སྔོན་འགྲོའི་ཞུ་མཆིད།
སྔར་གུས་པས་ལོ་ཆེན་རིན་ཆེན་བཟང་པོའི་སྐོར་གྱི་དཔྱད་རྩོམ་ཐུང་ངུ་ཞིག་འབྲི་སྐབས། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན》ཞེས་པའི་དཔེ་དེབ་འདི་ཞལ་ཕྱེ་མྱངས་ཀྱང་། དེའི་མཛད་པ་པོ་ལ་དོ་སྣང་ཆེར་མ་བྱས། 2023ལོའི་ལོ་འཇུག་ཙམ་དུ《གངས་ལྗོངས་ཉི་གཞོན།》དུས་དེབ་གསར་དུ་སྤེལ་ནས་བགྲང་བྱ་བཅུ་འཁོར་བའི་བཞུགས་མོལ་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་སྐབས། འདར་ཚ་ཁྱུང་བདག་ལགས་གདན་ཞུས་ལྟར་ཕེབས་བྱུང་བས། སྐུ་མདུན་དུ་ཕྱིན་ནས་བཅར་འདྲི་བྱ་རྒྱུའི་གླགས་རྙེད། ཕྲན་གྱིས་ཁོང་གི་སློབ་སྦྱོང་གི་རྒྱུད་རིམ་དང་རིག་གཞུང་ཞིབ་འཇུག་གི་རྒྱུད་རིམ། གཡུར་ཟའི་གྲུབ་འབྲས་བཅས་ལ་རྒྱུས་ལོན་བྱས་པས། འདི་ནི་རིགས་མཐུན་གཞོན་ནུ་དག་ལ་སྐུལ་ལྕག་མཆོག་ཏུ་གྱུར་པ་ཞིག་ཅིས་མ་ཡིན་སྙམ་ནས་གཤམ་དུ་བཀོད་པར་ལགས།
སྤྱི་ལོ་2013ལོ། མཐོ་ལྡིང་གཙུག་ལག་ཁང་དུ་ཟ་རང་བ་སྐུ་ཞབས་བཀྲ་ཤིས་ཆོས་འཕེལ་དང་ལྷན་དུ་རྒྱལ་རབས་ཟླ་རིགས་མའི་མ་ཕྱི་མཇལ་བཞིན་པ།
དྲི་བ་དྲིས་ལན།
གསར་འགོད་པ། རྒན་ལགས་ཁམས་བཟང་།
ང་ཚོའི་བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ། ཁྱེད་ཀྱིས་ཧ་ལམ་སྐུ་ཚེ་གང་པོར་གསར་འགྱུར་ལས་རིགས་དང་ལོ་ཙཱའི་ལས་རིགས་སུ་ཕྱག་ལས་གནང་ཡང་། མངའ་རིས་ཀྱི་གནའ་བོའི་རིག་གནས་ལོ་རྒྱུས་སོགས་ལ་དགའ་མོས་ཆེ་ཞིང་། ཞིབ་འཇུག་གི་གྲུབ་འབྲས་གཡུར་དུ་ཟ་བ་དེ་འདྲ་ཐོབ་པའི་རྒྱུ་མཚན་གང་ཡིན།
ན་གཞོན་འགའ་ཞིག་ལ་བོད་ཡིག་དཔེ་རྙིང་སྐོར་འཆད་ཁྲིད་བྱེད་བཞིན་པ།
འདར་ཚ་ཁྱུང་བདག །ཁྱེད་ཁམས་བཟང་།
དེ་འདྲའི་ཡི་གེ་ཙག་གི་ཙིག་གི་རེ་བྲིས་ཡོད། དངོས་གནས་གྲུབ་འབྲས་གསུང་ན་བརྩི་རིན་མེད་ལ། གཡུར་དུ་ཟ་བ་དེ་བས་ཀྱང་མེད་ལགས། མངའ་རིས་ས་ཁུལ་སློབ་འབྲིང་འགྲོ་སྐབས་རྒན་རྒྱ་མཚོ་དང་རྒན་སྐལ་ཕུན། རྒན་ཕུར་བུ་ཚེ་རིང་སོགས་ཀྱིས་སྟོད་མངའ་རིས་ཀྱི་ལོ་རྒྱུས་དང་རིག་གནས་སྐོར་མང་པོ་ཞིག་གསུངས་པ་དང་། ལོ་རྒྱུས་ཀྱི་དཔེ་ཆ《རྦ་བཞེད།》སོགས་མང་པོ་ཞིག་ངོ་སྤྲོད་གནང་བྱུང་། དེའི་བག་ཆགས་སམ་ཤན་ཞུགས་ལྟ་བུས། ཕྲུ་གུའི་དུས་ནས་སྟོད་མངའ་རིས་ཀྱི་རྒྱལ་རབས་ལོ་རྒྱུས་དང་རིག་གནས་གོམས་སྲོལ་ལ་དམིགས་བསལ་གྱི་དོ་སྣང་བྱས། དེ་ནས་ལྷ་སར་སློབ་ཆེན་འགྲོ་སྐབས། རྒན་ཚེ་བརྟན་བཀྲ་ཤིས་དང་རྒན་ཆོས་འཕེལ་སོགས་ཀྱི་སློབ་ཚན་ཉན་རྗེས། ལོ་རྒྱུས་སྐོར་བལྟ་འདོད་ཆེན་པོ་ཤར་སོང་། ཕྱིས་སུ་གསར་འགྱུར་དང་འཕྲིན་སྦྱོར་གྱི་ལས་ཀ་བྱེད་དུས། ཤེས་བྱ་འདྲ་མིན་སྣ་ཚོགས་དགོས་ཀྱི་འདུག་པས། བག་ཆགས་འཇོག་བྱེད་ཙམ་ལ་རྒྱ་ཡིག་དང་བོད་ཡིག་གི་ལོ་རྒྱུས་ཀྱི་དཔེ་དེབ་མང་པོ་ཞིག་བལྟས་པ་ཡིན། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྙིང་པ་དང་རྣམ་ཐར་རྙིང་པ་དེ་