ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས《ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ།》(གཤམ་དུ《བརྡ་ཐོ།》ཞེས་བསྡུ་རྒྱུ།)པར་འགྲེམས་བྱས།
《བརྡ་ཐོ།》ཡི་ནང་བཟོ་བཅོས་བརྒྱབ་རྗེས་ཀྱི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ།)སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་ཆེད་ཏང་ཀྲུང་དབྱང་གི་མོས་མཐུན་ཐོབ་པར་བརྒྱུད་2024ལོའི་ཟླ་4པ་ནས་ཟླ་7པའི་བར་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་དགོས་པ་བསྟན།
《བརྡ་ཐོ།》ཡི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་སེམས་ཁུར་མི་བྱེད་པ་དང་རྒྱུས་མངའ་མེད་པ། ཁོང་དུ་ཆུད་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་དམིགས་ནས་ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ《སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ་དང་སྒྲིག་ཁྲིམས་ཁོང་དུ་ཆུད་པ། སྒྲིག་ཁྲིམས་བརྩི་སྲུང་ཐུབ་པ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ཅི་ཞིག་ཡིན་པ། གང་ཞིག་བྱེད་དགོས་པ། གང་ཞིག་བྱེད་མི་རུང་བ་ཁོང་དུ་ཆུད་ཅིང་། སྒྲིག་ཁྲིམས་བརྩི་སྲུང་དེ་སེམས་ནང་བཞག་ནས་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བ་བྱས་ཏེ། སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་དགོས་པ་བསྟན།
《བརྡ་ཐོ།》ཡི་ནང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་དེ་རྒྱུན་གཏན་ནང་འདྲེས་པ་དང་རྒྱུན་གཏན་དུ་དམ་འཛིན་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ཇི་མ་ཇི་བཞིན་སློབ་སྦྱོང་བྱས་ཏེ་མི་སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་དོན་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་དམ་པོར་དམིགས་ནས་ཞིབ་བསྡུར་བྱས་ཏེ《སྲོལ་ཡིག》སེམས་ནང་ཟུག་རྒྱུར་སྐུལ་འདེད་གཏོང་དགོས། ཉེན་ཟོན་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་གཏིང་ཟབ་བྱེད་པ་དང་ཉེ་འགྲམ་གྱི་བྱ་བར་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏང་རྒྱུར་མཐོང་ཆེན་བྱས་ཏེ། ཏང་ཡོན་དང་ལས་བྱེད་པར་རྨོངས་གཉིད་ལས་སད་པ་དང་། འགྲེལ་བཤད་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས《སྲོལ་ཡིག》ཤེས་རྟོགས་དང་བེད་སྤྱོད་གཏིང་ཟབ་ཏུ་གཏོང་དགོས། 2024ལོ་འཁོར་གྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་པའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག《སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་དེ་ལྟ་སྡུར་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩི་དགོས་པ་ནན་མོར་བསྟན།
《བརྡ་ཐོ།》ཡི་ནང་རིམ་ཁག་ཏང་ཨུ(ཏང་ཙུའུ)ཡིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱེད་པ་དང་ལྟ་སྐུལ་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་དགོས་པ། ལས་དོན་དྲིལ་བསྒྲགས་དང་ཁྲིད་སྟོན་ཡག་པོ་བྱས་ཏེ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་བསྟན། །