱུ་དང་། ཚོ་ཆུང་གཞན་གཅིག་གིས་མཚོ་མོ་གཙོས་སྡེ་མི་གཞན་དག་ལ་འབྲེལ་བ་བྱས་ནས། རིག་མཐོང་གི་མི་དང་དེར་དཔང་མི་བྱེད་པའི་ཆ་རྐྱེན་ཨེ་འཛོམས་ལ་གསལ་ཁ་འབྱེད་རྒྱུ། སྡེ་མི་ཚོའི་ཁ་ཚིག་ལས་དོན་གྱི་གནད་རྟོགས་པའི་བྱེད་ནུས་གཞན་ཅི་ཞིག་རྙེད་པའི་ཕྱོགས་ལ་བརྩོན་པ་བརྒྱབ་ནས། སྣེ་ཞིག་རྙེད་ནུས་ན་ད་གཟོད་སྤྱི་བདེ་ལས་ཁུངས་ལ་བསྐོར་ཏེ་མི་འཛིན་བཟུང་ལ་སྐུལ་རྒྱུ། དེར་མཐུད་དེ་གཏུག་བཤེར་རིམ་པར་སླེབས་ནུས་ཚེ་ཡང་བསྐྱར་གཟབ་ནན་སྒོས་གྱོད་དོན་འདི་ཟ་ཟུར་གང་ནས་ཀྱང་ཕྱིར་སློག་རྒྱག་མི་ཐུབ་པའི་རིལ་རིལ་ལྒང་བུ་ལྟ་བུ་བྱ་རྒྱུ་བྱས།
བཅུ།
མཚོ་མོས་རྫོགས་པར་དཀའ་བའི་དབྱར་གནང་རྫོགས་ཏེ། རྫོང་མཐོ་འབྲིང་ལ་སློབ་གྲྭར་འགྲོ་བའི་ཉིན་མོ་སླེབས་བྱུང་། འདི་ནི་མོ་ལ་མཚོན་ན་བཅིངས་གྲོལ་ཞིག་སྟེ། མ་མཐའ་ཡང་བརྗེད་མེད་ཀྱི་དངངས་སྐྲག་དེ་སློབ་སྦྱོང་གི་བྲེལ་བས་མནན་ནས། བརྗེད་པ་མིན་ཀྱང་དྲན་པ་ཉུང་བར་བཏང་བའང་ཁོ་མོར་མཚོན་ན་དོན་བཟང་བླ་ན་མེད་པ་ཞིག་ཡིན། ཉལ་ཁང་རེ་ན་སློབ་གྲོགས་དྲུག་རེ་ཡོད་ཅིང་། སློབ་གྲོགས་ཚང་མ་ཕྱོགས་ཡོང་འབའ་ཞིག་ཡིན་པས། ད་སྐབས་མོར་མཚོན་ན་ངོ་ཤེས་མེད་པའང་དགའ་འོས་པའི་དོན་དག་ཅིག་ཏུ་གྱུར་འདུག མཚོ་མོ་མ་གཞི་ནས་སློབ་སྦྱོང་ལ་སྐུལ་མི་དགོས་པའི་རིགས་ཏེ། ཆུང་དུས་ནས་མགོ་སྒུར་ཏེ་ཤ་འབད་རུས་འབད་བྱ་རྒྱུ་གོམས་ཡོད་པས། རྒྱུགས་འབྲས་མི་དམན་པ་ཏག་ཏག་གིས་བདེ་བླག་ངང་སློབ་ཆེན་ལ་རྒྱུགས་འཕྲོད་པ་དང་། སློབ་ཆེན་སློབ་རིམ་གཉིས་པ་ནས་ད་གཟོད་སྦྱིན་པའི་དོན་དག་དེ་ལོ་ཟླའི་སྐྱི་བསེར་གྱིས་བལྡགས་ནས་ཅུང་ཙམ་རྙིང་བར་གྱུར་ཅིང་། གདོང་ལའང་འཛུམ་གྱི་མེ་ཏོག་སླར་བཞད་བྱུང་།
སློབ་ཆེན་འགྲིམ་པ་ནས་སློབ་སྦྱོང་གི་འགན་ཅུང་ཙམ་ཡང་བར་གྱུར་རྐྱེན། སློབ་གྲོགས་ཡོངས་སློབ་ཕྱིའི་བྱེད་སྒོ་ཆེ་ཆུང་ཚང་མར་དུང་བ་ཧ་ཅང་ཆེ་བ་ཞིག་ཏུ་གྱུར་འདུག
ཉིན་ཞིག་གི་དགོང་དྲོར་སྐད་འཕྲིན་ལ་མི་ཆ་མེད་ཅིག་གིས་སྒོ་རྡུང་བྱུང་། མི་ཆ་མེད་ཅིག་གིས་སྒོ་རྡུང་བའང་ཐོག་མ་མིན་པས། མོས་དོ་སྣང་ཆེར་མ་བྱས། ཉིན་དེ་ནས་མི་ཆ་མེད་དེས་མཚམས་མེད་དུ་སྒོ་བརྡུངས་པས། སུན་པར་གྱུར་ནས་ནང་འཇུག་བྱས། ནང་འཇུག་བྱས་རྗེས་དེའང་གྲག་མེད་དུ་གྱུར་པས་མོའི་སེམས་སུ་འདི་གྲག་མེད་དུ་འདུག་པ་ཤེས་ན་དང་མ་ནས་དང་ལེན་མ་བྱས་ན་ཅི་མ་རུང་སྙམ། མི་སེམས་ནི་རྒྱ་ཡན་པས་དེའི་བར་སྟོང་ལ་ཉུལ་ནས་དེ་སུ་ཡིན་དང་དེས་ཅི་བྱེད་དག་ཐེ་ཚོམ་གྱི་རྒྱུ་གང་མང་ཞིག་བསགས་ནས་རང་ལ་མནར་གཅོད་མང་པོ་བཏང་བས་འགྱོད་པ་སྐྱེས།
ཉིན་འགའི་རྗེས་ནས་གློ་བུར་དུ་མི་དེས་སྐད་འཕྲིན་ནས་ཉིན་ཐོ་ལྟ་བུའི་འཕྲིན་མང་པོ་བསྟུད་མར་བསྐུར་བྱུང་། དེ་ནི་མོ་རང་སློབ་གསར་ཡིན་དུས་ནས་བཟུང་ཁོ་བོས་མོའི་འགྲོ་འདུག་ཉལ་འཆག་གང་ཅིའི་རིགས་རིག་མཐོང་ཚང་མ་ཡི་གེར་བཀོད་པ་ཞིག་སྟེ། མོ་མཐོང་མ་ཐག་ནས་སེམས་ཆགས་ཤིང་ཆགས་ནས་ཀྱང་ཁོ་བོ་མི་གཉོམ་ཆུང་གི་རིགས་སུ་གཏོགས་པའི་རྐྱེན་གྱིས། ད་བར་དུ་ཅི་ཡང་སྨྲ་མ་སྤོབས་པར་གྱུར་པ་སོགས་བྱུང་རིམ་དང་ལྡན་ལ། ཚིག་དག་ལ་འུད་ཀྱི་མགོ་རྒྱན་མེད་པར་ལྷོད་ཀྱིག་གེར་མི་བུ་བབ་ཆགས་ཤིག་གི་ཚོར་བ་དབང་མེད་དུ་བྱིན། དེ་མུར་མོའི་སེམས་ལའང་རང་ཉིད་སྦྱིན་པ་མཐོ་རིས་པོར་ཞེ་འཁོར་སྐབས་སུ་ཅི་ཡང་བཤད་མ་སྤོབས་པའི་སྡུག་བསྔལ་སོགས་ཡང་བསྐྱར་ཤར་བས་ཁོ་ལ་སྙིང་རྗེ་བ་ཞིག་བྱུང་། དེར་བརྟེན་ཁོ་ལ་ཁྱད་གསོད་མ་བྱས་ལ་དང་ལེན་ཀྱང་མ་བྱས་པར་སློབ་སྐབས་ཤིག་རྫོགས།
ཉིན་ཞིག་ཁོ་གློ་བུར་དུ་མོའི་གམ་ལ་འོངས་ནས། ངུ་སྔངས་དང་བཅས“མཚོ་མོ། ཁྱོད་ཀྱིས་དོན་ངོ་མར་ང་རང་དང་ལེན་བྱ་རྩིས་ཨེ་ཡོད”ཟེར།