ཚོ་ཀློག་དུས། སྟོད་མངའ་རིས་སྐོར་འཁོད་པ་ཕལ་མོ་ཆེ་ནི་དུས་རབས་བཅུ་པ་དང་བཅུ་གཅིག་སྐབས་ཀྱི་མངའ་རིས་ཆོས་རྒྱལ་རྣམ་པ་ནས་འགོ་ཚུགས་ཤིང་། དེ་ཡང་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐོར་དང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་དྲངས་པའི་སྐོར་སོགས་རྒྱས་ཙམ་ཡོད་པ་ཕུད། གཞན་དག་རྒྱལ་པོ་དེ་དང་། རྒྱལ་པོའི་སྲས་ལྟ་བུ་མི་རྒྱུད་ཀྱི་མིང་ཐོ་བསྒྲིགས་པ་ཙམ་ལས། ལོ་རྒྱུས་དངོས་གཞི་དང་། ལྷག་པར་དུ་འཇིག་རྟེན་ཕྱོགས་ཀྱི་ལོ་རྒྱུས་ཤིན་ཏུ་འཁོད་ཉུང་བའི་སྣང་བ་ཞིག་བྱུང་། 1991ལོ་གཡས་གཡོན་ལ་བོད་ལྗོངས་ནང་བསྟན་དུས་དེབ་ཐོག་ལོ་ཆེན་རིན་ཆེན་བཟང་པོའི་རྣམ་ཐར་འབྲིང་པོ་བཀོད་པ་དེ་མཇལ་བྱུང་། གཅིག་བཀླགས་པས། ལོ་རྒྱུས་ཀྱི་ཡི་གེ་ཕལ་པ་དང་མི་འདྲ་བ། ནང་དོན་གལ་ཆེ་བ་དང་། ལོ་རྒྱུས་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པའི་སྣང་བ་དྲགས་པོ་ཤར་བྱུང་ཡང་། ཚིག་འགྲོས་ཚིག་ཟིན་དང་། བརྗོད་བྱ་རྗོད་བྱེད་ལ་སོགས་པ་དེ་སྔོན་རང་ཉིད་ཀྱིས་བཀླགས་མྱོང་བའི་རྒྱལ་རབས་ཆོས་འབྱུང་དེ་ཚོ་དང་མི་འདྲ་བ། དངོས་གནས་བལྟ་ཁག་པོ་བྱུང་། ནང་དོན་ལ་ཡང་དེ་ཙམ་གོ་བ་མ་ཆགས། དེ་ཡིན་ཡང་། ལས་ཀའི་བྲེལ་གསེང་དུ། ཞར་དང་ཞོར་ལ་ཨུ་ཚུགས་ཀྱིས་ལོ་ཁ་ཤས་རིང་ཞིབ་འཇུག་བྱས། དཔྱད་གཞི་གཞན་དག་ཀྱང་གང་མང་མང་བཀླགས། མཚམས་རེ་དཔྱད་བསྡུར་རེ་ཡང་བགྱི་ཁུལ་བྱས་པ་ཡིན། ལྷག་པར་དུ་སྟོད་མངའ་རིས་ལ་དངོས་སུ་ཐེངས་ཁ་ཤས་སོང་། རྒྱུས་ཡོད་དགེ་བའི་བཤེས་གཉེན་རྣམ་པ་དང་སྟོད་མངའ་རིས་ཀྱི་ཡུལ་མི་རྒན་རབས་རྒྱུས་མངའ་ཅན་འགའ་ཞིག་ལའང་རྩད་ཆོད་བཀའ་འདྲི་ཞུས་པ་བཅས་བྱས་པས། ག་ལེ་ག་ལེར་གོ་བསྐྱེད་ཅུང་ཟད་ཅུང་ཟད་རེ་ཡོང་རྒྱུ་ཞིག་འདུག །དེ་དུས་དངོས་གནས་དགའ་བ་ཤོད་མི་ཤེས་པ་ཞིག་མྱོང་རྒྱུ་འདུག །དེ་ནས་2007ལོའི་ཡས་མས་ཤིག་ལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་ཡོད་པ་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱི་དཔེ་དེབ་ཅིག་ནས་རྩད་ཆོད་བྱུང་། ཐད་ཀར་བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གི་སྐ་བ་ཤེས་རབ་བཟང་པོ་ལགས་ལ་སྐྱབས་འཇུག་ཞུས་པས། ཁོང་ནས་མ་དཔེ་ལག་བྲིས་དཔར་སློག་བརྒྱབ་པ་ཞིག་མི་འགྱངས་པར་གསོལ་རས་གནང་བྱུང་། ལོ་ཆེན་རིན་བཟང་གི་རྣམ་ཐར་བཀླགས་མྱངས་ཡོད་པས་དེ་ཙམ་དཀའ་ལས་ཁག་པོ་མ་བྱུང་། སྐུང་ཡིག་ནི་ལུང་པ་གང་དང་ཕྱེད་ཀ་འདུག །དེ་དག་ཀྱང་རེ་ཟུང་རེ་མ་གཏོགས་ཁག་པོ་རང་མ་བྱུང་། དེ་ནས་རྣམ་ཐར་རྒྱས་པ་གློག་ཀླད་ལ་ཕབ་བཞིན་མཆན་འགྲེལ་རེ་བཀོད་འགོ་བརྩམས། ལོ་ཁ་ཤས་འགྲོ་དུས་དེབ་ཚད་ལོངས་པ་ཞིག་ཆགས་སོང་། 2013ལོ་ཀྲུང་གོ་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ལ་དཔེ་སྐྲུན་སྐྱབས་འཇུག་ཞུས་པས་ཞལ་བཞེས་གནང་སྟེ། 2015ལོར་དཔེ་སྐྲུན་ཐུབ་པ་བྱུང་སོང་། མདོར་ན། མཆན་འགྲེལ་སོགས་བྲིས་ཐུབ་པ་ནི། དགེ་བའི་བཤེས་གཉེན་རྣམ་པའི་ཐུགས་རྗེ་སྐུ་དྲིན་དང་། དྲིན་ཅན་ཕ་མ་དང་སྤུན་མཆེད་བཟའ་ཟླ་སོགས་ཀྱི་རྒྱབ་སྐྱོར་གཞོགས་འདེགས། བློ་མཐུན་གྲོགས་པོ་རྣམ་པའི་ལྷག་བསམ་བཟང་པོའི་ཕྱག་རོགས་དང་ཁ་འབྲལ་དུ་མེད།
