ཕྱག་བྱ་བ།
སྙན་ཞིང་འཇེབས་པའི་ཚིག་གིས་འགུགས་ཤུགས་བསྐྱེད།།
འཁྱོག་པར་བརྗོད་པའི་ཉམས་ཀྱིས་བསླུ་བྲིད་རྒོད།།
འདོད་རྒུར་འཇོ་བའི་དོན་གྱིས་ཕུན་ཚོགས་བལྟམས།།
མཆོག་གསུམ་འདིར་འཛོམས་སྙན་ཆར་གུས་ཕྱག་འཚལ།།
ཁལ་ཆེན་པོ་དེ་དག
——སྙན་ངག་སྐོར་ཞིག་བཀླགས་པའི་འཆར་སྣང་།
སྒྱུ་མའི་རྩལ་གྱི་ནམ་མཁའི་ཀློང་ཡངས་ནས།།
སྒྱུ་འཕྲུལ་ཚོན་ལྔའི་འཇའ་ལམ་ལ་རེ་མོད།།
ཉི་མ་ནུབ་ཏུ་ཡིབ་འདྲའི་འཇིག་རྟེན་ལས།།
མྱང་འདོད་སྤྲོ་དགུར་ལྕི་མོའི་ཁལ་ཅིག་བཀལ།།
ཁྲིམས་དཔོན།
འཁྱོག་པར་མ་བརྗོད་པར་ཕྱིན་ན་འདོད་འཇོའི་སྒྱུ་འཕྲུལ་གྱིས་སྟོང་འདྲ།།
དྲང་པོར་མ་བརྗོད་པར་བཞུད་ཚེ་འདོད་དོན་བྱེའུ་ཆུང་རང་འཕུར་འགྲོ།།
དྲང་འཁྱོག་བསྣོལ་མ་ཡི་ཚད་ལྡན་འདོད་འཇོའི་བ་མོ་རུ་འགྱུར་མིན།།
དོན་དམ་ཁྲིམས་དཔོན་གྱི་རྒྱལ་པོ་ལྷན་རྒྱས་སོ་སོ་བ་ཡིན་ནོ།།
སྙན་རྒུའི་སློང་མོ་རེ་ཞུས་ན།
སྟོད་ལ་འཕུར་ན་ལྷ་ཡི་ཚངས་པའི་དབྱངས།།
བར་ནས་གྱེར་ན་མི་ཡུལ་སྙན་རྒུའི་གླུ།།
སྨད་དུ་འཛུལ་ན་ཀླུ་ཡི་བང་མཛོད་མཆོག།
སྟོད་སྨད་བར་ཀུན་ཆོད་པ་དབྱངས་ཅན་ངག།
ཤོད་མི་དགོས་ཀུན་གྱིས་ཤེས་ལེ་རེད།
ཚིག་རྒྱན་གྱི་སྤྲིན་ཕུང་རབ་ཏུ་འཁྲིགས།།
འཁྲིགས་འཁྲིགས་པ་ནེ་ཙོའི་མ་ཎི་བཞིན།
བཏོན་བཏོན་ཡང་དགེ་བ་ག་ཙམ་གདའ།།
བཤད་མི་དགོས་ཤོད་རྒྱུར་ངལ་བའི་རྒྱུ།།
ཚིག་གྱོང་བོའི་རྡོ་རིལ་ཐང་མར་བརྡལ།།
དོན་མི་གོ་མུན་ནག་དགུ་བརྩེགས་ཤིག།
བྲིས་བྲིས་ཀྱང་སྙན་ཆ་ག་ཙམ་གདའ།།
བཤད་མི་དགོས་ཤོད་རྒྱུར་ངལ་བའི་རྒྱུ།།
ཁ་བདེ་ལ་ལྕེ་བདེའི་ཁ་བརྡ་ཞིག།
ཐེངས་གཅིག་ལ་ཨེན་ཙམ་འགྲིག་ལེའང་།།
དོན་དམ་པའི་ནང་རྫོང་ག་ཙམ་གདའ།།
