ཨག་སྐད་ཅིག་རྒྱག་འདོད་རུང་།
ངག་སྒོ་འགག་པ་ལྟར་ལུས་སོང་།
སེམས་པ་ལག་མཐིལ་ལ་བླངས་ནས་བཙིར་ནའང་།
མིག་ཆུ་ཐིགས་པ་གཅིག་ཀྱང་བཙག་རྒྱུ་མ་བྱུང་།
ངུ་རྒྱུ་མི་ཡོང་ཞིང་།
དགོད་རྒྱུ་ཞིག་ཀྱང་མི་ཡོང་དུས།
མིག་ཟུང་བགྲད་ནས་འཇིག་རྟེན་འདིར་ཅེ་རེར་ལྟ་བ་ལས།
ཐབས་ཤེས་ཟེར་བ་ཞིག་ཁྱོན་ནས་མ་རྙེད།
སེང་གེ་གཟེབ་ནང་དུ་ཚུད་ནས་གདའ།
ཁྱི་ཕྲུག་དག་ཕྱུག་བདག་ཚོའི་གཅེས་ལོར་གྱུར་ཟིན།
མིག་གིས་མི་མཐོང་བ་མ་གཏོགས།
ཨ་སྔོན་དབྱིངས་སུ་རྒོད་པོའི་གཤོག་འགྱུར་ཡོད་ཀྱང་སྲིད།
ཚེ་ནོམ་དུ་བསྒོམས་ཡོད་པ་དག
ཟད་ནས་ཚར་བཞིན་པ་དག
བསྐྱར་དུ་འགྲུབ་བཞིན་པ་དག
མིག་གིས་བལྟས་བལྟས་རིག་རིག་ལ།
ད་ནི་མཐོང་ལམ་གྱི་ཡོད་ཚད་འགྱུར་ཚར་འདུག
2022.11.28ལ་ཟི་ལིང་ནས།
བར་སྐོར་གྱི་ལམ་ནས།
ང་རང་ཐེངས་ལྔ་བར་ལྷ་སར་འབྱོར་དུས།
ཉིས་སྟོང་ཉེར་གསུམ་ལོའི་ལོ་མཇུག་ཅིག་ཡིན།
ལོ་མཇུག་གི་ཕྱི་དྲོ་ཞིག་ཡིན།
ཕྱི་དྲོ་དེའི་ཉི་མས།
ཞེ་དུང་དུང་གི་ཕྱི་མིག་བར་སྐོར་ལ་འཕེན་སྐབས།
ང་ཡང་བར་སྐོར་གྱི་ལམ་ན་ཡོད།
སྟོང་ལྷང་ལྷང་གི་དྲན་པ་ཞིག་རུམ་ནས།
སེམས་ཆུང་གི་གོམ་ཁ་ཡང་མོ་རྡོ་གཅལ་སྟེང་སྤོ་དུས།
ང་རང་ཤེས་མེད་ཚོར་མེད་ངང་།
མི་མངོན་དབྱིངས་སུ་ཡིབ་པའི་མིག་མདངས་དེའི་ཟབ་སར་བྱིང་སོང་།
ཉི་མ་བྲེལ་མྱུར་ངང་ནུབ་སོང་།
རླུང་བུའང་ཇེ་འཁྱག་ཏུ་ཕྱིན་སོང་།
ཇོ་ཁང་གི་སྒོ་མོའང་སྔ་ས་ནས་བརྒྱབ་ཟིན་པས།
ང་རང་ནང་སེམས་ཀྱི་ཁང་པའི་ཕྱི་རོལ་ནས་སྡོད་དུས།
སྐྱོ་ལྷང་ལྷང་གི་སྣང་བ་ཡན་གར་བ་ཞིག་གིས།
བཟོད་གླགས་མེད་པར་གྲང་འདར་བརྒྱབ་བྱུང་།
གྲང་འདར་ཡང་ཡང་བརྒྱབ་བྱུང་།
2023.12.13ལ་ཉིང་ཁྲི་ནས།
མཚན་གཞས།
མཚན་མོ་འདིའི་དུང་ཟླ་ཅི་འདྲའི་གསལ།
མཚན་མོ་འདིའི་རླུང་བུ་ཅི་འདྲའི་བསིལ།
ཐག་རིང་གི་གནམ་མཐའ་ནས།
ཁྱོད་ཀྱི་ངང་སྒུག་གི་སྐར་མ་ལམ་ལམ་འཚེར་ཞིང་།
ཡིད་སེམས་ཀྱི་རི་རྩེ་ནས།
ཁྱོད་ཀྱི་ལྷག་བསམ་གྱི་རླུང་རྟ་ལང་ལོང་འཕྱོ་དུས།
ངས་ཁེར་རྐྱང་གི་གོམ་ཁ་ལྕི་མོ་གང་ལ་སྤོ།
ངས་དྲན་གདུང་གི་སེམས་པ་གཉོམ་པོ་སུ་ལ་འབུལ།
མཚན་མོ་འདིའི་སྒྲ་དབྱངས་ཅི་འདྲའི་སྙན།
མཚན་མོ་འདིའི་དུས་ཚོད་ཅི་འདྲའི་དལ།
ཉིན་ཞག་གི་སྦྲེལ་མཚམས་བར།
ཁྱོད་ཀྱི་ཡིད་འོང་གི་ཞལ་རས་སྒོར་མོ་དྲན་ཞིང་།
མཚན་གུང་གི་སྟོང་འདང་ཁྲོད།
ཁྱོད་ཀྱི་འཇམ་མཉེན་གྱི་དུངས་ཞེན་རྣལ་མ་ཚོར་དུས།
ང་ལ་ཁྱོད་ལས་ལྷག་པའི་ལོག་མལ་ཞིག་ཡོད་མི་སྲིད།
ང་ལ་ཁྱོད་ལས་གཞན་པའི་དྲན་ཤིང་ཞིག་ཡོད་མི་སྲིད།
2024.1.4ལ་རྩོམ་རྙིང་བསྐྱར་དུ་བཅོས།