མཚོ་མོས“ད་རུང་བཤད་མི་ཤེས་ཀི རྗེས་ནས་བལྟ”ཞེས་ལན་བཏབ། ངོ་མ་ཡིན་ཏེ་ཁོ་མོ་ད་དུང་སོམ་ཉིའི་དྲ་བར་ལུས་ཡོད། རྒྱ་རག་གི་འཇིགས་སྐུལ་ལམ་ལ་བུད་སོང་བས་ཡིན་ནམ། ཁོས་ཁོམ་སྐབས་ཡོད་ཚད་བཙལ་ནས་མོ་ཁྱིམ་ཐབ་ཏུ་བསུ་འདོད་ཀྱི་འདུན་པ་འཇམ་རྩུབ་གཉིས་ཆ་ནས་བཤད་ཀྱི་ཡོད་ལ། མདུན་གྱི་ཆ་ཡོད་ལ་རྒྱུས་མེད་པའི་མི་བུ་བབ་ཆགས་ཤིག་གི་ངང་ཚུལ་ཅན་འདིས་ཀྱང་མངོན་ལྐོག་གཉིས་ཆ་ནས་བརྩེ་བའི་ལག་བརྡ་གཏོང་གིན་ཡོད་སྟབས་ཅི་བྱ་གསལ་པོ་ཞིག་མོ་ལ་ཡང་མེད།
“ང་ད་ལོ་ཡང་ཁྱོད་ཚོའི་ཡུལ་ལ་སོང་བ་ཡིན། ཁྱོད་ཚོའི་མགོ་དོག་སྡེ་བའི་གསར་བུ་ཞིག་དང་གྲོགས་བསྒྲིགས་ནས་ཡར་མར་ཀུན་ལ་མྱུལ་བ་ན། ཁོ་བོས་བདག་ལ་ཁྱོད་དང་འབྲེལ་བའི་དོན་རྐྱེན་ཞིག་ཀྱང་བཤད་སོང་། ངས་དོན་དེ་ངའི་ཨ་ཕར་གླེང་བ་ན། ཨ་ཕས་དོན་དེ་དེ་འདྲའི་སླ་མོ་ཞིག་ཡིན་སྲིད་ནི་མ་རེད་ཟེར་གྱིན་འདུག”
“བདག་དང་འབྲེལ་བའི་དོན་རྐྱེན་ནམ། ཅི་ཞིག”
“དེ་ཁྱོད་ཀྱི་སེམས་ན་གསལ་ལྷང་ངེ་ཡིན་ནི་རེད”
མོས་དང་ལེན་མ་བྱས་ཚེ་ཁོས་ངོ་ལོག་རྒྱག་རྒྱུ་ལས་ཐབས་མེད་ཟེར་བ་དང་། མོ་སློབ་གྲྭ་ནས་ཕྱིར་ཕ་ཡུལ་ལ་ལོག་རྗེས་ཁོའང་མོའི་ཕ་ཡུལ་ལ་རྗེས་ཉུལ་དུ་སོང་རབས་དང་། དེ་མིན་ཁོ་ཚོའི་ལུང་བར་འཕྱི་བས་མི་བསད་རབས་ཤིག་གོ་ནས་དགོད་རྒྱུ་ལངས་པ་དང་། དོན་དེའི་མིག་མཐོང་བ་མོ་གཅིག་པུ་ལས་མེད་པ་གོ་ཚུལ། དོན་དེ་ཁོའི་ཕ་རྒན་ལ་གླེང་ཚེ་ཁོའི་ཕ་རྒན་ནི་སྔོན་མ་སྤྱི་བདེ་ལས་བྱེད་ཡིན་པས་དོན་དག་དེར་དོགས་པ་ཟ་བས་མི་ཚད་མཚོ་མོའི་སེམས་ན་གསང་བ་ཡོད་པ་ཤ་སྟག་ཡིན་ལ། གསང་བ་འགེབ་མཁན་ཞིག་ཡིན་ཚེ་དེ་ཡང་ཁྲིམས་འགལ་ཡིན་ཚུལ་བཤད་ཀྱིན་འདུག གལ་ཏེ་མོས་ཁོ་རང་དང་ལེན་མ་བྱས་ཚེ་ཁོས་དོན་དག་འདི་ཐེར་འདོན་བྱ་གྲབས་ཡོད་ཚུལ་སོགས་གཅིག་གཅིག་གཉིས་གཉིས་སུ་བཤད་པ་ན་མཚོ་མོ་ཧང་སངས་པར་གྱུར། མ་གཞི་མི་ཡུལ་ནི་ཧ་ཅང་ཆུང་སྟེ་ཆུང་ནས་ལམ་གཟུར་ས་ཞིག་ཀྱང་མེད་པ་དང་། ལན་རེར་མོས་པ་ནི་སྡུག་བསྔལ་ཏེ་སྡུག་བསྔལ་ནི་སྡང་བ་བསྐྱེད་པའི་རྒྱུ་ཡིན་པ་འདི་རེད་སྙམ་སྟེ་མིག་མདུན་གྱི་མི་དེར་ཞེན་པ་ལོག་ཅིང་། སྦྱིན་པ་མཐོ་རིས་པོའི་བབ་ཆགས་ཀྱི་གཤིས་ལ་ཡང་བསྐྱར་སེམས་པ་འཁོར།
དེ་ནས་མོས་བློ་ཐག་རྦད་ཆོད་ཀྱིས་ཁོ་བོ་དང་འབྲེལ་ལམ་བཅད་དེ་བློ་གཅིག་སེམས་གཅིག་གིས་སློབ་སྦྱོང་གཙོར་བཟུང་སྟེ། སློབ་ཕྱིའི་བྱེད་སྒོ་དག་ལའང་མ་ཞུགས་པར་སློབ་སྦྱོང་རྐྱང་རྐྱང་ལ་འབད་ནས་བསྡད། སློབ་མཐར་ཕྱིན་པའི་སྐབས་མོ་རང་མཐར་ཕྱིན་སློབ་མ་ཡོངས་ཀྱི་འཐུས་ཚབ་བྱས་ཏེ་མཐར་ཕྱིན་ཚོགས་གཏམ་གཏོང་མིར་བདམས་པས་ན་སློབ་མ་གསར་པ་དག་གི་མིག་དཔེར་གྱུར། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་མོའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་ཀུན་ནས་སྔོན་ཐོན་ཡིན་སྟབས། ཁོ་མོས་ལས་ཞུགས་ཀྱི་རྒྱུགས་བདེ་བླག་ངང་འཕྲོད་དེ་རྫོང་སློབ་ཆུང་གཉིས་པའི་དགེ་རྒན་གྱི་ལས་གནས་སུ་ཞུགས་སོ།།
བཅུ་གཅིག
ང་ཚོས་ལས་བགོས་ལས་ཀ་དག་ལག་ལེན་དུ་བསྟར་ནས་ཟླ་ཕྱེད་རིང་གྱོད་སར་བསྐྱར་ཞིབ་དང་དཔང་མི་འཚོལ་ཞིབ། དཔྱད་ཞིབ་ཚོགས་འདུ་ཐེངས་འགའ་བསྡུས་རྗེས། གཞི་ནས་དོགས་ཡོད་པ་སངས་རྒྱས་རྒྱ་རག་ལ་འདྲི་གཅོད་བྱ་རྒྱུ་ཐག་བཅད། རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་སྒྲིག་ཨུ་བཅས་ལ་སྙན་ཞུ་ཕུལ་རྗེས། ང་ཚོ་ཡུལ་ཚོར་གཟས་ནས་སོང་། ཡུལ་ཚོའི་སྲིད་གཞུང་གི་ར་ནང་ལ་ཐོན་དུས། སྒོ་སྲུང་གིས་ང་ཚོར་གར་ཡོང་ཅི་བྱ་སོགས་གསལ་ཁ་དོད་པ་ཞིག་རྩད་ཞིབ་བྱས་ཤིང་། འདི་དག་དཔོན་པོ་ཡིན་ནམ་མང་ཚོགས་ཡིན་པའི་ཐེ་ཚོམ་ཞིག་གདོང་ན་ལུས་པ་མཐོང་ཚེ། རྒྱུན་ལྡན་སྲིད་གཞུང་གི་ར་བར་མི་སེར་རྐྱང་བ་དག་ཇི་ལྟར་ཡོང་གི་ཡོད་དམ་སྙམ་པའི་དོགས་པ་ཞིག་ཀྱང་སེམས་ལ་འཁོར་བྱུང་། ང་ཚོས་ནམ་ཞར་ཡང་གཞུང་ཞབས་པ་ནི་མང་ཚོགས་ཀྱི་ཞབས་ཞུ་བ་ཡིན་ཞེས་སྒྲོག་ཅིང་དེ་ལྟར་རློམ་ནའང་། མང་ཚོགས་ལ་བཤད་རྒྱུ་མང་བ་དང་ལས་བྱེད་པའི་ངང་རྒྱུད་ཐུང་བ་གཉིས་ཀྱི་ངོས་གང་ཐད་ནས་གཞིགས་ཀྱང་ཞབས་ཞུ་ཟེར་རྒྱུ་དེ་འདྲའི་ལས་སླ་མོ་ཞིག་མིན་པ་ག་ལེར་རྟོགས་ཡོང་། དེ་ནས་ང་ཚོ་ཡར་སོང་བ་ན། གཞུང་ཞབས་རྐང་མགྱོགས་པ་ཞིག་མྱུར་མོར་སླེབས་ནས་ངེད་ཅག་གི་འོངས་དོན་འདྲི་ཙམ་བྱས་རྗེས་ང་ཚོ་མི་རེ་རེར་ལག་འཇུ་ཞིག་བྱས་ཏེ། མྱུར་བ་མྱུར་དུ་ཧྲུའུ་ཅིའི་ཤག་ལ་ཁྲིད་ཅིང་ཧྲུའུ་ཅིར་ཁ་པར་བཏང་། ཅང་མ་འགོར་བར་ཧྲུའུ་ཅི་གང་ཞིག་ནས་སླེབས་བྱུང་། ང་ཚོས་ཧྲུའུ་ཅིར་གཞོགས་འདེགས་བཤེར་ཐོ་དང་རྫོང་ཨུའི་ཡིག་ཐེབས་སོགས་རེ་རེ་བཞིན་བསྟན་པ་ན། ཧྲུའུ་ཅི་དགའ་ཀྲོག་ཀྲོག་གིས“ངས་ཀྱང་རྒྱ་རག་འདིས་དོན་བཟང་ཞིག་སྒྲུབ་མེད་འདོད་ཡོད་མོད། འོན་ཀྱང་རུལ་སུངས་ཀྱི་རྐྱེན་རེ་དྲན་པ་ལས་འདི་ཕྱོགས་ལ་འདང་བརྒྱབ་མེད། ད་གང་ལྟར་གཅིག་རེད། མི་འདིའི་རིགས་ཅན་པོར་སྔ་ཕྱི་ཙམ་རེད་མ་གཏོགས་དོན་དག་རེ་མི་འབྱུང་བ་ག་ལ་སྲིད། མི་སྲིད་དོ”ཞེས་སངས་རྒྱས་རྒྱ་རག་གི་བྱེད་སྟངས་སྤྱོད་སྟངས་རྫོགས་མེད་ཅིག་གླེང་བྱུང་བར་བལྟས་ན། ཁོ་བོ་མཆོད་བཤམས་སུ་བཞག་ཡོད་པའང་རང་ཤུགས་ཀྱིས་ཤེས་འོངས། ཡིན་ན་ཡང་ངེད་ཅག་མྱུར་བར་རྒྱ་རག་ཁྲིད་ནས་འགྲོ་བར་འཚབ་ནས་ཁོའི་རྫོགས་རྒྱུ་མེད་པའི་འཁང་གཏམ་ལ་སུན་པོ་བྱུང་།
ཁོས་ཀྱང་ངེད་ཚོའི་གདོང་གི་སུན་སྣང་ཚོར་བ་ཡིན་ནམ་གང་ལྟར་བཤད་མཚམས་དེ་ནས་བཞག་ཅིང་སངས་རྒྱས་རྒྱ་རག་གི་ཉལ་ཁང་ཕྱོགས་ལ་འགྲོ་གྲབས་བྱས། ངས“གཞུང་ཤག་ན་མེད་དམ”ཞེས་དྲིས་པ་ན། “ཕྱི་དྲོ་མ་གཏོགས་ནངས་མོ་ཕལ་ཆེར་གཞུང་ཤག་ན་ཡོད་དུས་མེད”ཟེར།
ངེད་ཅག་སྲིད་གཞུང་གི་ར་ལྟག་ན་ཡོད་པའི་སུམ་ཐོག་དེར་ཕྱིན་པ་ན་སུམ་ཐོག་གི་ཁྱམས་ར་ཀུན་ཆང་དྲིས་ཁྱབ་འདུག དེ་ནས་ཧྲུའུ་ཅིས་སུམ་ཐོག་གི་ཆེས་ཕུག་གི་སྒོ་སྐས་མགོ་སར་འཁོར་ཡོད་པ་དེ་ང་ཚོར་མཆུ་སྟོན་ཞིག་བྱས་རྗེས་ཁོ་རང་འོག་ཞོལ་ལ་མར་བབས་སོང་། ང་ཚོས་སྒོ་ཐེངས་འགར་རྡུང་ཡང་ནང་ནས་ཨ་ལན་དང་གྲག་འགུལ་ཅི་ཡང་མ་བྱིན་པས་ཧྲུའུ་ཅིས་སྒོ་སྲུང་བོས་ཏེ་ལྡེ་མིག་ཨེ་ཡོད་མི་འདྲི་ཀ་མེད་བྱུང་། སྒོ་སྲུང་གིས་ཅི་ཞིག་རྟོགས་པ་ལྟར་ད་ནངས་ལས་ལྡབ་གྲངས་ཀྱིས་རྣམ་འགྱུར་ལེགས་པར་གྱུར་འདུག་ལ། གདོང་མཆོང་དཔའ་བོ་ཞིག་དང་འདྲ་བར་བྱང་ཆ་ལྡན་པའི་སྒོ་ནས་ལྡེའུ་མིག་སྤར་གང་ལས་མིག་བཤེར་གཅིག་གིས་རྒྱ་རག་གི་མལ་ཁང་ལྡེ་མིག་བླངས་ནས་སྒོ་ཕྱེས་སོང་། ང་ཚོ་ནང་དུ་འཛུལ་ནས་ཁང་པའི་ནང་ཤག་གི་ཉལ་ཁྲིའི་སར་སོང་བ་ན། ནང་དུ་རྒྱ་རག་གི་མགོ་བུད་མེད་ཅིག་གི་འཕོང་མགོར་བཞག་ཅིང་། ལག་གཡས་བུད་མེད་གཞན་ཞིག་གི་མཆན་ལ་བཅུག་ནས་གཉིད་འདུག་པ་མཐོང་། ཚུགས་ཀ་དེ་མཐོང་ཚེ་རང་རྒྱུད་ལ་མི་རྐྱལ་སྟོང་ཟེར་བ་འདི་འདྲ་ཞིག་ལོས་ཡིན་སྙམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེ་འོངས། ངས་ཡིག་འབྲི་མ་ཞའོ་དབྱང་སྒོར་མངགས་རྗེས་ཁོ་གཉིད་ལས་བསླངས།
“སུ་ཡིན། གཉིད་དུ་མི་འཇུག་པར་འཆི་བསམ་པ་ཡིན་ནམ།”རྒྱ་རག་གིས་མིག་ཀྱང་མི་ཕྱེ་བར་ལག་པ་གཡུག་ཞོར་དང་དེ་སྐད་བཤད་ཞོར་དུ་ཡང་བསྐྱར་གཉིད་གྲབས་བྱེད།
དེ་དུས་བདག་གིས་ཅུང་གཟབ་ནན་གྱིས“ཁྱེད་སངས་རྒྱས་ཡིན་ནམ། ང་ཚོ་ནི་རྫོང་སྒྲིག་ཨུ་དང་ཁྲིམས་བཤེར་མཉམ་འབྲེལ་ཚོ་ཆུང་གི་དཔྱད་ཞིབ་པ་ཡིན། ང་ཚོ་ཆེད་དུ་འདི་གར་ཁྱེད་ལ་དོན་དག་ཅིག་གི་གསལ་ཁ་འབྱེད་དུ་ཡོང་བ་ཡིན”ཞེས་བཤད་པ་ན། ཁོས་རྟབ་རྟབ་པོར་ཉལ་ཆས་ལུས་སྟེང་ལ་འཐེན་བཞིན། ཡི་མ་རངས་པའི་སྒོ་ནས། “དེ་ནའང་བདག་ལ་རང་ལུས་གསང་འགེབ་ཀྱི་ཁེ་དབང་ཡོད་རྒྱུ་རེད་པཱ། འདི་ལྟར་ཉལ་ཁང་དུ་འཛུལ་ན་འོས་འཚམ་རེད་དམ” ཟེར།
དེའི་ལན་དུ་ཧྲུའུ་ཅིས། “སྒོ་གཅོག་ལ་ཁད་བྱས་ཀྱང་ཨ་ལན་མི་སྟེར་ན། འདིའང་ཐབས་མེད་ཀྱི་ཐབས་རེད། མྱུར་དུ་གྱོན་པ་གོན་ལ་སྒོར་ཤོག ཉིན་རྒྱུན་སྨད་འཚོང་མ་འདི་དག་དང་མཉམ་དུ་ཅི་བྱེད་གིན་ཡོད། ཨེ།”ཟེར་ཞོར་ཁ་ཕྱིར་འཁོར་སོང་བས། ངེད་ཅག་ཀྱང་སྒོ་ལམ་དུ་ཕྱིར་བསྣུར་བ་ཡིན།