མེས་དགེ་སློང་ངམ་རྒན་བསྟན་འཛིན་དབང་གྲགས་མཆོག་ནས་སྟོད་མངའ་རིས་ཀྱི་ལོ་རྒྱུས་ཡི་གེ་རྩོམ་སྒྲིག་བྱེད་ཕྱོགས་སྐོར་བསྩལ་བའི་བཀའ་སློབ་ཉན་བཞིན་པ།
གསར་འགོད་པ། བཙན་པོའི་སྐབས་ནས་བོད་དུ་ལོ་ཙཱ་བ་གསེར་རིའི་ཕྲེང་བ་ལྟར་བྱོན་ནས་མཛད་རྗེས་ཀྱི་པོ་ཏི་རི་བོའི་གཏོས་དང་མཉམ་ཞིང་། སམ་བོད་ལོ་ཙཱའི་གཞུང་ལུགས་གཞན་འདྲིང་འཇོག་མི་དགོས་པར་བཞུགས། དེས་ན་དེང་རབས་རྒྱ་བོད་ལོ་ཙཱ་ལ་འཇུག་པའི་ན་གཞོན་དག་གིས་སྔོན་བྱོན་ལོ་ཙཱ་བ་དག་ལ་སློབ་སྦྱོང་ཅི་ལྟར་བྱ་དགོས་སམ།
འདར་ཚ་ཁྱུང་བདག །སྐུ་ཉིད་ཀྱིས་གསུངས་པ་ལྟར། བོད་དུ་ལོ་ཙཱའི་ཕྱོགས་འདིར་ལོ་རྒྱུས་ཡུན་རིང་བ་དང་། བཻ་རོ་ཙཱ་ན། སྐ་ཅོག་ཞང་གསུམ། ལོ་ཆེན་རིན་ཆེན་བཟང་པོ། རྔོག་ལོ་བློ་ལྡན་ཤེས་རབ། ཡར་ལོ་གྲགས་པ་རྒྱལ་མཚན། ལོ་ཆེན་ཐུགས་རྗེ་དཔལ་པ། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་སོགས་བོད་རིགས་ཀྱིས་གཙོ་བོར་བྱེད་པ་གང་ཞིག་ལ། སོག་རིགས་ལོ་ཙཱ་བ་མི་བཟང་གུང་མགོན་པོ་སྐྱབས་དང་། རྒྱ་རིགས་ལོ་ཙཱ་བ་ལྷ་བཙུན་ཆོས་ཀྱི་རིན་ཆེན་སོགས་མི་རིགས་གཞན་དག་ཀྱང་ཚུད་པའི་ངེས་པ་དོན་གྱི་ལོ་ཙཱ་བའི་ཚོགས་གསེར་རིའི་ཕྲེང་བ་ལྟ་བུ་འཇིག་རྟེན་གི་སྤྱན་མིག་ཏུ་བྱོན་པ་དེ་དག་དང་། འགྱུར་རྩོམ་རི་རབ་ལྷུན་པོའི་གཏོས་དང་མཉམ་པ་གྲངས་ཀྱིས་མི་ལང་བ། དེ་བཞིན་ལེགས་སྦྱར་དང་། རྒྱ་ཡིག །ཧོར་ཡིག །མན་ཇུ་དང་། ལི་ཡུལ་གྱི་ཡི་གེ་སོགས་ཡིག་སྣ་དུ་མ་དང་འབྲེལ་བས། ཀྲུང་ཧྭའི་ལོ་ཙཱའི་རིག་གནས་ཀྱི་བང་མཛོད་ཁྲོད་བསམ་འཕེལ་ནོར་བུ་ལྟ་བུར་བློ་གྲོས་དང་ཤེས་རིག་གི་གཟི་མདངས་ལྷམ་མེ་བ། རྨོངས་མུན་ཅིག་ཅར་འཇོམས་པའི་གསེར་གྱི་སྒྲོན་མེ་བསྙོན་དུ་མེད་པ། དངོས་གནས་འཛམ་བུ་གླིང་གི་ཁྱོན་ལ་ངོམས་རི་བའི་ནོམ་པ་རྩ་ཆེན་ཞིག་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད།
བོད་ཀྱི་རིག་གནས་ཁྲོད་རང་སའི་རིག་གནས་ཕུད། མི་རིགས་དང་ས་ཁོངས་གཞན་དག་གི་རིག་གནས་དང་དེ་དག་གི་ལེགས་ཆ་བསྡུ་ལེན་ཞུས་པའང་གྲངས་ཀྱིས་མི་ལང་བ་ཞིག་ཡོད་པ་མངོན་སུམ་ཚད་གྲུབ་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་རིག་གནས་ཧྲིལ་པོ་འདི་གྲུབ་པ་རེད། དེ་བཞིན་རིག་གནས་འཕེལ་རྒྱས་གཏོང་ཕྱོགས་ལ་བསམ་བློ་བཏང་ནའང་། ཕ་རོལ་པའི་རིག་གནས་དང་། རྒྱ་ཆེ་བའི་འཛམ་བུ་གླིང་དེ་ཕར་བཞག་ནས་རང་ཉིད་འཕེལ་རྒྱས་གཏོང་སྟངས་ཤིག་མེད་པ་ལྟ་བུ་རེད། དེ་ཡིན་དུས། རྒྱ་ཡིག་དང་དབྱིན་ཡིག་སོགས་སྦྱངས་ནས། དེ་དག་གི་ལམ་ནས་འཛམ་བུ་གླིང་གི་གནའ་དེང་རིག་གནས་དང་དེ་དག་ཁྲོད་ཀྱི་ཕུལ་དུ་བྱུང་བ་དང་། དྭངས་རྩི་དང་རྩེ་གྲས་སུ་གྱུར་པ་གང་ཡིན་བོད་ཀྱི་སྐད་ཡིག་ཏུ་ཕབ་ནས་རྒྱུས་ལོན་དང་སློབ་སྦྱོང་མ་ཞུ་ཐབས་མེད་ཅིག་ཆགས་ཡོད་ལ། དེ་ནི་ལྡོག་མེད་ཀྱི་གདམ་ཁ་ཞིག་ཡིན་པའི་ངོས་འཛིན་ཞུ་བཞིན་ཡོད། འདི་འགྲུབ་པ་ལ། ལོ་ཙཱའི་ཕྱོགས་འདིར་དོ་སྣང་མ་བཞག་རང་བཞག་ཅིག་ཆགས་ཡོད། རྒྱ་བོད་ལོ་ཙཱར་ཆ་བཞག་ན། ལོ་ཙཱ་བ་རྒན་རབས་རྣམ་པས་རྒྱུན་དུ་གསུང་པའི་སྐད་ཆ་ཚིག་གཅིག་ཡོད་པ་ནི། ཨམ་ཐང་གཉིས་དང་ཆབ་ཆོབ་བཅོ་བརྒྱད་དགོས་ཟེར་བ་དེ་རེད། དེ་ཡང་། ཨམ་ཐང་གཉིས་ནི། རྒྱ་ཡིག་ཨམ་ཐང་དང་བོད་ཡིག་ཨམ་ཐང་རེད། རྒྱ་བོད་སྐད་ཡིག་གཉིས་པོ་རྐང་ཚུགས་པ་ནང་བྱན་ཆུད་པ་ཞིག་སྦྱོང་དགོས། དེ་མེད་པར་ལོ་ཙཱ་བ་རྩ་བ་ནས་འགྲུབ་ཐབས་མེད། ན་གཞོན་གསར་སློབ་པ་འགའ་ཞིག་གི་བསམ་ཚོད་ལ། རང་ཉིད་བོད་རིགས་ཡིན་པས་བོད་ཀྱི་སྐད་ཡིག་ལ་སྣང་དག་མེད་བསམ་པ་དེ་རེད། བོད་ཀྱི་སྐད་ཡིག་ནི་ལོ་ངོ་སྟོང་ཕྲག་ལྷག་ཙམ་བརྒལ་བའི་ལོ་རྒྱུས་ཡོད་ཅིང་། རྩ་བའི་ཐ་སྙད་གྲུབ་སྟངས་རང་ལ་བསམ་ནའང། ནང་པ་སངས་རྒྱས་པའི་བརྡ་དང་ཐ་སྙད་ཁྲི་ཕྲག་མང་པོ་དེས་མི་ཚད། ད་དུང་ཡུལ་མི་འཇིག་རྟེན་པའི་བརྡ་དང་ཐ་སྙད་ཁྲི་ཕྲག་དུ་མ་ཡོད། དེ་དག་ཀྱང་ཡུལ་དང་ཡུལ་ཚོས་ཁྱད་པར་འགྲོ་བ་དང་། སྐབས་དང་སྐབས་བསྟུན་གྱི་གོ་བ་ཡོད་པ། དུས་དང་དུས་རབས་ཀྱི་ཁྱད་པར་འགྲོ་དང་འགྲོ་མུས་ཡིན་པས། དེ་དག་ཡོངས་སུ་ཁོང་དུ་ཆུད་པར་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་ལོ་ཤས་འགྲིམས་པས་མཐིལ་ཕྱིན་པ་ཞིག་ཡོང་ཐབས་རྩ་བ་ནས་མེད། དེ་བས་དམའ་ས་ཟིན་ནས་རི་ཁུག་ལུང་ཁུག་གི་རྩེད་རའི་བྱིས་པ་ལོ་བརྒྱད་ཁ་ཚིག་དག་པ་དེ་དག་ནས་ར་ལྷས་ལུག་ལྷས་ནང་སོས་དལ་ཉི་མ་ལྡེ་བའི་རྒན་རྒོན་ཐོས་པ་ཅན་རྣམ་རིག་བཀྲ་བ་དེ་དག་ཡན་ཆད་བར་ཏེ། མདོར་ན་སྐྱེ་བོ་ཕལ་བའི་ས་ནས་བརྡ་ཐ་སྙད་ནུས་པ་ཅན་གསོན་ཉམས་དོད་པ་དེ་དག་སློབ་སྦྱོང་མ་བྱེད་པར་ཐབས་མེད་པ་ལྟ་བུ་ཞིག་ཆགས་ཡོད།
སྟོད་མངའ་རིས་ཀྱི་དུང་དཀར་ཕྱི་དབང་གནའ་ཤུལ་ནས་རྙེད་པའི་རྡོ་རིང་ནར་མོ་བོད་ཡིག་ཅན། མངའ་རིས་རྟེན་རྫས་ཁང་དུ་བཞུགས།
གསར་འགོད་པ། ཁྱེད་ཀྱིས《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན》བརྩམས་པའི་དགོས་པ་དང་དེའི་ཐུན་མིན་གྱི་ཁྱད་ཆོས་སྐོར་རགས་ཙམ་གསུང་རོགས།
