གནའ་སྔ་མོར། རི་བོ་འདི་ལ་གདགས་བྱའི་མིང་མི་འདུག
ཆགས་སྡང་དང་རྨིག་སྒྲ།
ཁྲབ་རྨོག་དང་ངལ་དུབ་ཁོ་ན་ལས།
དུས་དེར། བཞོན་རྟ་གཡུལ་དུ་བསད་ཡོད་ངེས།
དུས་དེར། གདོང་ལ་ཁྲག་བྱུགས་ཡོད་ངེས།
དུས་དེར། སྟོང་རུ་མཚོ་ནག་གི་ཁེར་རྐྱང་ལ་བསམས་ནས།
ཁྱེད་ཀྱང་སྐྱོ་གདུང་ཆེན་པོའི་རི་བོར་གྱུར།
གཏན་ཚིགས་དང་དཔའ་མཛངས་ཀྱི་རུ་དར།
སྲིད་པའི་རྒས་འཁོགས་ཀྱི་ངོ་གདོང་དུ་བརྐོས།
འཁྲེང་ཞེན་གྱི་རྣམ་ཤེས། ད་དུང་།
རི་རྩེའི་གངས་འཁྱག་ཏུ་གྱུར་ཏེ།
ཕྱིར་མི་ལྡོག་པའི་དམ་བཅའ་བསྲུངས།
ཟླ་བ་བཅུ་གཅིག་པར།
དགའ་སྐྱོའི་ཉིན་སྲིབ་ལ་འཁོར་བའི་ཟླ་བ་བཅུ་གཅིག་པར།
སྟོང་ཤོག་གི་འཇིག་རྟེན་ཧྲིལ་བོར་ཤིན་ཏུ་ལྕི་བའི་ཁ་བ་བབས།
དེ་ནས་བཟུང་། ཆུ་དང་རྡོ་བ་ཐམས་ཅད་ལ་རུས་མིང་ཡོད་པར་གྱུར།
དུས་ཚོད་ཀྱི་ཁ་བ་ལྷོད་ཀྱིས་བཞུས་ཀྱང་།
དགོངས་བློན་ཆེན་པོ། སྔར་བཞིན་རི་ལ་གནས་ཡོད།
ཕྲུ་མའང་རི་ཤོད་དུ་བཏབ་ནས།
དེ་རིང་གི་རྡོ་སྦིས་ལྟར་ཞིང་རྨོ་མགོ་བརྩམས།
ཀྱག་ཀྱོག་གི་རི་ལམ་བརྒྱུད་དུས།
ད་གཟོད། དུས་ཚོད་ནི་གཟུགས་མེད་ཀྱི་རླུང་བུས་ཁུར་ཟིན་པ་ཚོར།
ཉི་འོད་ཀྱི་ཟེགས་མ་རེ་རེའང་ངག་རྒྱུན་དུ་གྲུབ་སྟེ།
རི་ཤོད་ཀྱི་རྣང་ཞིང་དུ་སྐྱེས་ཤིང་སྨིན།
ཁ་བ་ཡི་གེའི་ངོས་སུ་ལྷིང་འཇགས་ཀྱིས་གཟིམས།
རྡོ་བ་དང་ཆུ་ཕྲན། ཉི་འོད་དང་རླུང་བུས།
བདག་གི་མཐའ་ཡས་པའི་ཚིག་རྒྱན་ཁྲོད།
ཁ་དོག་གཞན་ཞིག་མཚོན་གྱིན་འདུག
གཏམ་རྒྱུད་དང་ཉེ་བར་བཅར་ཚེ།
གནས་འདིའི་རླུང་བུ་ནི་གནའ་སྔ་མོ་བཞིན།
གནས་འདིའི་ཉི་འོད་ཀྱང་གནའ་སྔ་མོ་བཞིན།
དགོངས་བློན་ཆེན་པོས། བསྐལ་པའི་ཐ་སྙད་ཀྱི་གསེང་ནས།
བདག་གི་འགྲུལ་བཞུད་ལ་འོད་སྣང་སྤྲོས་བྱུང་།
ཧོར་གཙང་ཤིང་སྒོར་སླེབས་ཀྱང་།
བློང་བློང་བོར་གྱུར་པའི་སེམས་པ།
སྒེའུ་ཁུང་ཕྱི་རོལ་ཏུ་ཧམ་སེམས་ཀྱིས་བརྒྱུགས་པའི།
རླུང་བུ་ལྡོམ་པོ་དེས་འཁུར་ན་སྙམ།