བཅུ་གཉིས།
ཞིང་ཆེན་སྒྲིག་བཤེར་ཐེན་གྱི་སྒྲིག་བཤེར་འགན་གཞོན་ཆོན་ལགས་ཀྱི་གཞུང་སྒྲུབ་ཁང་དུ་ཆོན་ཧྲུའུ་ཅིས་ལག་ལ་ཇ་ཕོར་ཞིག་བསྣམས་ཏེ་མགྲོན་བསུ་འབོལ་ཁྲིའི་རྩར་འགྲོ་བཞིན་འདུག འབོལ་ཁྲིའི་ཕྱོགས་ན་ཅཱང་ཀྲུའུ་རེན་ཙོག་ནས་འདུག
“ཡ། ཇ་ཐུངས།”
“ཡ་ཡ།”
“དེ་རིང་ཅཱང་ཀྲུའུ་རེན་འདིར་གདན་ཞུ་བྱེད་དོན་ཡིན་ན། གཙོ་བོ་ཉེ་ཆར་ཡར་འགྲོ་རྫོང་ཁྱོམ་དགེ་གྲོང་རྡལ་གྱི་སངས་རྒྱས་ལ་གནད་དོན་བྱུང་བ་དང་འབྲེལ་ནས་ནང་ཁུལ་ནས་རྒྱུས་ལོན་བྱེད་རྒྱུ་དང་། དོན་དག་རེར་གསལ་ཁ་རེ་འབྱེད་རྒྱུའི་བྱ་བ་རྩ་འཛུགས་ཀྱིས་ང་ལ་མངགས་བཅོལ་བྱུང་བས་ཡིན། སྤྱིར་མི་ཁ་སངས་རྒྱས་ཀྱིས་མི་ཆོད་ཟེར་བ་ནང་བཞིན་ཉན་རྒྱུ་དང་ལེན་རྒྱུ་ཡང་ཆེན་པོ་མེད་མོད། ད་ལན་གྱི་དོན་དག་འདི་ཅུང་ཚབས་ཆེན་དུ་གཏོགས་པས། འགྲོ་ལུགས་ཤིག་མ་སྒྲུབ་ན་ཡང་མི་ནུས་པར་གདའ། དེ་བས་ཁྱེད་ཀྱི་ཐུགས་ལ་གནོད་མི་ཉན།”
“ཆོན་ཧྲུའུ་ཅི་དེ་འདྲ་མ་གསུངས། ང་ཡང་མྱི་ཚེ་གང་བོར་རང་གི་ནུས་ཚད་ཏང་དང་རྒྱལ་ཁབ། མི་དམངས་ཀྱི་དོན་ལ་ཕུལ་བའི་ཏང་ཡོན་རྒན་པ་ཞིག་ཡིན། དེས་ན་འདིའི་རིགས་ཧ་གོ་ལ། དམིགས་བསལ་གྱི་དཀའ་ཁག་ཀྱང་ཤེས། ཏང་དང་མི་དམངས་ཀྱི་དོན་ལ་ཆེ་ཆུང་དང་རགས་ཞིབ་མེད་ལ། བདེན་རྫུན་གཡོ་འཁྲབ་དེ་བས་ཀྱང་ཡོད་མི་རུང་། འོ་ན་ངས་ཀྱང་འདི་ནས་དམ་བཅའ་ཞིག་འཇོག རྒྱ་རག་ཚང་ནི་ང་དང་ཐོག་ཤེས་ལྡན་གཞོན་ནུ་ཞིང་གྲོང་དུ་སྐྱོད་པའི་ལས་འགུལ་སྐབས་ཀྱི་གཞི་འདུག་ས་ཡིན། ཁོ་བོ་ལས་གནས་སུ་ཞུགས་རྗེས་ལྟོས་བཅས་ཀྱིས་སློབ་གསོ་རེ་བཏང་མྱོང་བ་མ་གཏོགས། གཞན་ཕྱོགས་ཀྱི་འབྲེལ་བ་ཅི་ཡང་མེད་པའི་དམ་བཅས་པ་ཡིན། དེ་དུས་ཁོ་ཚང་ནི་འབྱོར་མེད་གྲལ་རིམ་གྱི་འཚོ་བ་ཆེས་ཐབས་རྡུགས་ཀྱི་ཁྱིམ་ཚང་ཞིག་སྟེ། ཁོ་ཚང་ན་ཁོའི་ཨ་མ་དང་ཁོའི་ཨ་ནེ་ལོང་བ་དེ་མ་གཏོགས་ཡོད་པ་མ་རེད། ང་རང་དེ་ཚང་ལ་གཞི་འདུག་ཏུ་མངགས་པ་ནས་ངས་དེ་ཚང་གི་འཚོ་བ་དང་མ་འོངས་མདུན་ལྗོངས་ཀྱི་དོན་ལ་ཏང་ཡོན་ཚད་ལྡན་ཞིག་ལ་ངེས་པར་ཚང་དགོས་པའི་ལངས་ཕྱོགས་དང་སྙིང་རུས། ལག་ལེན་སོགས་གཞི་གཅིག་ཏུ་བཀོལ་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཐ་ན་ཟས་ཐུན་གཅིག་ལ་ལྟོ་བ་འགྲངས་དུས་ཤིག་མེད་ནའང་། ཨེ།”ཞེས་ཅཱང་ཀྲུའུ་རེན་གྱིས་དངན་པ་ཞིག་འཐེན་ཞོར། མིག་མཐར་མཆི་མ་འཁྱིལ་བྱུང་།
ཆོན་ཧྲུའུ་ཅིས་མྱུར་དུ་འགྲམ་གྱི་གཙང་ཤོག་ཅིག་ཁོ་ལ་གཏད་ཞོར།“ངོ་མ་ཡིན་ནི་རེད། ཁྱེད་ཚོ་ཏང་ཡོན་རྒན་པ་ཚོའི་རང་སྲོག་བློས་གཏོང་གི་འབད་བརྩོན་མེད་རྒྱུ་ན་འུ་ཅག་གི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ་འདི་གང་ན་ཡོད། ཡིད་འགུལ་ཐེབས་པའི་གཏམ་རྒྱུད་དང་བྱས་རྗེས་མང་པོ་ནི་དེ་དུས་ཀྱི་དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་བྱུང་བ་རེད།”
“དགོངས་དག དགོངས་དག ལོ་ཟླ་དེ་བློ་ལ་འཁོར་བས་མིག་ལ་བསྟན་སོང་། དེ་དུས་སངས་རྒྱས་རྒྱ་རག་གི་ཨ་མ་དང་ངེད་གཉིས་ལོ་ཚོད་འདྲ་ལ། ལས་ཀ་ཅི་ཞིག་ལས་ན་ལག་མཉམ་དུས་ཡིན། ཉིན་རྒྱུན་ཟ་ས་འཐུང་ས་འགྲོ་ས་འདུག་ས་ཚང་མ་གཅིག་ཡིན་ཡང་ངེད་གཉིས་བར་ན་མིང་སྲིང་ལྟ་བུའི་ལྷད་མེད་ཀྱི་བརྩེ་བ་ལས་གཞན་གྱི་ཉ་གེ་ཉོག་གེའི་འབྲེལ་བ་ཅི་ཡང་ཡོད་ན་ཏང་ལ་ཚད་འཛུགས། སྐབས་དེར་གཞུང་གི་རྟ་རྫི་འཐེང་བོ་ཞིག་ཡོད་པ་དེ་དང་རྒྱ་རག་གི་ཨ་མ་གཉིས་ཀྱི་བར་ན་བརྗོད་མི་ནུས་གླེང་མི་ཚར་བའི་འབྲེལ་བ་ཞིག་ཡོད་པ་ངས་དལ་མོར་ཚོར་མྱོང་། གང་ལྟར་ང་དེ་ཚང་ནས་ལོ་གསུམ་ལ་བསྡད་མྱོང་། ངའི་སེམས་ན་དེ་ཚང་ལ་བརྩེ་བ་ལྷད་མེད་ཅིག་མེད་ག་ལ་སྲིད། གལ་ཏེ་མེད་ན་ནི་ང་ཡང་དེ་ཚོད་ཀྱི་མི་ཞིག་ཡིན་པ་རེད། དེའི་རྗེས་སུ་ང་གསར་བརྗེའི་ལས་དོན་རབས་དང་རིམ་པར་ཞུགས་ཤིང་། ལས་གནས་དང་གོ་ཐོབ་ཀྱང་རེ་རེ་བཞིན་འཕར་ནས་ཁོམ་མེད་ངང་ལོ་མང་འདས་པས་དེ་ཚང་ལ་འབྲེལ་བའང་རྒྱག་ལོང་མ་བྱུང་། སྟོང་ལོ་གསར་པར་ཏང་ཡོན་གཞི་རིམ་ལ་དྲིན་གཟོར་བསྐྱོད་པའི་བྱ་འགུལ་སྤེལ་སྐབས་བདག་ཀྱང་ཁྱོམ་དགེ་གྲོང་རྡལ་ལ་ཆེད་དམིགས་ཀྱིས་རྒྱ་རག་ཚང་འཚོལ་དུ་སོང་བ་ན། རྒན་མོ་ལོང་བ་ཚེ་ལས་འདས་ཟིན། སངས་རྒྱས་རྒྱ་རག་ཀྱང་སློབ་བྱོལ་བྱས་ནས་ཡུལ་ན་ལུས་འདུག