སྤྱི་ཟླ་4པའི་ཚེས་15ཉིན། རྒྱལ་ཁབ་གློག་དྲས་སྐྲུན་བཞིན་པའི་སི་ཁྲོན་དང་ཁྲུང་ཆིང་གི་མཐོ་གནོན་ཚད་ཆེ་བའི་སྤེལ་རེས་ལས་གྲྭའི་དཀར་མཛེས་ཀྱི་ཆན་ཧྥུའུ་1000གི་གློག་སྒྱུར་ས་ཚིགས་གསར་སྐྲུན་ལས་གྲྭའི་ཡུལ་དངོས་སུ། ལྗིད་ཚད་ཏུན་370ཟིན་པའི་ཆན་ཧྥུའུ་1000གི་གཙོ་འགྱུར་གློག་གནོན་སྒྱུར་ཆས་གཙོ་གཟུགས་ཤིག་ཡུལ་དངོས་སུ་སྒྲིག་སྦྱོར་ལེགས་གྲུབ་བྱུང་། དེ་ནི་རྒྱལ་ནང་དུ་གཞི་ཁྱོན་ཅན་གྱི་སྒོ་ནས་དམིགས་བསལ་མཐོ་གནོན་ཚད་ཆེ་བའི་གློག་གནོན་སྒྱུར་ཆས་གཙོ་གཟུགས་ཁ་ཐོར་གྱི་སྒྲིག་སྦྱོར་ལག་རྩལ་ཐོག་མར་སྤྱད་པ་ཞིག་རེད།
སི་ཁྲོན་དང་ཁྲུང་ཆིང་གི་མཐོ་གནོན་ཚད་ཆེ་བའི་སྤེལ་རེས་ལས་གྲྭའི་དཀར་མཛེས་ཀྱི་ཆན་ཧྥུའུ་1000གི་གློག་སྒྱུར་ས་ཚིགས་གསར་སྐྲུན་ལས་གྲྭ་དེ་དར་མདོ་རྫོང་འགག་པ་ཡུལ་ཤོག་གླིང་ཆུ་གྲོང་ཚོར་གནས་ཡོད། སི་ཁྲོན་དང་ཁྲུང་ཆིང་གི་མཐོ་གནོན་ཚད་ཆེ་བའི་སྤེལ་རེས་ལས་གྲྭའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྣམ་གྲངས་བསྐྲུན་རྗེས་རང་རྒྱལ་གྱི་ལྷོ་ནུབ་གློག་དྲའི་དྲ་སྒྲོམ་གཙོ་བོའི་གློག་གནོན་རིམ་པ་དེ་ཆན་ཧྥུའུ་500ནས་ཆན་ཧྥུའུ་1000བར་མཐོ་རུ་འགྲོ་རྒྱུ་ཡིན་པ་དང་། ས་བབ་མཐོ་བ་དང་འཁྱགས་པ་ལྕི་བ། ས་ཡོམ་གཏོར་ཚད་མཐོ་བའི་ཁོར་ཡུག་ཆེན་པོ་གསུམ་གྱི་འོག་ལོ་ལྟར་དྭངས་གཙང་གློག་ནུས་ཏུའུ་དུང་ཕྱུར་120ཙམ་སྐྱེལ་འདྲེན་བྱས་ནས། ཉག་ཆུ་དང་རྒྱལ་མོ་རྔུལ་ཆུ་བརྒལ་བའི་ཆུ་གློག་གསར་སྣོན་བློས་འགེལ་ཆོག་པའི་ངང་སྐྱེལ་ཐུབ་པ་བྱ་རྒྱུ་དང་། ཁྲེང་ཡུས་ཐེག་ཚད་ལྟེ་གནས་ཀྱི་གློག་སྤྱོད་དགོས་མཁོ་འགན་སྲུང་དང་། ཁྲེང་ཡུས་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་ཧྲིལ་པོའི་གློག་ཤུགས་འགན་སྲུང་བྱེད་ནུས་ཆེས་ཆེར་གཏོང་ཐུབ། །