འདར་ཚ་ཁྱུང་བདག །རྣམ་ཐར་རྒྱས་པ་འདི་དང་། འདིའི་ནང་གུ་གེ་རྒྱལ་རབས་སྐབས་ཀྱི་ཡིག་ཚང་བཀའ་ཤོག་སོགས་ཀྱི་མ་ཕྱི་ཞལ་བཤུས་ཁག་བཞི་ལྔ་ཙམ། གྲ་མ་ཉམས། གྲུ་མ་ཆག །ཞལ་རླབས་མ་ཡལ་བར་ལུང་དྲངས་གནང་འདུག་པས། སྤྱིར་སྟོད་མངའ་རིས་ཡང་སྒོས་གུ་གེའི་ལོ་རྒྱུས་སྐོར་ཞིབ་ཆ་ཆེ་ཞིང་། ཞལ་སྒྲོས་གཙང་བ། ཁུངས་བཙུན་ཞིང་བདེན་དཔང་འཕེར་བའི་ལོ་རྒྱུས་ཀྱི་དཔྱད་གཞི་རྩ་ཆེན་ཞིག་རེད་འདུག །འོན་ཀྱང་རྣམ་ཐར་དེའི་དབུས་སུ་སྟོད་མངའ་རིས་ཕྱོགས་ཀྱི་ཡུལ་སྐད་མང་བ། ལྷག་པར་དུ་ས་མིང་མི་མིང་དེ་བཞིན་དམིགས་བསལ་གྱི་བརྡ་ཆད་མང་བ། དེའི་ཐོག་སྐུང་ཡིག་བཀོལ་མང་བས། སྐྱེ་བོ་སྤྱི་བྱིངས་ཕལ་པས་ཀློག་ཡོང་དུས་དངོས་གནས་དཀའ་ལས་ཆེ་ཙམ་མ་ཡོང་ངམ་བསམ་ནས་འཇོན་ཚོད་དཔག་ཚོད་ཙམ་གྱི་མཆན་འགྲེལ་རེ་བཀོད་ཁུལ་ཞུས་ཡོད། ཅུང་རྫོབ་ཆེ་ལ་མང་པོ་ཞིག་ཆགས་སོང་། མཆན་འགྲེལ་དེ་དག་ཀྱང་ཕལ་མོ་ཆེ་ཁུངས་དང་ལུང་ཡོད་པ། ལུང་དྲངས་ཡུལ་དུ་གྱུར་པའི་དཔེ་ཆ་དང་དེ་དག་གི་པར་ཐེངས་དང་། པར་དུས། པར་མཁན་དཔེ་སྐྲུན་ཁང་། ཤོག་གྲངས་ལ་སོགས་པ་དང་། དེ་བཞིན་ངག་རྒྱུན་གང་ཡིན་ཆ་འཕྲིན་མཁོ་འདོན་གནང་མཁན་སོགས་ཁ་གསལ་སྟར་ཆགས་བཀོད་ནས་བལྟ་བདེ་པོ་གཅིག་བཟོས་ཡོད། འགྲེལ་མི་ཤེས་པ་དེ་དག་ཀྱང་། དེ་མུར་མ་བཞག་པར། གོ་དོན་གང་ཡིན་ཚོད་ཞུ་བྱས་ཡོད་ལ། མུ་མཐུད་རྟོག་དཔྱོད་གནང་རོགས་ཞེས་ཁ་གསལ་ཞུས་ཡོད།
རྒྱལ་རབས་ཟླ་རིགས་མའི་མ་ཕྱི་དང་། དེའི་དེབ་ཚད།
གསར་འགོད་པ། ཁྱེད་ཀྱིས་མཛད་པའི《མངོན་བརྗོད་འཆི་མེད་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་འདོད་འཇོ་བ་མོ་དང་དེའི་མཆན་འགྲེལ》ལ་ཐུན་མིན་གྱི་ཁྱད་ཆོས་གང་དག་ཡོད།
འདར་ཚ་ཁྱུང་བདག །མངོན་བརྗོད་འཆི་མེད་མཛོད་དང་མཛོད་འགྲེལ་འདོད་འཇོའི་བ་མོ་བོད་འགྱུར་མ་ནི། བོད་དུ་མངོན་བརྗོད་རིག་པ་དར་བའི་དང་པོའི་ཁུངས་ལྟ་བུ་དང་བོད་ཀྱི་ཤེས་རིག་བྱུང་རབས་ཁྲོད་གནས་བབ་འགངས་ཆེན་བཟུང་ཡོད་པར་མ་ཟད། རང་ཉིད་ཀྱང་སློབ་འབྲིང་སོགས་ཀྱི་དགེ་རྒན་བྱས་མྱོང་ཡོད་པས། དེ་དུས་ད་ལྟ་དང་མི་འདྲ་བར་མངོན་བརྗོད་སྐོར་ལ་དཔྱད་གཞི་དཀོན་པོ་ཞེ་དྲགས་རེད། དེ་ཡིན་དུས། མཛོད་འགྲེལ་འདོད་འཇོའི་བ་མོ་ཆ་ཚང་ལྕགས་པར་དུ་ཕབ་ན་ཡག་པོ་མི་ཡོང་ངམ་བསམ་བྱུང་། དེའི་ཐོག་རང་ཉིད་ཀྱི་དགེ་རྒན་སྐུ་དྲིན་ཅན། དོན་སླད་མཚན་ཞུ་བ་ལ་མཁན་པོ་ཚེ་རྣམ་རིན་པོ་ཆེའི་སྐུ་དྲུང་ནས་སྒྲ་ཏོག་ཙམ་ཞུ་མྱོང་ཡོད་པས། མཛོད་འགྲེལ་འདོད་འཇོ་བ་མོའི་དབུས་སུ་ཡང་བརྡ་སྤྲོད་པའི་བསྟན་བཅོས་ཙནྡྲ་པའི་ལུགས་སམ་བརྡ་ཆད་ལྟར་གྱི་སྒྲ་སྒྲུབ་གསུངས་པ་དེ་དག་གསར་སློབ་པས་གོ་བ་ལེན་ཁག་ཙམ་ཡོང་བསམས་ནས། དེང་སང་གི་འགྲོ་སྲོལ་བཞིན་བརྡ་རྟགས་ཀྱི་ལམ་ནས་འགྲེལ་བཤད་རེ་བརྒྱབ་ཁུལ་ཞུས་ཡོད། དེ་མིན་ལོ་ཙཱ་བ་ལ་ཕན་ནམ་བསམས་ནས་བརྡ་ཐ་སྙད་རྒྱུགས་ཆེ་རིགས་དང་། གྲགས་ཆེ་གྲས། བཀོལ་མང་གྲས་ཁག་ཅིག་ལ་ལེགས་སྦྱར་དང་། རྒྱ་སྐད། བོད་སྐད་སྟེ། སྐད་གསུམ་ཤན་སྦྱར་གྱི་ཚུལ་དུ་སྐད་དོད་བཀོད་པ་དེའང་ཁྱད་ཆོས་ལྟ་བུ་ཞིག་ཆགས་སོང་། བོད་བརྡ་ཡིན་རུང་། དུས་སྔ་ཕྱི་དང་ཡུལ་སྟོད་སྨད་ལྟ་བུའི་ཁྱད་པར་སོགས་དཔེར་བརྗོད་རེ་བཟུང་ནས་འཁོས་དཔག་དང་