སྤྱི་ཟླ་4པའི་ཚེས་13ཉིན། དཀར་མཛེས་ཁུལ་བྲག་འགོ་རྫོང་ཤྭ་རྭ་ཐང་གྲོང་རྡལ་གྱི་ཡུལ་མི་རྣམས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ནས་ཞིང་སར་བསྐྱོད་དེ། དྭངས་གཙང་དྲི་མེད་ཀྱི་ཁ་བཏགས་ལག་ཏུ་བཟུང་ཞིང་ལྷ་བསང་དང་ཁ་གཡང་གི་ཁྲོད་ནས་གནའ་བོའི་རྨོན་དོར་བསྡེབས་པའི་སྲོལ་རྒྱུན་དང་དེང་རབས་ཞིང་ལས་འཕྲུལ་ཆས་ཟུང་དུ་སྦྲེལ་བའི་རྨོ་འདེབས་བྱེད་སྒོ་སྤེལ།
བྲག་འགོ་རྫོང་གིས་ལོ་ལྟར་རྨོ་འདེབས་དུས་ཆེན་སྤེལ་བ་དང་། གྲོང་མི་ཚོས་ལོ་གསར་པའི་ཞིང་ལས་ཐོན་སྐྱེད་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད།
ད་ལོ་ཆར་ཆུ་དུས་སུ་འབབ་པ་དང་འབྲུ་རིགས་སྣ་ལྔའི་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ། ཞེས་སྔ་དྲོའི་ཆུ་ཚོད་10པར། རྒན་པའི་བཀྲ་ཤིས་པའི་བསྟོད་ཚིག་གི་ཁྲོད་ལོ་38ལོན་པའི་ཕུན་ཚོགས་དབང་ལྡན་དང་སྐྱེས་པ་གཞན་གཉིས་ཀྱིས་རྨོ་མཛོ་ཞིང་ནང་དུ་དེད་དེ། ལོ་གསར་པའི་ཐོང་གཤོལ་དང་པོ་དེ་རྒྱབ། རྗེས་སུ་འབྲངས་བའི་བུ་མོ་རྣམས་ཀྱིས་ལག་ནས་ས་བོན་བཏབ། ཤྭ་རྭ་ཐང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ནོར་བུ་རྒྱལ་མཚན་གྱིས། ང་ཚོའི་གྲོང་རྡལ་དུ་ད་ཆ་ཞིང་ལས་འཕྲུལ་ཆས་ཅན་གྱི་ཐོན་སྐྱེད་མངོན་འགྱུར་བྱུང་ཡོད་མོད། འོན་ཀྱང་མཐོ་སྒང་གི་རྨོ་འདེབས་རིག་གནས་རྒྱུན་འཛིན་བྱ་ཆེད། ཐོང་གཤོལ་དང་པོ་དེ་སྔར་བཞིན་རྨོ་མཛོ་ལ་བརྟེན་ནས་རྨོ་བཞིན་ཡོད་ཅེས་བཤད།
ཐེངས་འདིའི་རྨོ་འདེབས་དུས་ཆེན་རིང་། སྤྱི་གཉེར་ཁང་མང་པོ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མཉམ་ལས་ཁང་མང་པོས་ནས་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ནས་ནས་ཀྱི་ཚོང་ལམ་གྱི་གནད་དོན་ཐག་གཅོད་བྱས་པ་རེད། །