དེ་དུས་ངས་ཐེངས་དང་པོར་ཁོ་མཐོང་བ་ཡིན། སྐབས་དེར་རང་རེའི་འཚོ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་མོད། ཁོ་ཚང་ནི་མ་བུ་ཁེར་འདུག་གི་ཁྱིམ་ཚང་ཞིག་ཡིན་པས། ཁར་བཟའ་རྒྱུ་དང་རྒྱབ་ལ་གོན་རྒྱུ་ཚང་མ་ངན་ངོན་ཡིན་པ་ཚད་ཅིག་མ་རེད། ཁྱིམ་དེ་ན་མིག་ལ་རན་པའི་ཕྱིང་གདན་ཙམ་ཡང་མི་འདུག དེས་ངའི་སེམས་ལ་སྙིང་རྗེ་ཚད་མེད་ཅིག་བསྐྱེད་པས་རྒྱ་རག་ངའི་བུ་དོད་དུ་བླངས་ནས་སླར་ཡང་སློབ་གྲྭར་མངགས་རྒྱུ་བྱས་པ་ཡིན། བྱིས་པ་ཁོ་རང་ཡང་ལམ་སྣ་གཞན་གྱིས་བསྟན་ན་ལམ་སྟེང་རྡོག་པས་མནོན་ནུས་མཁན་ཞིག་རེད། རང་གི་བརྩོན་པ་དང་བདག་གི་མཛུབ་སྟོན་ལ་བརྟེན་ནས་ད་བར་དུ་གྲུབ་འབྲས་ཀྱང་བླངས་ཡོད་པ་གན་རེད། ད་རེས་དོན་དག་འདི་ནི་དམིགས་བསལ་གྱི་དོན་དག་ཅིག་དང་གཟུར་མེད་ཀྱི་བར་ཆད་ཅིག་རེད་དེ། འདིའི་ཐད་ནས་ངས་ཁྲིམས་འགལ་ལུགས་འགལ་གྱི་བྱ་བ་གང་ཡང་བྱས་མྱོང་མེད། གོང་རིམ་གྱིས་གསལ་ཁ་ཅི་ཞིག་འབྱེད་དགོས་བྱས་ན་ང་དེ་ཡིན། རང་སེམས་ན་ཉེས་པ་མེད་ན་གཤིན་རྗེ་ལ་འཇིགས་པ་ཡོད་དོན་གང་ཡང་མེད”ཅེས་བཤད་དེ་ཇ་ཕོར་བླངས་ནས་ཇ་ཧུབ་གང་འཐུང་ཞོར་ཆོན་ཧྲུའུ་ཅི་ཡི་གདོང་ལ་བལྟས་ནས་ཅི་བཤད་ལ་སྒུག
“འོ་རེད་རེད། ལོ་ཟླ་དེའི་ཁྲོད་དུ་འུ་ཅག་ཚང་མས་ངོ་མ་སྡུག་མྱངས་ཡོད་པ་རེད། སྤུན་ཟླ་ཁྱོད་ཀྱིས་འདི་ལྟར་གསལ་བཤད་བྱས་བཏང་ན་འུ་གཉིས་སུ་ཡིན་ཡང་ཕྲག་གི་འགན་ཕོག་སོང་བ་ཡིན་པས་བཀའ་དྲིན་ཆེ། ད་རེས་སྤུན་ཟླ་ཁྱོད་ཀྱིས་ད་དུང་གསལ་འབྱེད་བྱ་དགོས་རྒྱུ་ནི། སངས་རྒྱས་རྒྱ་རག་གི་བསླབ་གནས་རྫུན་བཟོ་དང་སློབ་མཐར་ཕྱིན་ཡོད་མིན་ཐད་ཀྱི་གནད་དོན་འདི་རེད། འདིའི་ཐད་ན་ཁྱོད་ལ་དམིགས་བསལ་གྱིས་བཤད་རྒྱུ་ཅང་ཨེ་ཡོད།”
“དེའི་ཐད་ནས་ངས་གོང་དུ་བཤད་པ་ནང་བཞིན་ཡིན། གཙོ་བོ་ཁོ་རང་གི་འབད་བརྩོན་གྱི་འབྲས་བུ་ལས་ངས་ཐབས་འཐེན་པ་དང་བརྡ་བཏང་བ་སོགས་གང་ཡང་མེད། རྩ་འཛུགས་ཀྱིས་བརྟག་དཔྱད་བྱས་ཏེ་བདག་ལ་བདེན་ཁ་སྟེར་རོགས་ཟེར་རྒྱུ་དེ་ཡིན།”
ཅཱང་ཀྲུའུ་རེན་གྱིས་དེ་སྐད་སྨྲས་པ་ན། ཆོན་ཧྲུའུ་ཅིའི་གདོང་མདོག་ཤེས་མ་ཤེས་པ་ཞིག་འགྱུར་ན་ཡང་འཛུམ་མདངས་ཤིག་བསྡུས་ཏེ།
“ཡ་ཡ། ད་གོ་སོང་། འུ་སྤུན་ཟླ་གཉིས་ཀའི་སྐབས་བབ་དོན་དག་འགྲུབ་སོང་ནི་བྱོས། རྩ་འཛུགས་ཀྱི་ལན་པོ་ཕྱིར་རྩ་འཛུགས་ལ་སྤྲད་འཇོག ཡ་ཇ་ཐུངས།”
དེའི་རྗེས་སུ་ཁོ་གཉིས་ཀྱིས་ཡར་མར་གྱི་ཁ་བརྡ་གཞན་པ་འགའ་རེ་བྱེད་བཞིན་འདུག
བཅུ་གསུམ།
ཨ་ཁུ་མགོན་པོ་རང་ཁྱིམ་གྱི་རྒྱ་སྒོའི་ཀླད་དུ་ལངས་ཏེ་ལག་པ་ཐོད་པར་བཀྱག་ནས་ཆུ་ཁར་བལྟས་ནས་འདུག ཁོ་ཚང་གི་བསང་ཁྲིའི་ཐོག་ཏུ་བྱེའུ་རྟུག་འགའ་རེ་བཏང་འདུག་ཅིང་། མཐའ་ཡི་ལྷ་བཤོས་སྐམ་པོ་དག་ཀྱང་བཟའ་མ་ནུས་པར་སྐམ་ཡོད་པར་གཞིགས་ན། ཁོ་རྫོང་ནས་ཕྱིར་ཐོན་རྗེས་ཁོ་ཚང་གིས་གྱོད་དོན་ལ་ཕྱག་མོ་གཟིགས་ཤིང་གང་གིས་སྐད་པའི་བཅའ་བ་རིམ་གྲོ་བསྟུད་མར་བཅས་པའང་ཤེས་ནུས། ཆུ་ཁུགས་ནས་གསེར་ཡག་སྐྱབས་ཀྱིས་རྟ་ཁྲིད་ནས་ཡར་བུད་པ་ན། ཨ་ཁུ་མགོན་པོས་ཡ་ཐོད་ཀྱི་ལག་པ་མར་ཕབ་སྟེ་ཕྱིར་ཁང་མིག་ཏུ་འཛུལ་སོང་།
གསེར་ཡག་སྐྱབས་ཀྱིས།
“སྐར་མ་དགུང་ལ་འཛུམ་སྟེ།།
ཁ་ཚུབ་ནང་ནས་ངུས་བྱུང་།།
ཨ་མའི་གནའ་གཏམ་དྲོན་མོ།།
ཟླ་འོད་མེད་པའི་མཚན་མོ།།
འབྲོང་ཆུང་རྭ་རྩེ་སིང་སིང་།།
ཤེའུ་ཆུང་རྣ་བ་ཀྲོང་ཀྲོང་།།”
ཞེས་པའི་བདུད་བྷེའི་རྡུང་ལེན་ཞིག་སྐད་དམའ་མོས་ལེན་བཞིན་ཡུལ་ལ་ལོག མདུན་ན་ཚུར་ཡོང་བཞིན་པའི་ཨ་མ་སྒྲོལ་མས་ཁོ་བོ་མཐོང་རྗེས།“ཨ་རོགས། གསེར་ཡག རྟ་ཆུ་བླུད་དུ་བུད་སོང་ངམ།”ཟེར།
“འོ་ལེ། ཨ་ནེ་སྒྲོལ་མ།”
“ཉིན་མ་འདི་ཆ་བོར་ཁྱེད་ཚང་གི་དྲིན་ལ་ཀ་ར་བྱིན་པ་རྒྱུན་མ་ཆད། ད་བཅའ་བ་སྒྲུབ་ཚར་སོང་ངམ།”
“འོ་ལེ། ཨ་ནེ། ཨ་ཁུ་དར་རྒྱས་ཚང་གི་སྐུ་དྲིན་ལ་རིམ་གྲོ་སྒྲུབ་ཚར་སོང་ནི་རེད། ད་ཨ་ཕའི་སེམས་ཡང་བདེ་བསྡད་ཡོད་ཀི”
“དེ་བཟང་གི ད་སངས་རྒྱས་དམྱལ་བ་སྐྱེ་རྒྱུ་བོ་དེ་ཡང་བཟུང་བཏང་ན། མྱི་བདག་གཉིས་ཀའི་སེམས་ལྷོད་ལ་ཅིག་ཕབ་བཏང་ནི་རེད་མོད། དོན་དག་གསལ་ཁ་བུད་བཏང་ན། དེ་ཚང་གི་མ་རྒན་སྟེང་ལ་ཅང་མ་བཤད་ངས་ཁྱོད་ལ་ཞུ་བ་ཞིག་བྱེད། ལས་ངན་མ་དེའི་ཁོག་ན་ཇ་རྩམ་པ་ལས་གཞན་ཡོད་པ་མ་རེད། དེ་ཡང་སྙིང་མ་རྗེ། ཚེ་སྟོད་ཚེ་སྨད་ཅིག་མི་འདུག ཁྱེད་ཀྱི་ཨ་ཕ་ནི་ངོ་མ་མྱི་ཡ་མཚན་ཟེར་བ་རེད། དེའི་ཕྱོགས་ལ་ངན་སྨྲས་ཙམ་ཞིག་མི་བྱེད་པ་འདི་ངོ་མ་ངར་ནི་རེད། འདིའི་ཡན་ན་བྱམས་སྙིང་རྗེ་ཟེར་བ་ཞིག་ཡོད་ནི་མ་རེད། བུ་རྒོད་པོ། ད་ཁྱེད་ཅག་གསར་བུ་ཚོས་ཀྱང་དེའི་ཕྱོགས་ལ་ཅང་མ་ཟེར། མྱི་ལོ་འདི་འདྲ་ཞིག་འགོར་སོང་ན། མཐོ་རིས་པོས་མྱི་ལུས་བླངས་ཚར་ཡོད་ཁོ་ཐག་ཡིན་ནི་རེད། ད་ནི་ཉེས་པ་གསོག་ཚད་མ་རེད། རྒྱལ་ཁབ་ཀྱིས་ཅི་བྱས་ན་བྱ་རུ་བཅུག་དང་དེའི་བཟང་ནི་རེད། རྙིང་བ་གསར་པ་བྱས་ནས་ཡོང་རྒྱུ་ཅང་ཡོད་པ་མ་རེད། ཨེ་གོ་ཨ་ཅེ།” ཟེར་ཞོར་གསེར་ཡག་སྐྱབས་ཀྱིས་མགོ་ལ་བྱིལ་བྱིལ་ཞིག་བཏང་སྟེ་ལན་ཅི་འདེབས་ལ་མ་སྒུག་པར་མིག་ཆུ་འབྱིད་ཞོར་ལྕི་བ་འཐུ་རུ་བུད་སོང་།
རེད་ཨང་། སྦྱིན་པ་མཐོ་རིས་པོས་མྱི་ལུས་ཀྱང་བླངས་ཡོད་པར་སྨོན། ཁོ་བོ་འཕྱི་བ་ཞིག་གིས་བརླག་པའི་གྲས་སུ་བཞག་ནས་ལུས་པ་རེད། ངོ་མ་ཁྲིམས་ལུགས་ཀྱི་འདུ་ཤེས་མེད་ཅིང་དོན་དག་ཆེ་མ་ཆུང་གསུམ་གང་ལའང་བརྡར་ཤ་གཅོད་པའི་གོམས་གཤིས་ཤིག་མེད་སོང་ན་ད་འདི་རེད།
སངས་རྒྱས་རྒྱ་རག་ཁྲིམས་ལ་བཟུང་བ་ནི་ཨ་ཁུ་མགོན་པོ་ཚང་ལ་མཚོན་ན་དགའ་དགོས་པའམ་སྐྱོ་དགོས་པ་མི་ཤེས་པའི་ཚོད་ཅིག་སྟེ། སྡུག་ལ་བརྗེད་རྒྱུ་མེད་ཀྱང་རྙིང་རྒྱུ་ཡོད་ཟེར་བ་ནང་བཞིན། ལོ་འདི་དག་ལ་སྦྱིན་པའི་དོན་དག་དེ་གསེར་ཡག་དང་གསེར་ཡག་གི་ཆུང་མ་སོགས་ལ་མཚོན་ན་རྙིང་ཡོད་ཅིང་། ཨ་ཁུ་སྦྱིན་པར་མཚོན་ན་གསར་པ་ཡིན་པ་ལྟར་སྣང་ལ། དོན་རྐྱེན་འདིས་མ་གཞི་གཉེན་ཉེ་ཞེས་པའི་རྨ་མེད་ཀྱི་ཁྲག་རྒྱུད་འབྲེལ་བའི་ནང་དུ་ཡང་ཕ་མ་ཞེས་དང་པོ་དང་བུ་སྤུན་ཞེས་གཉིས་པ་རུ་བགར་རྒྱུ་ཡོད་པ་ལྟ་བུར་གྱུར་འདུག གསེར་ཡག་སྐྱབས་ལ་རིམ་གྲོ་སྒྲུབ་ཚར་བས་སྣ་གླུ་འགུག་རྒྱུའི་སེམས་ཡོད་ཀྱང་ཨ་ཁུ་མགོན་པོ་ནི་སྔར་བས་ཀྱང་ཁ་མི་གྲག་པ་ཞིག་ཏུ་གྱུར་པ་འདིས་ཀྱང་། ངོ་མ་མི་ལ་མི་དགོས་གྱོད་སྣ་དང་ཤིང་ལ་མི་དགོས་འཛེར་བ་ཞེས་པ་ཅིས་མ་བདེན་སྙམ་པ་གསལ་ལེར་རྟོགས།
བཅུ་བཞི།
ངས་དེ་རིང་ཚོ་ཆུང་གི་ཚོགས་འདུའི་ཡིག་ཆའི་ཁ་སྐོང་གི་ཡོད། ཚོགས་འདུའི་བརྗོད་གཞི་གཙོ་བོ་ནི་སངས་རྒྱས་རྒྱ་རག་གི་ཉེས་དོན་གྱོད་གཞིའི་སྐོར་ཡིན་ནའང་། ང་ཚོས་སྔོན་ལ་བརྟན་ཆགས་ཀྱི་སློབ་སྦྱོང་སྟེ། ཚོགས་འདུ་རབས་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱས་པ་ཡིན། ཚོགས་འདུའི་དགོངས་དོན་དག་བརྒྱུད་སྒྲོག་དང་སྦྲེལ་ཏེ་རང་འཁྲིའི་ལས་དོན་དང་འབྲེལ་བའི་དཔྱད་གླེང་རེ་བྱས་ཚར་རྗེས་དངོས་སུ་གྱོད་དོན་དཔྱད་བསྡུར་ལ་ཞུགས་པ་ཡིན། ཐོག་མར་ཡིག་འབྲི་མ་ཞའོ་དབྱང་གིས་མིག་ཤེལ་ཡར་ལ་འདེད་ཙམ་བྱས་ཏེ་གློག་ཀླད་ཀྱི་འཆར་ངོས་ལ་ལྟ་བཞིན།“སངས་རྒྱས་སྟོབས་ལྡན། ཕོ། བོད། ད་ལོ་ལོ་སོ་གཉིས། ཁྱོམ་དགེ་གྲོང་རྡལ་མགོ་དོག་སྡེ་བའི་རུ་ཁག་གཉིས་པའི་སྡེ་མི། གཤོག་ཡངས་གྲོང་རྡལ་གྱི་ཚོ་དཔོན་ཡིན། 2018ལོའི་ཟླ7པའི་ཚེས14ལ་ངེད་ཞིབ་དཔྱོད་ཁང་གི་ཆོག་མཆན་བརྒྱུད་རྫོང་སྤྱི་བདེ་ཅུས་དང་མཉམ་འབྲེལ་སྒོས་བསམ་བཞིན་དུ་མི་རྨས་ནས་འཆི་ལམ་དུ་བསྐྱལ་བའི་དོགས་ཡོད་ཉེས་ཅན་དུ་འཛིན་བཟུང་བྱས། ད་ལྟ་བསམ་བཞིན་དུ་མི་རྨས་ནས་འཆི་ལམ་དུ་བསྐྱལ་པ་དང་གཞུང་གི་རྒྱུ་ནོར་གཡོ་བཀོལ་དང་ལྐོག་རྔན་ལེན་པ། ལྐོག་རྔན་སྤྲད་པ་སོགས་ཀྱི་དོགས་ཡོད་ཉེས་མིང་གིས་རྫོང་སྤྱི་བདེ་ཅུས་ཀྱི་ལྟ་སྲུང་ཁང་དུ་བཀག་ཉར་བྱས་ཡོད། རྒྱུ་ནོར་གཡོ་བཀོལ་དང་ལྐོག་རྔན་ལེན་སྤྲོད་ཀྱི་གྱོད་དོན་ཆར་ངེད་དཔལ་འབྱོར་ཉེས་དོན་ཞིབ་དཔྱོད་ཚན་ཁག་གིས་འདྲི་གཅོད་བྱེད་བཞིན་ཡོད།
གནོད་འཚེ་ཐེབས་ས། སྦྱིན་པ། ཕོ། བོད།
འདས་དུས་ལོ16ཡིན། ཁྱོམ་དགེ་གྲོང་རྡལ་མགོ་ཡངས་སྡེ་བའི་རུ་ཁག་གསུམ་པའི་མི།
སྤྱི་ལོ2004ལོའི་ཟླ7པའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡས་མས་སུ། མགོ་ཡངས་སྡེ་བ་དང་མགོ་དོག་སྡེ་བའི་སྤྱི་སའི་རྩྭ་བཀག་ལུང་བ་དུང་དཀར་མའི་སྲིབ་ངོས་ཀྱི་རི་བོའི་སྨད་ཀྱི་ཆ་སྟེ། རི་བོའི་སྙོམས་ངོས་འཕྲེད་ཚད3023.13 དང་གཞུང1158.29ཡི་ཆར། དོགས་ཡོད་ཉེས་ཅན་སངས་རྒྱས་སྟོབས་ལྡན་གྱིས་གནོད་འཚེ་ཐེབས་མི་སྦྱིན་པའི་མགོར་རྩེ་གྲིས་སོ་རྒྱག་བྱས་ཤིང་རྫུན་འགེབ་ཆེད་འཕྱི་བའི་སྡེར་ཤུལ་ལྟ་བུའི་ཤུར་མོ་བཟོས་ནས་ས་ནག་བླུགས་པ་སོགས་ཀྱི་རྐྱེན་གྱིས་གནོད་ཚབས་ཐེབས་མཁན་འཆི་ལམ་དུ་བསྐྱལ། དོགས་ཡོད་ཉེས་ཅན་ཁོ་གནོད་འཚེ་ཐེབས་མཁན་སྦྱིན་པ་དང་མཚོ་མོ་གཉིས་མཉམ་འགྲོ་དང་མཉམ་འདུག་ཡིན་པར་ཞེ་འཁོན་སྐྱེས་པ་དང་། ཁོ་རང་ཉིད་མ་བུ་ཁེར་འདུག་གི་ཁྱིམ་ཚང་གི་བུ་ཡིན་པས་ཆུང་དུས་ནས་གཞན་གྱི་ངག་ཐོག་དང་ལག་ཐོག་གཉིས་ཆའི་བརྙས་བཅོས་ཚད་མེད་མྱངས་རྐྱེན། ཁོ་རང་ལ་གཞན་གྱི་བདེ་སྐྱིད་མིག་ལ་མི་རན་པའི་ཞེ་འགྲས་རང་བཞིན་གྱི་བསམ་བློ་ཞིག་ཆགས་ཡོད། དེ་བས་རང་ཉིད་ལྐོག་ནས་ཞེ་འཁོར་སའི་མགོ་ཡངས་སྡེ་བའི་བུ་མོ་མཚོ་མོ་འདི་ལྟར་གྲྭ་ལོག་ཅིག་གི་ལག་ཏུ་ཤོར་བ་ལ་ཞེ་སྡང་ལངས། དོན་དག་བྱུང་སའི་ས་དེ་སྡེ་བ་གཉིས་ཀྱི་སྤྱི་ས་དང་རྩོད་ཉོག་ཡོད་པའི་ས་ཡིན་པས་ན། རྩྭ་ས་རྩོད་གླེང་ལ་ཁ་གཡོར་རྒྱུའི་བསམ་པ་བཅངས་ནས་སྦྱིན་པ་ལ་གྲི་རྨས་བཏང་། གྲི་རྨས་བཏང་རྗེས་ཀྱི་མཇུག་འབྲས་ཁོ་རང་གི་འདུན་པ་བཞིན་མ་སོང་བར། རྩེ་གྲིའི་གྲི་སྣེ་ཆག་འཕྲོ་མ་རྙེད་པ་དང་། མཚོ་མོས་དོན་རྐྱེན་བྱུང་ས་དང་ཐག་མི་རིང་བའི་ས་ནས་མཐོང་ཡོད་པར་ཞེ་འཚབ་པ་སོགས་ཀྱི་དབང་གིས། མཚོ་མོར་འཕྱི་བས་རྨས་པ་ཡིན་ཚུལ་ལས་གཞན་བཤད་ན་ཁོ་མོ་ཚང་གི་བཟའ་མི་ཚང་མའི་ཚེ་སྲོག་བདེ་འཇགས་ལ་སེམས་ཆུང་བྱ་དགོས་ཞེས་འཇིགས་སྐུལ་བཏང་། དེའི་འཕྲོར་ས་དོང་ལ་དུ་བ་བརྒྱབ་སྟེ་འཕྱི་བ་བཟུང་ཞིང་འཕྱི་བའི་སོ་ཡིས་སྦྱིན་པའི་མགོ་ལ་སོ་ཤད་བརྒྱབ། དེ་དག་གྲུབ་རྗེས་འཕྱི་བ་བསད་དེ། མཚོ་མོར་མགོ་ཡངས་སྡེ་བར་བརྡ་རྒྱག་ཏུ་བཅུག་སྟེ་རང་ཉིད་བེམ་པོ་མགོ་གཙང་བྱེད་མཁན་གྱི་དྲིན་ཆེན་ཡིན་པའི་ཟོལ་གྱིས་ད་བར་འདས། འདི་དག་ངེད་ཀྱིས་ཐེངས་མ་ལྔའི་འདྲི་གཅོད་ལས་ཕྱོགས་སྡོམ་བྱས་ན་གསལ”ཟེར།
དེའི་འཕྲོར་ང་ཚོའི་ཞུ་གཏུག་ཆེད་བསྐོས་པ་ཉུའུ་ལི་ཡིས་བཤད་རྒྱུར། “གྱོད་དོན་གོང་ནས་ཞའོ་དབྱང་གིས་བརྒྱུད་སྒྲོག་བྱས་པ་དེ་རེད། གྱོད་དོན་ཁ་གསལ་ལ་དོན་ལ་བབས་པས་ད་གསལ་བོ་བྱ་དགོས་ས་ཕལ་ཆེར་མི་འདུག འདིར་མིག་མཐོང་བདེན་དཔང་བྱེད་མཁན་མཚོ་མོའི་བདེན་དཔང་གི་འདྲི་ཞིབ་ཡིག་ཆ་དང་། ཨ་ཁུ་མགོན་པོས་བསྐྱལ་ཡོང་བའི་གྲི་ཆག་གི་དངོས་བཤེར་བདེན་དཔང་། དེ་མིན་དོགས་ཡོད་ཉེས་ཅན་གྱི་འདྲི་གཅོད་ཁས་ལེན་ཡི་གེ། མགོ་ཡངས་སྡེ་བ་དང་མགོ་དོག་སྡེ་བའི་སྡེ་མིའི་འདྲི་ཞིབ་ཡི་གེ་སོགས་ཆ་ཚང་བས་གྱོད་དོན་གསལ་ཐག་ཆོད་འདུག། དེ་ན་བདག་གིས་བསམ་ན་དེ་རིང་འུ་ཅག་ལ་བསམ་བློ་གཏོང་དགོས་ས་གསུམ་ཡོད་པར་འདོད།