བསྟུན་ནས་འགྲེལ་བ་རྒྱས་བསྡུས་སྣ་ཚོགས་རེ་ཞུས་ཡོད་པ་བཅས་ཡིན་ལགས། ཞུ་དགོས་པ་ཞིག་ལ་མ་ཕྱི་ནི་སྐབས་དེ་དུས་བོད་ལྗོངས་སློབ་ཆེན་དུ་བཞུགས་པའི་འཇར་པན་གྱི་བསྟན་འགྱུར་སྤར་སློག་ཅན་དེ་ལས་ཆུང་དུ་བཏང་ནས་པར་སློག་རྒྱག་པ། ཡིག་འབྲུ་ལྷག་པར་དུ་མི་གསལ་བ་ཞིག་ལ་བཅོལ་ནས་གློག་ཀླད་དུ་ཕབ་ཅིང་མཆན་འགྲེལ་ཞུས་པ་ཡིན་པས། ད་ལྟ་བལྟ་དུས་འགའ་ཞིག་ཐད་འགལ་འཁྲུལ་དུ་སོང་རིགས་མེད་པའང་མིན་པས། མ་འོངས་པར་དུས་ཁོམ་སོགས་མཐུན་རྐྱེན་འདྲ་ཡང་འཛོམས། རང་གིས་ལུས་པོས་ཀྱང་ལྕོགས་པ་ཞིག་བྱུང་སོང་ན། རང་རྒྱལ་གྱི་བཀའ་བསྟན་དཔེ་བསྡུར་མ་སོགས་དང་། ལེགས་སྦྱར་ཚིག་མཛོད་ཁག་མ་དཔེར་བཅོལ་ནས་བཟོ་བཅོས་ཞུ་དགོས་བསམ་གྱི་འདུག
2013ལོར། ཕ་ཡུལ་རུ་ཐོག་ཏུ་སླེབས་ཤིང་། རུ་ཐོག་ཁྱུང་རྫོང་དཀར་མོའི་གནའ་ཤུལ་དུ་ལྷུན་གྲུབ་ཆོས་སྡིངས་དགོན་གྱི་སྐུ་ཞབས་བློ་བཟང་བསྟན་དར་དང་ལྷན་དུའོ། །
གསར་འགོད་པ། མངའ་རིས་མཐོ་ལྡིང་དགོན་དུ་བཞུགས་པའི་གནའ་དཔེ་རྩ་ཆེན《རྒྱལ་རབས་ཟླ་རིགས་མ།》མཚམས་སྦྱོར་མདོར་ཙམ་གནང་རོགས།
འདར་ཚ་ཁྱུང་བདག །རྒྱལ་རབས་ཟླ་རིགས་མ་འདི་2011ལོ་གཡས་གཡོན་ཞིག་ལ་མངའ་རིས་ཀྱི་མཐོ་ལྡིང་གཙུག་ལག་ཁང་ནས་མཇལ་བྱུང་། པར་ལེན་ཞུས་ནས་ལོ་ཁ་ཤས་ཞིབ་མཇལ་ཞུ་རྗེས་མངའ་རིས་ཆོས་རྒྱལ་སྐོར་དེ་དག་ལ་གོ་བ་ལོན་ཙམ་ཆགས་སོང་། རྒྱལ་རབས་ཀྱི་དཔེ་ཆ་དེ་དབུ་ཤོག་དང་མཇུག་བྱང་སོགས་སྔ་ནས་གྱར་ཟིན་པས་ཁ་བྱང་མཇུག་བྱང་སོགས་རྩད་ཆོད་ཐབས་བྲལ། འཕྲོ་བཞུགས་ཤོག་ལྡེབ་དང་པོའི་ཡིག་ཕྲེང་དང་པོར། ཅེས་གྲགས། ཟླ་བའི་རིགས་ཀྱི་ཞེས་པའི་ཚིག་དུམ་དེ་བྱུང་བས། རང་གཞན་ཀུན་གྱིས་ལུང་དྲངས་སོགས་གནང་བདེ་ཐབས་ལ་བསམས་ནས། རྒྱལ་རབས་ཟླ་རིགས་མ་ཞེས་ཞལ་བྱང་གསར་པ་ཞིག་གུས་པ་ཆེན་པོས་གསོལ་བ་ཡིན་གྱི་དང་པོའི་རྩོམ་པ་པོས་བཏགས་པའི་ཞལ་བྱང་མ་རེད། རྒྱལ་རབས་ཟླ་རིགས་མ་འདི་ནི་སྟོད་མངའ་རིས་ཀྱི་མཐོ་ལྡིང་གཙུག་ལག་ཁང་གི་ཉེ་འདབས་ཆུ་འཐག་ཞེས་པའི་ས་ཆ་དེའི་རི་སྐེད་ཀྱི་མཆོད་རྟེན་ཞིག་རོ་ཞིག་ནས་དགོན་པ་དེའི་དགེ་འདུན་པ་སྐུ་ཞབས་བཀྲ་ཤིས་ཆོས་འཕེལ་སོགས་ཀྱིས་རྙེད་དེ། ད་གཟོད་མཐོ་ལྡིང་གཙུག་ལག་ཁང་དུ་བཞུགས་སུ་གསོལ་ནས་གཅེས་ཚགས་གནང་བ་ཞིག་རེད། ད་ལྟའང་དེ་གར་མཇལ་རྒྱུ་ཡོད་པ་དང་རང་རྒྱལ་གྱི་གནའ་དཔེ་རྩ་ཆེན་གྱི་མིང་གཞུང་གྲས་སུ་བཞག་འདུག །རྒྱལ་རབས་ཟླ་རིགས་མ་འདི་མཆོད་རྟེན་གྱི་གཟུངས་གཞུག་ལྟ་བུར་སོང་བས་ཧ་ལམ་ལོ་ངོ་སྟོང་ཕྲག་ལ་ཉེ་བ་ཙམ་ཞིག་འདས་རུང་། ཁ་ཤོག་མཇུག་ཤོག་འགྲེས་ཟད་ཆེ་བས་ཡིག་ངོ་ཆོད་དཀའ་ཙམ་འདུག་མ་གཏོགས་ཤོག་ལྡེབ་གཞན་དག་ནི་ཁ་སང་རང་བྲིས་པ་ལྟར་ཤིན་ཏུ་ལྟ་བདེ་བ་ཞིག་ཡིན། ཡིག་གཟུགས་དང་ཚིག་སྦྱོར་ལ་བལྟ་ན། གི་གུ་ཕྱིར་ལོག་ཅན་དང་མ་ཡ་བཏགས་ཅན“མྱ་མྱི་མྱིན་མྱེད”ལྟ་བུ་བསྟན་པ་སྔ་དར་སྐབས་ཀྱི་ཡིག་ཚངས་ཀྱི་ཁྱད་ཆོས་ཚང་བའི་དག་ཆ་དང་། བརྡ་དང་ཐ་སྙད་གང་ཙམ་འདུག །ཕྲན་བུས་ཞིབ་མཇལ་ཞུས་མཐར་ཤོག་ལྡེབ་མཐའ་མ་དེའི་སྟེང་དུ་གུ་གེའི་རྒྱལ་པོ་རྩེ་ལྡེའི་མཚན་འཁོད་པ་ངོས་ཟིན་བྱུང་།
