ཡིད་སྨོན།
མཁའ་ན་རང་དབང་སྐྱོད་པའི་སྤྲིན་དཀར་ལ་ལྷོད་བག་མཆིས།
ཡལ་གར་འཕུར་ལྡིང་རྩེན་པའི་བྱེའུ་ལ་སྤྲོ་སྣང་ལྡན།
ཀྱེ། སྤྲིན་དཀར་ལགས།
ཁྱོད་ཉིད་ཀྱི་མཚུངས་མེད་ལྷོད་བག་དེ་བདག་ལ་སྩོལ་ཅིག
ཀྱེ། བྱེའུ་ལགས།
ཁྱོད་ཉིད་ཀྱི་ལྷད་མེད་སྤྲོ་སྣང་དེ་བདག་ལ་གནང་རོགས།
མིག་ཆུ།
མཆི་མ་འདི།
མི་ཚེའི་མི་བཟད་དཀའ་སྡུག་གིས་བསྙིལ་བ་མིན།
སེམས་ཁོང་ནས་བརྡོལ་བའི་ཁོ་མོའི་གླུ་གཞས་ཀྱིས་བསྙིལ་བ་ཡིན།
མཆི་མ་འདི།
མི་ཚེའི་མི་བཟད་འབྲལ་གདུང་གིས་བསྙིལ་བ་མིན།
མནར་གཅོད་ཀྱིས་གདུང་བའི་ཁོ་མོའི་འཛུམ་དམུལ་གྱིས་བསྙིལ་བ་ཡིན།
སང་ཉིན།
བདག་གིས། སང་ཉིན་ཏེ།
སང་ཉིན་གྱི་ལྷན་འཛོམས་ཀྱི་ཆེད་དུ།
གྲ་སྒྲིག་དང་གཟབ་འཕྱོར་སྤྲོ་བཞིན་ཡོད་ཅེས་སྨྲས་པ་ལ།
ཁྱོད་ཀྱི་ནི། ཕྱི་མ་སྟེ།
ཚེ་ཕྱི་མ་ཁ་འཐོར་ཡ་བྲལ་དུ་མི་འགྲོ་བའི་སླད་དུ།
གསོལ་མཆོད་དང་སྐྱབས་འཇུག་ཞུ་བཞིན་ཡོད་ཟེར།
དམ་བཅའ།
ངས་ཁྱོད་ལ་དམ་བཅས་ཡོད།
ཁྱོད་ཉིད་མཇལ་སྐོར་དུ་བགྲོད་པའི་ལམ་ངོགས་སུ།
རས་གུར་ཕུབ་ཅིང་། ཇ་ཐབ་བརྒྱབས་ཏེ།
ཁྱོད་ཀྱི་ངལ་གསོ་ལ་ངང་བསྒུག་བྱའོ་ཞེས།
ངས་ཁྱོད་ལ་དམ་བཅས་ཡོད།
འདུ་བྲལ།
བརྩེ་བའི་སེམས་པ་ལགས།
སྡོང་ལོ་འཐོར་བཞིན་པའི་སྟོན་མཇུག་འདིར།
ཁྱོད་ཀྱི་སེམས་པ་སོང་བའི་མི་དེ་ཉིད།
ཕྱི་མིག་དང་བཅས་རྒྱང་དུ་བུད་སོང་།
མཚོ་རྫིང་ལ་འགྲམ་དར་ཆགས། ཁྲུང་ཁྲུང་རྣམས་ལྷོ་རུ་འཕུར།
ཞེན་པའི་སེམས་པ་ལགས།
ཁ་བ་འབབ་བཞིན་པའི་དགུན་ཁ་འདིར།
ཁྱོད་ཀྱི་སེམས་པ་སོང་བའི་མི་དེ་ཉིད།
སྐྱོ་ངལ་དང་བཅས་ཁྱོད་ཉིད་གཟས་ནས་ཐོན་བྱུང་།
ཐབ་མེ་འབར་གྱིན་གདའ། འོ་ཇ་ཁོལ་བཞིན་འདུག
སྤྱན་མིག
ཆུ་བུར་གྱི་མིག་ཡ།
ཁྱོད་ཀྱིས་མི་རྣམས་ཀྱི་སྐྱོན་ཡོན་ཇི་བཞིན་མི་མཐོང་བའི་ཕྱིར་ན།
བློ་ཆེན་རྟོགས་ལྡན་དག་ལ་དད་མོས་མི་བྱེད་པ་རེད་ཨང་།
ཤེས་རབ་ཀྱི་མིག་ཡ།
ཁྱོད་ཀྱིས་མི་རྣམས་ཀྱི་སེམས་གཤིས་ཇི་བཞིན་རྟོགས་པའི་ཕྱིར་ན།
འགྲོ་བ་མི་རྣམས་ལ་མཐོང་ཆུང་གཏན་ནས་མི་བགྱི་བ་ཡིན་ཨང་།
ཡེ་ཤེས་ཀྱི་སྤྱན་ཡ།
ཁྱོད་ཀྱིས་མི་རྣམས་ཀྱི་ལས་ཉོན་ཇི་བཞིན་གཟིགས་པའི་ཕྱིར་ན།
རྐང་གཉིས་མི་རྣམས་ཀྱི་བདེ་སྡུག་མཆི་མར་བཏོན་པ་ལགས་ཨང་།