མཐོ་སྒང་གི་ས་གཞིར་དཔྱིད་ཀྱི་དཔལ་མོ་དལ་གྱིས་སླེབས་བྱུང་། རྟ་བདུན་དབང་པོས་སྔོ་བསངས་ནམ་མཁའི་དབྱིངས་ནས་གཅེས་པའི་ས་གཞི་ལ་ས་བོན་གྱི་འོད་ཟེར་སྤྱིན། སིལ་ཏོག་སྣ་ཚོགས་ཚང་ཁའི་ངང་ལང་ཚོའི་སྒེག་ཉམས་ངོམས། མྱུ་གུ་དག་དྲི་བཞོན་གྱི་རྒྱུ་བ་དང་མཉམ་དུ་སྒོ་རུ་འབུད་གྲབས་བྱས། རྒྱང་རིང་གི་གངས་རི་དང་ཆུ་ཕྲན་གྱི་ཆབ་རོམ་ཞུ་ནས་བཞུར་སྒྲ་དལ་གྱིས་སྒྲོག་བཞིན་མདུན་དུ་རྒྱུ། བྱིའུ་དག་གིས་དཔྱིད་ཀྱི་བུ་མོར་སླེབས་པར་དགའ་བའི་འཛུམ་མདངས་སྟོན་བཞིན་ལྗོན་པའི་གསེབ་ནས་གྲེ་འགྱུར་སྙན་མོ་སྒྲོག །སོ་ནམ་པའི་ལས་ལ་བྲེལ་བའི་སྟ་གོན་གྱིས་འཇོར་དང་། མཐོང་གཤོལ། གཉའ་ཤིང་། ཤུན་ཐག་ལ་སོགས་པའི་སོ་ནམ་ཡོ་བྱད་སྣ་ཚོགས་གྲ་སྒྲིག་བྱས་ནས། ཁྱུང་དཀར་མཛོ་ཡིས་གོམ་པའི་འདེགས་འཇོག་དང་སྐེ་དྲིལ་གྱིས་སྙན་མོའི་དབྱངས་རྟ་འཁྱུག་ཞོར་དུ་སོ་ནམ་ལས་ལ་བྲེལ། འཇིག་རྟེན་གྱི་བྱ་དངོས་ཡོངས་རྫོགས་ལ་གསོན་ཤུགས་གནང་བའི་ཕོ་ཉ་ཡིན་པ་སུས་ཀྱང་བསྙོན་དུ་མེད།
དར་མདོའི་ས་ཆར་སྟག་མ་མེ་ཏོག་བཞད། ལི་ཡིའུ་ཆིང་གིས་པར་བླངས།
རི་འདབས་ཀྱི་ཁམ་བུའི་མེ་ཏོག་གིས་གར་གྱི་སྟངས་སྟབས་ལ་རོལ་ནས་ལོ་མ་ཁ་བ་བཞིན་ས་ལ་ལྷུང་བ་དེས་དཔྱིད་ཀ་ལ་ཁ་དོག་གང་མང་རྒྱས། གངས་འདབས། གཙང་འགྲམ། གྲོང་གསེབ་གང་ས་གང་དུ་ཁམ་བུའི་མེ་ཏོག་བཞད། རེ་བའི་ས་བོན་གང་ས་གང་ནས་འབུས་ཏེ་དཔྱིད་ཀྱི་དཔལ་ཡོན་ས་གཞི་ཀུན་ལ་སྐྱེལ། །
བྲག་འགོའི་དཔྱིིད་དཔལ། སྟོང་ཚེ་ཆོས་ཀྱིས་པར་བླངས།
ཉིང་ཁྲི་སུམ་འཛོམས་ཡུལ་གྱི་ཟངས་མདོག་དཔལ་རིའི་ནུབ་ངོས། ཕུར་བུ་རྡོ་རྗེས་པར་བླངས།