དེ་ཡིན་དུས། ཕྱི་ཤོས་སུའང་དུས་རབས་བཅུ་གཅིག་གམ་དེའི་རྗེས་ཙམ་ཞིག་ལ་བྲིས་པ་གཏན་འཁེལ་བྱུང་སོང་། ནང་དོན་ལ་བསམ་ན། ལྷ་བླ་མ་ཡེ་ཤེས་འོད་དང་།
དབོན་པོ་བྱང་ཆུབ་འོད། དབོན་པོ་ཞི་བ་འོད། ཡང་དབོན་པོ་འོད་ལྡེའི་རིགས་མྱུག་རྒྱལ་པོ་རྩེ་ལྡེ་སོགས་ཀྱི་ལོ་རྒྱུས་ཞིབ་ཆ་ཅན། བོད་ཡིག་དཔྱད་གཞི་གཞན་དག་ན་ཞལ་མ་གསལ་བ་མང་པོ་ཞིག་འཁོད་འདུག་པས་མངའ་རིས་ཀྱི་ལོ་རྒྱུས་ཞིབ་འཇུག་སོགས་རིག་ཚན་དུ་མར་རིག་གཞུང་གི་རིན་ཐང་བླ་ན་མེད་པ་ཞིག་ཡིན་པའི་ཚོར་སྣང་བྱུང་། དེ་མིན། ཟླ་བའི་རིགས་ཀྱི་རྒྱལ་རབས་གྲས་སྲིད་སྒྲུབ་སོགས་སྐྱ་སེང་བུ་ལྔའི་བྱུང་བ་སྟེ། རྒྱ་གར་གྱི་གནའ་བོའི་སྒྲུང་གཞུང་ཆེན་མོ་གཉིས་ཀྱི་ཡ་གྱལ་དྲང་སྲོང་རྒྱས་པས་བརྩམས་པར་གྲགས་པའི་མ་ཧཱ་བྷ་ར་ཏའི་ཁ་བྱང་དང་བཅས་པ་ཚིག་སྒྲོས་ལ་ཐོན་འདུག །སྤུར་རྒྱལ་བཙན་པོའི་སྐོར་དང་མཛངས་མི་མི་བདུན་སྐོར་གསུངས་པ་དེ་དག་ནི་ནེའུ་པཎྜི་ཏའི་སྔོན་གྱི་གཏམ་མེ་ཏོག་ཕྲེང་བ་དང་ཚིག་འགྲོས་ཡན་ཆད་ནས་དངོས་གནས་ཨ་ན་མ་ན་ཆུ་ནང་ཆུ་བཞག་རང་རེད་འདུག །ཕལ་ཆེར་ནེའུ་པཎྜི་ཏས་རྒྱལ་རབས་ཟླ་རིགས་མའམ་དེ་མཚུངས་ཀྱི་དཔེ་ཆ་ཞིག་མཇལ་ནས་སྔོན་གྱི་གཏམ་མཛད་པ་མིན་ནམ་སྙམ་པ་དེ་འདྲ་འདུག །
སྤུར་རྒྱལ་བཙན་པོའི་སྐོར་འཁོད་པ་སོགས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་རྒན་པ་སངས་དབང་འདུས་ལགས་སོགས་ནས་ཞིབ་འཇུག་གནང་ཡོད་པས་དེ་འབྲེལ་གྱི་ལྗགས་རྩོམ་དེ་དག་ལ་དཔྱད་གཞི་གནང་རིགས། གཞན་ཡང་། རིག་དངོས་ཀྱི་རིན་ཐང་མི་དམན་པ་ཞིག་ཡོད་པ་ནི་ཞུ་མ་དགོས་པ་རེད། དེ་ཡིན་དུས། ཕྲན་བུ་ཞལ་བཤུས་ཞུས་ལ་མཆན་འགྲེལ་རེས་བརྒྱན་ནས་ཀྲུང་གོའི་བོད་ཀྱི་ཤེས་རིག་དུས་དེབ་ལ་ཕུལ་བས་2013ལོ་ཁོང་རྣམ་པས་དུས་དེབ་དེའི་ཐོག་བཀོད་གནང་བྱུང་། རྩོམ་ཡིག་དེ་བོད་ལྗོངས་སློབ་ཆེན་སོགས་ནས་སློབ་ཁྲིད་ལ་བཀོལ་གྱི་ཡོད་ཚུལ་གོ་ཐོས་བྱུང་།
གསར་འགོད་པ། སྟོད་མངའ་རིས་ནི་གནའ་བོའི་ཞང་ཞུང་དང་བོད་བཙན་པོའི་སྐབས། ལྷག་པར་དུ་བོད་སིལ་བུའི་སྐབས་ནས་བོད་ཀྱི་རིག་གནས་དར་སྤེལ་གཏོང་ཡུལ་གལ་ཆེན་ཞིག་ཡིན་པ་དང་། ཁྱེད་ནི་སྟོད་མངའ་རིས་སུ་འཁྲུངས་པར་མ་ཟད། སྐུ་ཚེ་གང་པོར་མངའ་རིས་ས་ཁུལ་གྱི་རིག་གནས་ལོ་རྒྱུས་ལ་ཞིབ་འཇུག་མཛད་པས། ཞིབ་འཇུག་གི་གྲུབ་འབྲས་དང་སྦྲགས་ནས་སྟོད་མངའ་རིས་ཀྱི་རིག་གནས་ལོ་རྒྱུས་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
