ཨ་ཁུ་ཉི་མས་ཉིན་འདི་དག་ལ་བྱུང་བའི་དོན་དག་དེ་དག་ལ་བསམ་བློ་གཏོང་ཞོར་ཕལ་ཆེར་རང་ཉིད་གང་ཞིག་ནས་འགྲིག་གི་མེད་པའི་ཚོར་བ་བྱུང་། བསམ་བློ་བཏང་གིན་བཏང་གིན་གནད་དོན་འདི་རང་ཉིད་གཅིག་པུའི་གནད་དོན་ཙམ་མིན་པར། སྤྱི་ཚོགས་ཡོངས་ཀྱི་གནད་དོན་རེད་སྙམ།
གནད་དོན་དང་པོ་ནི་སྦྲགས་སྐད་ཀྱི་གནད་དོན་རེད། ཁོས་རྒྱ་ཡིག་རྒྱ་སྐད་མི་ཤེས་པས་འདིའི་སྐོར་ནས་འདང་རྒྱག་མེད་བསམ་མོད། མ་བསམ་ས་ནས་ཟས་རིགས་ཚོང་ཁང་ཞིག་ནས་མེ་ཆ་ཞིག་ཉོས་པར་ཚོང་བདག་གིས་སྒོར་གཉིས་ཀྱི་ཆད་པ་བཅད། མ་གཞི་འདི་འདྲ་ཞིག་ཡིན་ཏེ། ཁོས་ཚོང་ཁང་ནང་ནས་དངོས་པོ་རྩག་རྩིག་རེ་ཉོས་ནས་སྒོར་བུད་རྗེས་ད་དུང་ཅི་ཞིག་བརྗེད་སོང་བའི་སྣང་བ་བྱུང་། ཡུད་ཙམ་ལ་བསམ་བློ་བཏང་མཐར། ཨོ་རེད། ད་དུང་མེ་ཆ་ཞིག་ཉོ་དགོས་པ་མིན་ནམ་བསམ་ཞོར་ཕྱིར་སོང་སྟེ་ཚོང་བདག་མར“ང་ལ་ད་དུང་“打火机”ཞིག་འཚོང་རོགས”ཞེས་བཤད། སྦྱིན་བདག་མའི་གདོང་ལ་འཛུམ་ཞིག་ལངས་ཞོར“མེ་ཆ་ལ་སྒོར་གཅིག་རེད། སྦྲགས་སྐད་ལ་སྒོར་གཉིས་རེད། བསྡོམས་པས་སྒོར་གསུམ་རེད། སྦྲགས་སྐད་ཀྱི་སྒོར་མོ་གཉིས་པོ་ཤོག་སྒམ་དེའི་ནང་འཕེན་རོགས”ཟེར་བཞིན་སྒྲོམ་སྟེགས་ཟུར་གྱི་ཤོག་སྒམ་ཞིག་བསྟན། ཁོས་ཞིབ་ཏུ་བལྟས་པར་བོད་ཡིག་གིས“སྦྲགས་སྐད་བཤད་པའི་ཆད་པར་སྒོར་གཉིས་འཕེན་རོགས”ཞེས་བྲིས་ཡོད་པས་ངོ་གནོང་བཞིན་ཤོག་སྒམ་དེའི་ནང་དུ་སྒོར་གཉིས་འཕངས་རྗེས་བྲེལ་འཚུབ་ཀྱིས་སྒོར་བུད། “ངའི་ཁ་ནང་ནས་སྦྲགས་སྐད་ཅིག་ཅི་ལྟར་ཤོར་བ་ཡིན་ནམ། ད་ནི་དངོས་གནས་གང་ཞིག་ནས་འགྲིག་གི་མི་འདུག”བསམ།
