རྩིས་ཁྲར་དངུལ་སྒོར་15000འབྱོར་འདུག །དངུལ་སྤྲོད་མཁན་ཀྲུང་གུང་བཙན་ལྷ་རྫོང་ཨུའི་རྩ་འཛུགས་པུའུ་ཡི་་་་་་ཞེས་བཤད་བཞིན། དཔྱིད་ཀ་འདིར། བཙན་ལྷ་རྫོང་ཞིན་ཆའོ་ཡུལ་ཤོག་གི་ཞང་ཀྲང་གཞོན་པ་ལིའུ་དབྱི་ཆེས་དགའ་བའི་དོན་དག་དེ་རེད།
ལོ་གསུམ་གྱི་ཡར་སྔོན། ལིའུ་དབྱི་ཡིས་ལས་དོན་ལ་འབད་བརྩོན་བྱས་པ་དང་ཆབས་ཅིག་རྒྱལ་ཁབ་ཀྱི་རྩེར་སོན་གཉིས་ཀྱི་འཛུགས་སྐྲུན་མཐོ་རིམ་སློབ་ཆེན་ཏེ་ལྷོ་ནུབ་རྡོ་སྣུམ་སློབ་ཆེན་གྱི་ལས་ཐོག་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ནས། སྤྱི་ཚོགས་ལས་དོན་ཆེད་ལས་སློབ་སྦྱོང་བྱས་པ་དང་2023ལོའི་ཟླ་6པར་བདེ་བླག་ངང་སློབ་མཐར་ཕྱིན།
བཙན་ལྷ་རྫོང་གི་སློབ་མཐར་ཕྱིན་རྗེས་མུ་མཐུད་དུ་རྫོང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཤེས་ལྡན་མི་སྣའི་སྲིད་ཇུས་གཞིར་བཟུང་། ཞིབ་བཤེར་གཏན་འབེབས་ཀྱི་གོ་རིམ་ནན་པོ་བརྒྱུད་རྗེས། ད་ལོའི་ཟླ་བ་2པར། བཙན་ལྷ་རྫོང་ཨུའི་རྩ་འཛུགས་པུའུ་ཡིས་དུས་བཀག་ལྟར་ལིའུ་དབྱི་ལ་བཙན་ལྷ་རྫོང་གི་ཤེས་ལྡན་མི་སྣའི་སློབ་ཡོན་དང་མཐོར་འདེགས་ཡོན་ཚད་ཀྱི་དོན་ཚན་བཅུ་ཡི་འགྲོ་གྲོན་དོན་འཁྱོལ་བྱས་པ་རེད།
ལིའུ་དབྱི་ཡི་གཏམ་རྒྱུད་ནི་བཙན་ལྷ་རྫོང་གིས་ཤེས་ལྡན་མི་སྣ་བཀོལ་སྤྱོད་ཡག་པོ་བྱས་པའི་བསྡུས་རིས་ཡིན།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། བཙན་ལྷ་རྫོང་གིས་ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣའི་ལས་དོན་སྔོན་སྐྱོད་ཁུལ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ། ཤེས་ལྡན་མི་སྣ་སྒྲིག་སྲོལ་དང་ལམ་སྲོལ་བསྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས། ཤེས་ལྡན་མི་སྣའི་ནང་འདྲེན་མི་ཐུབ་པ་དང་གནས་ཆགས་མི་ཐུབ་པའི་གནད་དོན་ལ་དམིགས་པ་དང་། "དོ་སྣང་ཆེན་པོ་བཞིའ"བྱ་ཐབས་ཀྱིས་སྲིད་ཇུས་མ་ལག་རིམ་སྤོར་ལེགས་སུ་གཏོང་བ་དང་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་སྟངས་རྒྱ་ཆེར་བཏང་ནས། ཤེས་ལྡན་མི་སྣའི་ལས་དོན་སྤུས་ཚད་མཐོ་བའི་སྒོས་མཐོར་འདེགས་བཏང་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་འཕེལ་རྒྱས་ཀྱི་གསོན་ཤུགས་བསྣན།
