བོད་ལྗོངས་མངའ་རིས་ས་ཁུལ་གྱི་ཏང་ཨུ་རྩ་འཛུགས་པུའུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། འཇོན་མི་ནང་འདྲེན་བྱེད་སྟངས་དང་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ནས། འཇོན་མིའི་སྣོད་བཅུད་ལེགས་སུ་གཏོང་བ་དང་ཕྱོགས་སོ་སོའི་ཕུལ་བྱུང་འཇོན་མི་གཅིག་སྡུད་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མངའ་རིས་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པར་འཇོན་མིའི་འགན་སྲུང་དང་རིག་སྟོབས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱ་ཆེད། ཉེ་ཆར་མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་འཇོན་མི་ནང་འདྲེན་གྱི་ལག་བསྟར་བྱ་ཐབས།(ཚོད་ལྟའི་ལག་བསྟར།)》(གཤམ་དུ《ལག་བསྟར་བྱ་ཐབས།》ཞེས་གསལ།)བཏོན་འདུག
ཤེས་རྟོགས་བྱུང་བར་གཞིགས་ན། 《ལག་བསྟར་བྱ་ཐབས།》དེས《བོད་རང་སྐྱོང་ལྗོངས་ཀྱི་རིམ་པ་མཐོ་བ་དང་དགོས་མཁོ་ཆེ་ལ་ཧ་ཅང་དཀོན་པའི་འཇོན་མི་ནང་འདྲེན་བྱ་ཐབས།》དང་《དུས་རབས་གསར་པའི་བོད་ལྗོངས་ཀྱི་འཇོན་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར།)》སོགས་ཀྱི་ཡིག་ཆ་བསྡུ་སྒྲིག་གང་ལེགས་བྱས་ནས་འཇོན་མིའི་སྲིད་ཇུས་ལ་མ་ལག་ཅན་གྱི་རིམ་སྤོར་ཐེངས་གཅིག་བྱས།
《ལག་བསྟར་བྱ་ཐབས།》ནང་མངའ་རིས་ས་ཁུལ་གྱི་དགོས་མཁོའི་དོན་དངོས་ལ་གཞི་ཚུགས་ཏེ་ནང་འདྲེན་བྱ་ཡུལ་དེ་རྒྱལ་ཁབ་ཕྱི་ནང་གི་རྩེར་སོན་འཇོན་མི་དང་། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་འཇོན་མི། ས་གནས་རིམ་པའི་སྣེ་ཁྲིད་འཇོན་མི་སོགས་རིགས་དྲུག་ལ་དབྱེ་ནས་ས་གནས་ཀྱི་དངོས་སྤྱོད་ཅན་གྱི་རྐང་འཛིན་འཇོན་མི་མང་དུ་བཏང་བ་དང་། སྤུས་ལེགས་རྩེར་སོན་གྱི་འཇོན་མི་གསོ་སྐྱོང་དང་རྒྱབ་སྐྱོར་བྱ་རྒྱུ་དེ་བས་མངོན་གསལ་དོད་དུ་བཏང་ནས། རྨང་གཞིའི་འཇོན་མི་ནས་རྩེར་སོན་འཇོན་མིའི་བར་གྱི་རིམ་པ་ཁག་ཏུ་ཁྱབ་ཐུབ་པ་བྱུང་ཡོད། འཇོན་མིའི་བཟའ་ཟླ་བཀོད་སྒྲིག་དང་། བུ་ཕྲུག་སློབ་ཞུགས། གཞིས་ཆགས། མ་དངུལ་གཏོང་སྤྲོད། སྤྱི་ཚོགས་འགན་སྲུང་། སྡོད་ཁང་། སྨན་བཅོས་ཐོགས་མེད་བགྲོད་ལམ། སྨན་བཅོས་འགན་བཅོལ་སོགས་ཐད་ཀྱི་སྲིད་ཇུས་ཆ་ཚང་བཏོན་ཏེ། ཆབ་སྲིད་ཐད་སྐུལ་མ་གཏོང་བ་དང་།ལས་དོན་ཐོག་ནས་རྒྱབ་སྐྱོར་དང་། ཐོབ་ཐང་ཐད་འགན་སྲུང་། འཚོ་བའི་ཐད་སེམས་ཁུར། སེམས་ཁམས་ཐད་ཐུགས་ཁུར་བཅས་བྱས་ཏེ། འཇོན་མིར་དགའ་ཞེན་དང་། འཇོན་མིར་གཅེས་སྤྲས། འཇོན་མིར་བརྩི་བཀུར། འཇོན་མིར་སྲུང་སྐྱོང་སོགས་ཀྱི་རྣམ་པ་ཟབ་མོ་ཧུར་ཐག་བསྐྲུན་ཏེ། གཏོགས་སེམས་དང་སྐྱིད་སེམས་ཆེ་རུ་གཏང་རྒྱུ་རེད། །