དང་པོ། དཔལ་འབྱོར་གྱོད་དོན་དང་ཉེས་དོན་གྱོད་གཞི་མཉམ་བཤེར་བྱས་པའི་སྔོན་དཔེ་མེད་ཅིང་ད་ཐེངས་ཀྱི་གྱོད་དོན་འདིར་དམིགས་བསལ་རང་བཞིན་དང་ཞིབ་དཔྱོད་རིན་ཐང་ཧ་ཅང་ཆེ་བས། རང་རྫོང་ནས་ཞུ་གཏུག་དང་ཁྲིམས་ཐག་གཅོད་རྒྱུའི་འགན་བརྩོན་ལེན་བྱ་རིན་ཆེ་བར་སྙམ།
གཉིས་པ། དཔལ་འབྱོར་གྱི་གྱོད་དོན་མི་གླེང་བར། ཉེས་དོན་གཅིག་པུའི་ཐད་ནས་གཞིགས་ན་ནི། ནག་ཉེས་རང་སྟེང་ནས་གྱོད་གཞི་འདི་བསམ་གཟས་ནས་མི་རྨས་པ་ལས་བསམ་གཟས་ནས་མི་བསད་པ་ལ་འགྲོ་བར་མ་ཟད། བཙན་གྱི་སྦྱོར་བའི་ཉེས་མིང་ཡང་ཞོར་དུ་གྲུབ་འདུག དེས་ན་འདིའི་ཚད་གང་ལ་འཛིན་རྒྱུ་ཡིན་པར་བསམ་བློ་གཏོང་རིན་འདུག་སྙམ།
གསུམ་པ། མིག་མཐོང་བདེན་དཔང་བྱེད་མཁན་མཚོ་མོས་གསང་འགེབ་ཀྱི་ཉེས་པ་ཡང་བསགས་འདུག དེས་ན་ཁྲིམས་ཀྱི་ཟིལ་ཤུགས་གཙོར་བཟུང་ནས་མོ་རང་ཁྲིམས་ལ་སྦྱོར་རམ། མི་ཆོས་རང་ལུགས་ལ་གཞོལ་ནས་བཙན་གྱི་སྦྱོར་བའི་དབང་དུ་གྱུར་པར་གཞིགས་ཏེ་གོ་བསྐོན་སློབ་གསོ་བཏང་རྗེས་གུ་ཡངས་ལ་གཏོང་རྒྱུར་གྲོས་མོལ་བྱེད་པ། འདི་ཡང་རང་སའི་སྤྱི་དམངས་ཡོངས་ལ་ཁྲིམས་ལུགས་འདུ་ཤེས་མཐོར་འདེགས་གཏོང་བའི་གནད་གལ་ཆེན་ཞིག་ཏུ་ཐུག་པས་བསམ་བློ་གཏོང་རིན་འདུག་སྙམ”ཞེས་བཤད།
“གོང་ནས་ཞའོ་དབྱང་དང་ཞའོ་ཉུའུ་གཉིས་ཀྱི་བཤད་པ་ནང་བཞིན་ལོ་མང་ལ་ངག་སྒྲུང་ལྟ་བུ་ཞིག་ཏུ་གྱུར་པའི་གྱོད་དོན་འདི་ད་ལན་འུ་ཅག་ཐུན་མོང་གི་བརྩོན་པ་ལ་བརྟེན་ཏེ། ས་ཕྱར་ནས་རྡོ་ལྷང་ལ་བུད་པ་ནི་ངོ་མ་གླེང་རིན་ཡོད་པའི་དོན་ཆེན་ཞིག་རེད། དེ་བས་ཐོག་མར་ངས་ཞིབ་དཔྱོད་ཁང་གི་ཚབ་བྱས་ཏེ་ཚང་མར་རྟེན་འབྲེལ་ཞུ། དེ་མིན་རྫོང་རིམ་པའི་གྱོད་དོན་ཞིབ་དཔྱོད་ཁྱབ་ཁོངས་ལས་བརྒལ་པའི་དོན་དག་ཅིག་ས་འདི་ནས་སྒྲུབ་ཟེར་ན་དཀའ་མོ་རེད་མོད། འོན་ཀྱང་ས་ཆའི་ཁྱད་ཆོས་དམིགས་བསལ་བ་དང་། གྱོད་དཔེ་སློབ་སྟོན་གྱི་ནུས་པ་ཁྱད་པར་བ་བཅས་ལ་གཞིགས་ན། འུ་ཅག་གིས་ཁུལ་རིམ་པའི་ཞིབ་དཔྱོད་ཁང་ལ་མཉམ་འབྲེལ་སྒོས། ས་གནས་རང་ནས་ཞུ་གཏུག་གི་གོ་རིམ་བརྒྱུད་ཆོག་པར་བརྩོན་ལེན་བྱས་ན་གོང་འོག་ཀུན་ལ་འགྲིག་པར་སྙམ།”
ཆོན་ཧྲུའུ་ཅིས་ཁ་གཡང་རྟེན་འབྲེལ་གྱིས་སྔུན་བསུས་ཤིང་དོན་སྨིན་ཕྱོགས་སྟོན་གྱི་གནད་ཡོད་པའི་གསུང་བཤད་བྱས།
དེ་ནས་ངེད་ཅག་གིས་གཏུག་བཤེར་པ་ཉུའུ་ལི་ཡི་དོན་ཚན་གསུམ་པོ་དང་སྦྲེལ་ནས་དཔྱད་གླེང་ཡུད་ཙམ་བྱས། མཐའ་མཇུག་སངས་རྒྱས་རྒྱ་རག་གི་ཉེས་མིང་དེ་བསམ་གཟས་ནས་མི་བསད་པར་སྤོ་རྒྱུ་དང་། མཚོ་མོར་ངག་ཐོག་སྐྱོན་བརྗོད་སློབ་གསོ་གཏོང་རྒྱུ། ཞུ་གཏུག་གི་དབང་ཆ་གོང་རིམ་ལ་སྤྲོད་དགོས་ན་ཡང་། ཞུ་གཏུག་ངོ་སྦྱོར་གྱི་ས་གནས་རྫོང་ཐོག་ལ་བརྩོན་ལེན་བྱ་རྒྱུ་གཏན་ཁེལ་བྱས།
བཅོ་ལྔ།
ཞིང་ཆེན་གྱི་མགྲོན་ཁང་ཞིག་ཏུ་སྐྲ་འདབས་སེ་ཞིང་ཁོག་སྟོད་སྒུར་བའི་མི་རྒན་གྲས་ཤིག་གིས་མདུན་ལ་ཤོག་བུ་སྟུག་པོ་ཞིག་བཞག་སྟེ། མགོ་བོ་ཕུར་ཞོར་མང་པོ་མང་པོ་ཞིག་འབྲི་བཞིན་འདུག
རྫོང་ལྟ་སྲུང་ཁང་གི་ཁང་མིག་བཞི་བའི་ནང་ན་སངས་རྒྱས་རྒྱ་རག་གིས་ནམ་རྒྱུན་དབུགས་རིང་ནར་ནར་དུ་འཐེན་ཏེ་ཁྲིམས་ཐག་གཅོད་པར་སྒུགས་ཤིང་། ཁོའི་ནག་ཉེས་ཀྱི་དྲི་མས་སྦགས་པའི་གཏམ་རྒྱུད་དེ་གང་ས་གང་དུ་གཏམ་དང་མི་ཁ་བརྒྱུད་དེ་མཆེད་ཀྱིན་ཡོད།
མགོ་ཡངས་སྡེ་བའི་ལུང་བ་དུང་དཀར་མའི་རི་སྐེད་ཀྱི་ཆར་ཚ་གསུར་གྱི་དུ་བ་སྔོ་ལྡེམ་མེ་བ་ཞིག་འཐུལ་གྱིན་ཡོད་ལ། དེ་དང་ཐག་མི་རིང་ས་ན། ཇོ་མོ་ཆོས་དབྱིངས་གུམ་ཙོག་གིས་བསྡད་དེ་ལག་གཡོན་པས་ཟེའུ་ཆུང་ཆུང་ཞིག་དང་ཕྲེང་བ་མཉམ་དུ་བཟུང་ཞིང་། ལག་གཡས་པས་ཟངས་ཀྱི་ཁེམ་བུ་ཆུང་ཆུང་ཞིག་གིས་ད་ནངས་སྔ་མོར་གསར་དུ་བརྔོས་པའི་གྲོ་ཕྱེ་ག་ལེར་ཕྱར་ནས་གྲོག་མ་གསོ་བཞིན་འདུག། མོས་ཐང་ལ་བབས་པའི་གྲོ་ཕྱེ་རིལ་བོའི་གསེང་ན་འདུར་རྒྱུག་བྱེད་ཀྱིན་པའི་གྲོག་མའི་ཚོགས་ལ་ལྟ་བཞིན་འདང་རྒྱག་གི་ནང་དུ་ལྷུང་ངོ་།།