སྲིད་ཇས་ལ་བརྟེན་ནས་སྐུལ་འདེད་གཏང་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ། ཤེས་ལྡན་མི་སྣ་གཞི་རིམ་གྱི་འཐབ་ར་དང་པོར་སྐོར་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱས། 《གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་ལོ་ལྔའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི།》དང་《དུས་རབས་གསར་པའི་བཙན་ལྷའི་ཤེས་ལྡན་མི་སྣའི་ལས་དོན་བྱེད་ཐབས་བཅུ་ཤུགས་སྣོན་དང་ལེགས་བཅོས་གཏོང་བ(ཚོད་ལྟའི་ལག་བསྟར།)》སོགས་ཀྱི་སྲིད་ཇུས་མ་ལག་གཏན་འབེབས་བྱས་ནས་བཏོན་ཏེ། ཤེས་ལྡན་མི་སྣའི་སྣེ་ཁྲིད་སྲིད་ཇུས་ཀྱི་སྟོང་ཆ་གསབ་པ། ལས་ཁུངས་དང་། ཁེ་ལས་དང་བྱ་ལས་སྡེ་ཚན་སྒྲིག་འཛུགས་བྱས་ནས་གློག་རྡུལ་ཚན་རྩལ་སློབ་ཆེན་དང་། ལྷོ་ནུབ་འགྲིམ་འགྲུལ་སློབ་ཆེན་སོགས་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭར་ཤེས་ལྡན་མི་སྣའི་སྲིད་ཇུས་སྒྲོག་འགྲེལ་དང་ཤེས་ལྡན་མི་སྣའི་ཆེད་དོན་གདན་ཞུ་བྱེད་པར་བསྐྱོད་དེ་ཤེས་ལྡན་མི་སྣ་རིགས་100ལྷག་ནང་འདྲེན་བྱས།
སྲ་མཉེན་མཉམ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་ནས་ཤེས་ལྡན་མི་སྣའི་གྲངས་འབོར་དང་སྤུས་ཚད་ཀྱི་ཕན་འབྲས་ཆེ་རུ་བཏང་། བཙན་ལྷ་རྫོང་གིས་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་སྲ་གཤིས་ཤེས་ལྡན་མི་སྣ་འདྲེན་པ་དང་མཉེན་གཤིས་ཤེས་ལྡན་མི་སྣ་འདྲེན་པའི་བྱེད་ཐབས་གཉིས་སྤྱད་པ། 2023ལོར་ཡོངས་བསྒྲགས་བསྡུ་ལེན་དང་། རྒྱུགས་ལེན་སྐོང་འཐེན། འབུམ་རམས་པ་དང་རབ་འབྱམས་པ་རྔ་བར་སྐྱོད་པ་ཞེས་པའི་བྱ་སྤྱོད་དང་། ཐད་ཀར་བསྡུ་ལེན་སོགས་ཀྱི་བྱེད་ཐབས་བརྒྱུད་སྒྲིག་ཁོངས་ནང་གི་ལས་བྱེད་ཤེས་ལྡན་མི་སྣ་86ནང་འདྲེན་བྱས། དུས་མཚུངས་སུ་དགོས་མཁོ་ཆེ་ལ་ཧ་ཅང་དཀོན་པའི་ཤེས་ལྡན་མི་སྣ་དང་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དཀོན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། རྔ་བ་ཁུལ་ཡོངས་སུ་ཐོག་མར་མཉེན་གཤིས་ཤེས་ལྡན་མི་སྣ་འདྲེན་པ་ཞེས་པ་ལག་བསྟར་བྱས་པ་དང་། 《བཙན་ལྷ་རྫོང་གི་མཉེན་གཤིས་ཤེས་ལྡན་མི་སྣ་འདྲེན་པའི་རྣམ་གྲངས་ཅན་གྱི་དོ་དམ་བྱ་ཐབས།》བཟོས་ནས་བཏོན་ཏེ། མི་སྤྱོད་ཚན་པས་ཤེས་ལྡན་མི་སྣའི་མི་དོན་དང་། ཡིག་ཚགས། ཐེམ་ཐོ། སྤྱི་ཚོགས་འགན་བཅོལ་སོགས་ཀྱི་འབྲེལ་བར་འགྱུར་ལྡོག་མི་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཤེས་ལྡན་མི་སྣར་བློ་འདྲི་མཛུབ་ཁྲིད་དང་། དུས་བྱའི་ཞབས་ཞུ་དང་། རྒན་གསོ་ཕྱིར་ལོག་སོགས་ཀྱི་རྣམ་པར་བརྟེན་ནས་བཙན་ལྷ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་མཁོ་འདོན་བྱས།