བཤད་མི་དགོས་ཤོད་རྒྱུར་ངལ་བའི་རྒྱུ།།
ཚིག་སྙན་མོའི་ཡིད་ཀྱི་གཞུ་མོ་འགུག།།
དབྱངས་འདེགས་འཇོག་རྒོད་པའི་བཟི་ཁ་བཙན།།
དོན་ཟབ་མོའི་ཡིད་ལ་རི་བོ་ལྷུན།།
བཤད་མི་དགོས་ཀུན་གྱིས་ཤེས་ལེ་རེད།།
དྲན་པའི་འོ་ཇ་དཀར་པོ།
དྲན་པའི་མེ་དཔུང་ཐབས་མགོར་འཕྱོ་ཞིང་རྩེན།།
དུང་བའི་ཆུ་ཁོལ་གཏིང་ནས་ལྷོག་ལྷོག་གདུ།།
དྲན་དུང་བསྣོལ་མའི་འོ་ཇ་འཕྱུར་བའི་རླབས།།
གཅིག་ལས་གཅིག་ལྷག་རབ་ཏུ་གཡོ་དང་བཅས།།
བརྩེ་མདངས་དཀར་བོ་སེམས་ནས་ཁོལ་བ་འདི།།
རྒྱང་ཐག་ཆོད་པའི་དྲིན་གྱིས་བསྐྱངས་ལས་ཆེ།།
མདའ་དང་གཞུ།
གཞུ་ཉིད་རང་མ་འཁྱོགས་ན་མདའ་མོ་དེ་ཇི་ལྟར་འཕེན།།
མདའ་མོ་དེ་མ་དྲང་ན་འབེན་དཀྱིལ་ལ་ཇི་ལྟར་ཕོག།
གཞུ་མོ་དེ་གཞུ་མོ་ན་གུག་ས་ནས་གུག་དགོས་ལ།།
མདའ་མོ་དེ་མདའ་མོ་ན་དྲང་ས་ནས་དྲང་དགོས་ཏེ།།
དྲང་འཁྱོག་གི་ལམ་བུ་ལས་དབུས་ལམ་རང་བརྒྱུད་བརྒྱུད་ན།།
ཕུགས་བསམ་གྱི་འབེལ་དཀྱིལ་ལ་ཕོག་ངེས་པའི་ལྷ་སྐལ་ཡོད།།
མདའ་འཕེན་པ།
མདའ་གཞི་གཉིས་འཛོམས་ཀྱི་བཀྲ་ཤིས་གཡས་སུ་འཁྱིལ།།
གཏད་སའི་འབེན་ལ་ནི་ཕོག་འདོད་སྐོམ་པའི་ཆུ།།
ལས་དང་ལམ་བུ་ཟུང་ཤར་དང་ནུབ་གྱེས་ནས།།
འབེན་དཀྱིལ་གོར་མོ་དང་རྒྱང་དུ་བྲལ་ཀྱང་རུང་།།
མྱོང་རྒྱུན་བཞུར་ལུགས་གང་བཙོ་མའི་གསེར་དུ་ན།།
ཕམ་རྒྱལ་འོ་ཆུའི་མཚམས་ངང་བ་འདྲེན་དོན་མེད།།
མདའ་གཞུའི་འཕྲོད་སྦྱོར།
དོན་མེད་ཁ་བཤད་ལྦུ་བ་སབ་སོབ་དེ།།
མདའ་མོ་མེད་པར་གཞུ་རྒྱུད་འཐེན་པ་འདྲ།།
དོན་ཡོད་ལེགས་ལེན་གསེར་དུ་མ་སྦྱངས་པ།།
གཞུ་མོ་མེད་པའི་མདའ་ཞིག་བསྟན་པ་འདྲ།
གཉིས་ཀ་འཛོམས་པ་བཀྲ་ཤིས་རྟགས་བརྒྱད་ན།།
མདའ་གཞུ་འཕྲོད་སྦྱོར་ལས་ལ་སྦྱོར་བར་ཤོག།