གནད་དོན་གཉིས་པ་ནི་ཁོའི་ཚ་བོའི་གནད་དོན་ཡིན། “ཕ་ཡུལ་མེད་པའི་བྱིས་པ”ཞེས་ཀུན་ལ་རླུང་ལྟར་གྲག་འདུག མ་གཞི་འདི་འདྲ་ཞིག་ཡིན་ཏེ། སྡེ་སར་ནས་སློབ་མ་གསར་པ་བསྡུས་ཏེ་ཐོ་འགོད་བྱེད་དུས། དགེ་རྒན་གྱིས་ཨ་ཁུ་ཉི་མའི་ཚ་བོར“ཁྱོད་ཀྱི་ཕ་ཡུལ་གང་ཡིན་ཞེས་དྲིས ”
“… …”
བྱིས་པ་དེས་ཅི་ཡང་མི་སྨྲ་བར་ཁ་རོག་གེར་བསྡད། དགེ་རྒན་གྱིས་སླར་ཡང“ཕ་ཡུལ་ཞེས་པ་རང་ཉིད་སྐྱེ་སའི་སྡེ་བའམ་ལུང་པ་དེ་ལ་ཟེར”ཞེས་སྨྲས། བྱིས་པ་དེས་ད་དུང་ལན་མ་བཏབ་པས་དགེ་རྒན་གྱིས་ཇེ་གསལ་དུ་བཏང་སྟེ“རང་ཉིད་གང་ནས་སྐྱེས་ན་རང་ཉིད་སྐྱེ་སའི་ས་ཆ་དེ་རང་གི་ཕ་ཡུལ་ཡིན”ཞེས་གསལ་ཐག་ཆོད་པོས་སྨྲས།
བྱིས་པ་དེས་སྐད་ཆེན་པོས“ཨོ། ངས་ཤེས་སོང། ངའི་ཕ་ཡུལ་སྡེ་སར་ཡིན”ཞེས་སྨྲས། དགེ་རྒན་གྱིས་རང་གི་མགོ་བོར་འཕྲུག་ཙམ་འཕྲུག་ཙམ་བྱས་རྗེས“དེ་ལྟར་བཤད་ན་འགྲིག་གི་མ་རེད”ཅེས་ཡང་བསྐྱར་གསལ་བཤད་ཅིག་བྱེད་བསམ་དུས། བྱིས་པ་དེས“ངའི་ཕ་ཡུལ་སྡེ་སར་ཡིན་ཡ། ང་སྡེ་སར་ནས་སྐྱེས་པ་ཡིན”ཞེས་གསལ་ཁ་བཏོད་ནས་སྨྲས་པས་ཚང་མ་གད་མོ་ཐག་གེར་སོང་། སྡེ་མི་རྣམས་ཀྱིས་ནམ་རྒྱུན་དོན་དག་འདི་གླེང་ནས་ཀུ་རེ་རྩེ་དུས། ཨ་ཁུ་ཉི་མའི་བསམ་པར། ད་ནི་དངོས་གནས་གང་ཞིག་ན་ཅི་ཞིག་འགྲིག་གི་མེད་པའི་ཚོར་བ་བྱུང་།
གནད་དོན་གསུམ་པ་ནི་ཁ་པར་གྱི་གནད་དོན་ཡིན། སྡེ་སར་དུ་ཐོན་པ་ནས་བཟུང་ཕྱུགས་ཟོག་འཚོ་རྒྱུ་མེད་ལ། ལས་ཀ་ཡང་མོ་རེ་ལག་ཏུ་མི་ཡོང་བ་དང་། ལྕི་མོའི་རིགས་དེ་སུས་ཀྱང་ལས་འདོད་མེད་པས། སྡེ་གསར་གྱི་གསར་བུ་གསར་མོ་རྣམས་ཀྱི་དུས་ཚོད་ཚང་མ་ལག་ཁྱེར་ཁ་པར་ཞེས་པའི་ཤེལ་ལེབ་ཆུང་ཆུང་འདིས་འཕྲོག་སོང་། “མནའ་མ”ཁ་ཤས་ཁ་པར་གྱིས་ཁྲིད་དེ“གནས་ཡུལ”ཐེངས་གཉིས་པ་འགྲིམ་ཞིང་། ཁ་པར་ལས་གྲོགས་བསྒྲིགས་པའི་ཚོང་བ་སྟོབས་ཆེན་དང་འཁྱམས་པོ་ལྡོམ་པོའང་མང་པོ་ངོ་ཤེས་སུ་གྱུར་ཏེ། སྔོན་ཆད་ཀྱི་ལྷིང་འཇགས་ཀྱི་འཚོ་བ་དེ་ཚ་ཚ་འུར་འུར་དུ་བཏང་། བུད་མེད་ཁ་ཤས་ཀྱིས་ཁ་པར་ལས་དགོན་པ་མེད་པའི་མཁན་པོ་མང་པོ་ངོ་ཤེས་སུ་གྱུར་ལ། སྐྱེ་བ་སྔོན་མའི་ཚོགས་བསགས་ཡིན་ཟེར་ནས་རིགས་ཀྱི་ཕྱག་རྒྱ་མར་གྱུར་པའང་ཇེ་མང་ནས་ཇེ་མང་དུ་སོང་། བུད་མེད་འགའ་རེས་ད་དུང་“ཐིག་ལེ་ཡར་འདྲེན”ཞེས་པ་དེ་ཚོར་བ་གཞན་དང་མི་མཐུན་པའི་ཧ་ཅང་སྐྱིད་པོ་ཞིག་ཡིན་སྲིད་སྙམ་སྟེ་ཚོད་ལྟ་བྱེད་མཁན་ཀྱང་མང་པོ་བྱུང་སྟེ་བཟའ་ཚང་ཡང་མང་པོ་འཐོར། ཁེར་རྐྱང་དུ་ལུས་པའི་ཁྱོ་ག་དག་གིས་རང་ཁྱིམ་ནས་རི་ལས་དང་ཡུལ་ལས་གཉིས་ཀ་བྱེད་ཞོར“མགོ་བོ་གཟན་གྱིས་བཏུམ་རྒྱུ་མ་དེ་ཚོ”ཞེས་རང་རང་གི་ཚེ་གཅིག་སྐྱ་ཡར་དམོད་མོ་བོར་མགོ་བརྩམས། བྱིས་པ་རྣམས་ཀྱིས་ཀྱང་ཁ་པར་ཞེས་པའི་ཤེལ་དེའི་ངོས་སུ་ཅེར་ཏེ། ཕ་མ་དང་ལོ་ལོན་རྣམས་ལ་ཁ་བརྡ་སྨྲས་ཅི། ཐ་ན་ཁ་ཡ་ཙམ་ཡང་མི་བྱེད་པས་ལོ་ལོན་རྣམས་ལ་ལྷག་པར་དུ་ཁེར་རྐྱང་གི་ཚོར་བ་ཞིག་བྱིན།
གནད་དོན་བཞི་བ་ནི་གྲུབ་མཐའི་གནད་དོན་ཡིན། སྡེ་སར་དུ་ཕྱོགས་ཡར་མར་གྱི་སྡེ་བ་དང་ཚོ་བ་མང་པོ་འདུས་སྡོད་བྱས་ཡོད་པས་ཕན་ཚུན་སྲུང་མ་མི་གཅིག་པའི་ཁར། བཅའ་བ་རིམ་གྲོ་རེ་ཡོད་ཚེའང་རང་རང་གི་བླ་མའམ་སྔགས་པ་འབོད་པ་ལས། གཞན་དག་ལ་སྣང་ཆུང་གི་ལྟ་ཚུལ་མངོན་པས་གྲུབ་མཐའི་ཆགས་སྡང་ཀྱང་ཇེ་ཆེར་སོང་། ཡིན་ནའང་། མི་རིགས་མཐུན་སྒྲིལ་ལ་གནོད་པར་དོགས་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གནད་དོན་འདི་གནས་སྐབས་སུ་ཐག་གཅོད་བྱས་ཡོད་མོད། མ་བསམ་ས་ནས་ལོ་རེ་བཞིན་དུ་བཅའ་བ་ལྡོམ་པོ་མང་པོ་འཕྲོ་རིམ་འཕྲོར་ཐོན་པ་དང་། བཅའ་བ་དེ་དག་རེ་རེ་བཞིན་བསྒྲུབ་རྒྱུ་མི་ཚགས་དང་རྒྱུ་ཚགས་གཉིས་ཀྱིས་མི་འདང་པས་ལོ་ལོན་རྣམས་ལ་རྣམ་རྟོག་ཇེ་ཆེ་ནས་ཇེ་ཆེར་གྱུར། “དུས་ངན་སྙིགས་མ་ཟེར་བ་དེ་འདི་འདྲ་ཞིག་ཡིན་ངེས། ང་ཚོས་འཇིག་རྟེན་འདི་ནས་བསྒྲུབ་མ་ཐུབ་པའི་བཅའ་བ་རིམ་གྲོ་ལུང་པ་གང་རེ་ཁུར་ཏེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོར་མཇལ་དགོས་པ་རེད་ཨང་”ཞེས་དད་པ་ན་ཟུག་ཅན་གྱི་རྒད་པོ་མང་པོ་ཞིག་བལྟས་བལྟས་རིག་རིག་ལ་ཉལ་སར་ལྷུང་།
གནད་དོན་ལྔ་བ་ནི་སྤྱི་ཚོགས་ཀྱི་གནད་དོན་ཡིན། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཟེར་བ་ཅི་མ་བདེན། གཙོ་བོ་སྤྱི་ཚོགས་ཀྱི་མཁའ་དབུགས་མ་བཟང་བ་རེད། ཆུང་ས་ནས་བཤད་ན། ང་ཚོས་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་གཞན་ཡུལ་དང་དུ་ལེན་དགོས་པ་འདི་ཡང་སྐྱེ་བ་སྔོན་གྱི་ལས་དབང་ཞིག་མིན་ན་ཅི་ཡིན། ད་དུང་སྒྲ་སྡུད་འཕྲུལ་ཆས་ལ་ཉན་ཚེ། ཚེ་རིང་གསེར་སྐྱབས(泽连斯其)དང་ཕུར་སྐྱོང(普京)གཉིས་ཀྱིས་སྡེ་ཆེན་གཉིས་ཐོད་གཏུགས་ཏེ། རོ་ཐད་ལ་འཇོག་རེས་བྱེད་ཀྱིན་འདུག་ཟེར། མི་ལུས་རིན་པོ་ཆེ་དེ་ལྟར་རྩེ་སྤྱད་བྱེད་སྲོལ་ག་ལ་ཡོད། ད་དུང་འུ་ཅག་གིས་ལབ་ཙེ་བསྟོད་དུས་ཀྱི་མདའ་ཤིང་གཤོག་སྒྲོ་ཅན་གྱི་ཚུགས་ཀ་ཡོད་པའི་ཉིང་རྡུལ་མཚོན་ཆ་མང་པོ་བཀོལ་རྒྱུ་རེད་ཟེར། སྐལ་བ་སྙིགས་ཀྱིན་སྙིགས་ཀྱིན་དད་པའང་འགྱུར་འདུག ང་ཚོ་རང་ཉིད་འགྱུར་སོང་བ་མ་གཏོགས་དཀོན་མཆོག་ལ་བསླུ་བ་ཞིག་གང་ན་ཡོད། ཏག་ཏག་ཡར་སྔོན་འདིར་འཛམ་གླིང་བུམ་པ་ཟེར་བ་དེ་རྩོད་སྐབས་ཛ་དྲག་ཧ་ཅང་ཆེན་པོ་བྱུང་སོང་ཟེར། སྐབས་དེར་མགོ་ལོག་དང་ཡུལ་ཤུལ་སོགས་སུ་བར་ཆད་ལམ་སེལ་དང་བསམ་པ་ལྷུན་གྲུབ་མ་སོགས་བཏོན་ཏེ་བཅའ་བ་བསྒྲུབ་མེད་རྒྱུ་ན་ཨཱ་གུན་ཐུན་ལ་ཉེན་ཁ་ཡོད་པ་ཐག་ཆོད་ཡིན། གྲི་ཁ་གྲི་ལྟག་རེད་ཡ་ཞེས་རྒད་པོ་རྒོད་པོ་རྣམས་ཀྱི་བསམ་བློ་ཧ་ཅང་འཁྲུག་པར་གྱུར།