ཐོན་ལས་དང་ཤེས་ལྡན་མི་སྣ་མཉམ་འདྲེས་ལ་དོ་སྣང་ཆེན་པོ་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་། སློབ་གྲྭ་དང་ས་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ས་ཁོངས་ཡོངས་ཀྱི་ཆ་སྒྲིག་མཉམ་ལས་སྟེགས་བུ་བསྐྲུན་ཏེ། ཀྲེ་ཅང་བཟོ་ལས་སློབ་ཆེན་དང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཚན་རིག་ཁང་། ལྷོ་ནུབ་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ། རྣམ་གྲངས་ཀྱིས་འདེགས་སྐྱོར།+ཆེད་མཁས་པས་སྣེ་ཁྲིད།+རྩལ་ནུས་གསོ་སྦྱོང་བཅས་ཀྱི་རྣམ་པའི་མཉམ་ལས་བྱེད་སྟངས་གཏིང་ཟབ་དང་རྒྱ་སྐྱེད་བཏང་བ། རྔ་བ་ཁུལ་གྱི་གསར་གཏོད་ཤེས་ལྡན་མི་སྣའི་སྐྱེད་སྲིང་རྟེན་གཞི་དང་། ཁུལ་རིམ་པའི་ཡོན་ཧྲི་ཆེད་མཁས་པའི་ལས་དོན་ས་ཚིགས། རམ་འབྱམས་པ་དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་མཐོ་སྒང་ལག་ལེན་རྟེན་གཞི། བཙན་ལྷའི་ཀུ་ཤུའི་ཐོན་ལས་ཀྱི་ཤེས་ལྡན་མི་སྣའི་གྲུ་ཁ་སོགས་ཐོན་སློབ་ཞིབ་གསུམ་གྱི་ལས་སྟེགས་10བསྐྲུན་ནས། ཆེད་མཁས་པའི་ཤེས་ལྡན་མི་སྣ་དང་། ས་གནས་དང་ཁེ་ལས་ཀྱི་སྦྲེལ་ཐག་ཧྲིལ་པོའི་མཉམ་ལས་བྱེད་སྟངས་ཤིག་ཆགས་པ་རེད།
སྣེ་ཁྲིད་མཁན་ལ་དོ་སྣང་ཆེན་པོ་བྱས་ནས་རང་ཡུལ་གྱི་ཤེས་ལྡན་མི་སྣའི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱས། རྫོང་ནང་ཁུལ་གྱི་ཤེས་ལྡན་མི་སྣའི་ཞན་ཆ་དང་མི་འདང་སར་དམིགས་ནས་ལོ་ལྟར་ཕུལ་བྱུང་ཏང་སྲིད་ཀྱི་ཤེས་ལྡན་མི་སྣ་དང་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ། གྲོང་ཚོའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་ཀྲེ་ཅང་ཞིང་ཆེན་ཏེ་ཆིང་རྫོང་དང་ཁྲེང་ཏུའུ་གྲོང་ཁྱེར་ཤིན་ཅིན་ཆུས་སོགས་སུ་ལས་གནས་དང་མཉམ་དུ་སློབ་སྦྱོང་བྱེད་པར་འདེམས་གཏོང་བྱེད་ཀྱི་ཡོད། གསེར་ཁྲུང་ཞེས་པའི་ཤེས་ལྡན་མི་སྣའི་ལས་དོན་ལ་གཟེངས་བསྟོད་དང་། གསེར་གྱི་རྟགས་མའི་སྨན་དོན་མི་སྣ། གསེར་གྱི་རྟགས་མའི་སློབ་གསོ་ལས་དོན་པ། གསེར་གྱི་རྟགས་མའི་ཡུལ་སྐོར་ལས་དོན་པ། གསེར་གྱི་རྟགས་མའི་ལག་ཤེས་པ། གསེར་གྱི་རྟགས་མའི་ཞིང་ལས་ལག་རྩལ་པ། གསེར་གྱི་རྟགས་མའི་ལས་གཏོད་པ། གསེར་གྱི་རྟགས་མའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་པ། དྲ་རྒྱའི་གསེར་གྱི་རྟགས་མའི་མི་སྣ་བཅས་ཀྱི་བྱ་དགའ་8བཙུགས་ནས་ཕུལ་བྱུང་ཤེས་ལྡན་མི་སྣ་29ལ་ཡོངས་བསྒྲགས་ཀྱིས་གཟེངས་བསྟོད་གནང་སྟེ། ས་གནས་རང་གི་ཤེས་ལྡན་མི་སྣའི་ལས་སྒྲུབ་ལས་སྐྲུན་གྱི་སྤྲོ་སེམས་ཁྱོན་ཡོངས་ནས་སྐུལ་སློང་དང་། དུས་མཚུངས་སུ་ཏང་ཨུའི་འགོ་ཁྲིད་ཀྱིས་ཐད་ཀར་རིགས་གཅིག་མཁས་པ་དང་ཤེས་ལྡན་མི་སྣར་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ནང་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས། ཤེས་ལྡན་མི་སྣར་ཁོངས་གཏོགས་ཀྱི་ཚོར་སེམས་དང་གཟི་བརྗིད་ཀྱི་ཚོར་སེམས་ཡོད་པར་བྱས། །