སྤྱི་ཟླ་4པའི་ཚེས་26ཉིན་གྱི་སྔ་དྲོར། སྤྱི་གླིང་གྲོང་ཁྱེར་དང་མཛེས་སྡུག་ལྡན་པའི་མི་སྡོད་ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2024ལོའི་ཁྲེང་ཏུའུ་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་སྟོན་ཚོགས་དེ་ཁྲེང་ཏུའུ་ཤར་རྒྱུད་ཁུལ་གསར་གྱི་ཚོགས་ར་གཙོ་བོའི་ཐེན་ཧྥུའུའི་སྤྱན་མིག་ཞེས་པའི་ཐང་ཆེན་དུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲེང་འགོ་ཚུགས་མཛད་སྒོར་ཕེབས་པར་མ་ཟད་ཤིས་ཚིག་ཕུལ། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་གོའི་མེ་ཏོག་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་ཀྲང་མེ་ཡིང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཞའོ་ཧུའེ། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་འགོ་འཛིན་ཧོང་ཆང་། རྒྱལ་ཁབ་ནགས་ཚལ་ཅུས་ཀྱི་ཅུས་ཀྲང་ཀོན་ཀྲི་ཨོ་དང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲེང་ཏུའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཧྲི་ཞའོ་ལིན་འགོ་ཚུགས་མཛད་སྒོར་ཞུགས། ཧོང་ཆང་དང་། རྒྱལ་སྤྱིའི་ལྡུམ་རའི་ལག་རྩལ་ཐོན་སྐྱེད་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལའེ་ཨང་ན་ཏུའོ་ཁ་ཕི་ཐ་ཉི་ཨའོ། ཀྲུང་གོའི་མེ་ཏོག་མཐུན་ཚོགས་ཀྱི་ཚོགས་གཙོ་ཅང་ཙེ་ཧུའེ་བཅས་སོ་སོས་ཤིས་ཚིག་ཕུལ།
ཧན་ཀྲེང་གིས་བསྟན་དོན། ལོ་ལྔའི་གོང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་སྟོན་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་ཐུན་མོང་ཐོག་འཛུགས་སྐྲུན་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་འདོད་ཡོད་པས། འཛམ་གླིང་རྒྱལ་ཁབ་ཁག་གིས་དང་ལེན་ཧུར་ཐག་བྱས་ཡོད་ཅེས་གསུངས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པའི་མཛུབ་ཁྲིད་འོག་ཀྲུང་གོའི་སྲིད་གཞུང་གིས་ལྗང་མདོག་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་མི་དམངས་ལ་གནམ་སྔོན་པོ་དང་སྤྲིན་དཀར་དང་སྔོ་ལྗང་གི་རི་ཆུ་ཀླུང་གསུམ། བྱ་སྐད་དང་མེ་ཏོག་གི་དྲི་བསུང་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་ཏེ་གོ་ལ་ཧྲིལ་པོར་བཞི་ཆ་གཅིག་ཙམ་གྱི་གསར་འཕར་སྔོ་འགྱུར་རྒྱ་ཁྱོན་ལེགས་སྐྱེས་ཕུལ་བ་དང་། མིའི་རིགས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
ཧན་ཀྲེང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་སྔར་བཞིན་གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་ཁོར་ཡུག་གནད་དོན་འཕྲད་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱ་རྒྱུ་དེ་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡོད། རྒྱལ་ཁབ་ཁག་གིས་ལག་གདང་སྦྲེལ་ཞིང་དཔུང་པ་མཉམ་གཤིབ་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དུ་འགྱུར་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
སི་ཁྲོན་ཞིང་ཆེན་གྱི་འབྲེལ་ཡོད་འགོ་ཁྲིད་དང་། ཁྲུང་ཆིན་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད། ཀྲུང་གོར་བཅའ་སྡོད་བྱས་པའི་རྒྱལ་ཁབ་ཁག་ཅིག་གི་གཞུང་ཚབ་དང་། སི་ཁྲོན་ཞིང་ཆེན་དང་དེ་བཞིན་ཁྲེང་ཏུའུ་གྲོང་ཁྱེར་གྱི་རྒྱལ་སྤྱིའི་མཛའ་མཐུན་གྲོང་ཁྱེར་གྱི་འཐུས་ཚབ། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་པ། ཞིང་ཆེན་དང་གྲོང་ཁྱེར་ཁག་ཅིག་གི་འཐུས་ཚབ་ཚོགས་པའི་འཐུས་མི། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། རྒྱལ་ཁོངས་ཕྱི་ནང་གི་ཁེ་ལས་གྲགས་ཅན་དང་མཐུན་ཚོགས་ཀྱི་འགན་འཁུར་པ། འགྲེམས་སྟོན་ལ་ཞུགས་མཁན་ཕྱོགས་ཀྱི་འཐུས་མི་སོགས་འགོ་ཚུགས་མཛད་སྒོར་ཞུགས། །