གནད་དོན་དྲུག་པ་ནི་ང་རང་ཉིད་ཀྱི་གནད་དོན་ཡིན། གནད་དོན་མང་པོ་མང་པོ་ཞིག་ཁ་ནས་བཤད་ཀྱང་ལག་ལེན་དུ་འདེབས་མཁན་མེད་པས། བཤད་དང་མ་བཤད་ལ་ཁྱད་པར་མི་འདུག ཡིན་ཡང་གྲོང་ཁྱེར་འདི་ནས་ཕྱིར་རང་གི་ཕ་ཡུལ་དུ་ལོག་པར་ཆ་རྐྱེན་ཅི་ཞིག་དགོས་སམ། སྡེ་དཔོན་དང་ཞང་གཙོ་སོགས་ལ་དྲིས་ཚེ་མགོ་བོ་ཐད་དུ་གཡུག་པ་ལས་ཁ་ཡ་མི་བྱེད་པས། དེ་དག་གི་བློ་ཁ་བསྒྱུར་བར་བཅའ་བ་རིམ་གྲོ་ཅི་ཞིག་ཡོད་དམ། གང་ལྟར་ཨ་ལགས་ཚང་ལ་ནན་ཞུ་ཞིག་བྱེད་པ་ལས་ཐབས་མི་འདུག འདི་ནས་འདུག་ཡུན་རིང་ཚེ། དེང་སང་གི་བྱིས་པ་འདི་ཚོས་ཕ་མེས་ཡང་མེས་རིང་གི་དུར་སའང་རྙེད་རྒྱུ་མ་རེད་སྙམ། ཚང་མས་ལྟོས་དང་ལྟད་མོ་ད་དུང་རྗེས་ན་ཡོད་ངེས། གྲོང་ཁྱེར་ཟེར་བ་འདི་ང་ཚོ་སྡོད་ས་ཞིག་མ་རེད་ཡ། ལྷག་པར་དུ་འབྲོག་པ་ཚོ་འདི་ནས་སྡོད་ཐུབ་བམ།
ཚོད་ཚོད་ལ་གྲོང་ཁྱེར་འདིའི་མཁའ་དབྱིངས་སུ་ས་རྡུལ་དང་དུད་སྨུག་གིས་ཁེངས་འགྲོ་ལ། མཚན་མོ་རེ་རེ་བཞིན་ལོ་ལོན་རྣམས་ཀྱི་རྨི་ལམ་འཁྲུགས་ཏེ་བྱིས་པ་ནང་བཞིན་གཉིད་ལངས་བྱེད་པ་འདི་ལས་ཐན་ལྟོས་ཤིག་གང་ན་ཡོད་ཨང་། ཡང་ན་གྲོང་ཁྱེར་འདི་འགྲིག་གི་མི་འདུག ཡང་མིན་ན་ང་ཚོ་རང་ཉིད་ལའང་བཅའ་བ་རིམ་གྲོ་མང་པོ་ཞིག་ཡོད་ངེས་པས། མ་མཐའ་སྡེ་གསར་འདི་ན་བཅའ་བ་རིམ་གྲོ་གཏད་སའི་དགོན་པ་ཆུང་ཆུང་ཞིག་ཡོད་ཚེ་ཇི་འདྲའི་སྟབས་བདེ་རེད་ཨང། འདི་ནི་ང་རང་གི་ལྟ་ཚུལ་ཙམ་སྟེ། གང་ལྟར་ཀྱང་གང་ཞིག་ན་ཅི་ཞིག་འགྲིག་གི་མེད་པ་ཁོ་ཐག་རེད་སྙམ།།