འདར་ཚ་ཁྱུང་བདག །སྟོད་མངའ་རིས་སམ། མངའ་རིས་བསྐོར་གསུམ་ཞེས་པ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་དཀར་དུ་གསུངས་པ་ལྟར། བཙན་པོ་འོད་སྲུང་གྱི་གདུང་རྒྱུད་སྐྱིད་ལྡེ་ཉི་མགོན་ཞང་ཞུང་དུ་ཕེབས་རྗེས་མགོན་གསུམ་ལ་བསྐོར་གསུམ་གཏད་ནས་བྱུང་བའི་ཡུལ་མིང་གསར་པ་ཞིག་རེད་འདུག །རྒྱལ་པོ་ལ་མངའ་བདག་དང་། དེའི་འབངས་མི་སེར་ལ་མངའ་འབངས་དང་། དེའི་དབང་ཤུགས་ཁྱབ་ཁོངས་ལ་མངའ་རིས་ཟེར་བ་རེད། དང་པོའི་སྐབས་སུ་མངའ་རིས་བསྐོར་གསུམ་དེ། ཀཿཐོག་རིག་འཛིན་ཆེན་མོ་ཚེ་དབང་ནོར་བུའི་གསུང་དེབ་དང་། ལ་དྭགས་རྒྱལ་རབས། རྗེ་རིན་པོ་ཆེའི་ཞལ་སློབ་གུ་གེ་ཀ་ལིང་པ་མཁན་ཆེན་ངག་དབང་གྲགས་པའི་མངའ་རིས་རྒྱལ་རབས་བཅས་སུ་གསལ་བ་ལྟར་རེད་འདུག །དེའི་སྐོར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་དུ་ཁ་གསལ་ཞིག་བྲིས་ཁུལ་ཞུས་ཡོད་པས་དེར་གཟིགས་པར་ཞུ། ཕྱིས་སུ། པུ་རངས་གངས་ཀྱིས་བསྐོར། གུ་གེ་གཡའ་ཡིས་བསྐོར། རུ་ཐོག་མཚོ་ཡིས་བསྐོར་ཟེར་བ་དེ་བྱུང་འདུག །ཡང་། མདོ་སྨད་ཆོས་འབྱུང་དང་དཔེ་ཆ་གཞན་དག་འགའ་ཞིག་ཏུ་མངའ་རིས་བསྐོར་གསུམ་རྒྱས་སྤྲོས་ཅན་ཞིག་བཀོད་འདུག །གསུང་སྟངས་དེ་ག་དུས་བྱུང་མིན། ད་དུང་ཞིབ་ཏུ་བརྟག་དཔྱད་ཞུ་དགོས་པར་མཐོང་། རེ་ཞིག་དེ་ཙམ་གྱིས་ཆོག་པ་བྱས། ཞང་ཞུང་ཟེར་བ་དེ། མངའ་རིས་བསྐོར་གསུམ་མ་ཆགས་པའི་སྔོན་གྱི་མིང་རེད། དེ་ཡིན་སྟངས་ནི་ཏུན་ཧོར་གཏེར་ཡིག་སོགས་གཟིགས་ན་ཁ་གསལ་རེད། སྟོད་མངའ་རིས་ཀྱི་ས་ཆ་དེ་ཞང་ཞུང་དུས་ཙམ་ནས་དབུས་གཙང་དང་ཐད་ཀའི་འབྲེལ་བ་ཡོད་ཅིང་། དར་གཟབ་ལམ་ཆེན་དང་ཁད་ཉེ་བ། དབུས་ཨེ་ཤེ་ཡ་དང་། ལྷོ་ཨེ་ཤེ་ཡ། དེ་བཞིན་རང་རྒྱལ་གྱི་ལི་ཡུལ་སོགས་དང་འདབས་འབྲེལ་དུ་ཡོད་པས། མི་ཚོགས་དང་། ཟོང་ཚོགས། ཆ་འཕྲིན་གྱི་ཚོགས། རིག་གནས་དང་ཆོས་ལུགས་མི་འདྲ་བ་དུ་མའི་ཚོགས་བཅས་འདུ་ཆེ་ས་ཞིག་ཡིན། དེའི་ཤན་ཤུགས་ལྟ་བུས་རིག་གནས་སྲོལ་རྒྱུན་ཐད་རང་སའི་ཤེས་རིག་གི་རྨང་གཞིའི་ཐོག་དེ་བས་གྲ་རྒྱས་པ་ཕུན་སུམ་ཚོགས་པ་ཞིག་ཆགས་ཡོད་བཟོ་འདུག །ད་ལྟ་ཡང་གླུ་གཞས་དང་། གར་ཤོན། ཡུལ་སྲོལ། བྲག་རིས། མཁར་ཤུལ། ལྡེབས་བྲིས་སོགས་ཀྱིས་མཚོན། ལྷག་འཕྲོ་ལྟ་བུ་ཅུང་ཟད་མཇལ་རྒྱུ་ཡོད། དུས་ཕྱིས་རིམ་བཞིན་ཉམས་དམས་སུ་ཕྱིན་པས་བར་ལམ་ཐམས་ཅད་ཀྱིས་བརྗེད་ཟིན་པ་ལྟ་བུ་ཞིག་ཆགས། ཡིན་ནའང་། ཡི་གེ་རྙིང་པ་སྔར་བས་མང་བ་རྩད་ཆོད་བྱུང་བཞིན་པ་དང་། གནའ་དཔྱད་རིག་པའི་ཞིབ་འཇུག་གོང་འཕེལ་འགྲོ་བཞིན་པ་དང་གཏིང་ཟབ་སྤེལ་བཞིན་པས། ཆུ་མོ་ཇེ་དྭངས་ཇེ་དྭངས་དང་། ཉ་མོ་ཇེ་གསལ་ཇེ་གསལ་ཟེར་བའི་དཔེ་ལྟར། ཁ་གསལ་དུ་འགྲོ་བཞིན་འདུག་ལ། མ་འོངས་པའི་དུས་སུ་གཏན་གཏན་དེ་བས་ཁ་གསལ་དུ་འགྲོ་བཞིན་རེད་བསམ་པའི་ཡིད་ཆེས་ཡོད།
གསར་འགོད་པ། བོད་ཀྱི་གནའ་བོའི་ཡིག་ཚངས་ལ་ཁྱད་ཆོས་དང་ཞིབ་འཇུག་གི་རིན་ཐང་གང་འདྲ་ལྡན།
འདར་ཚ་ཁྱུང་བདག །དེའི་སྐོར་ཆེད་ལས་མིན་པས་ཞུ་ཐབས་བྲལ། ཕྲན་རང་གིས་མཇལ་བའི་མངའ་རིས་ཡིག་ཚངས་དེ་དག་ནི་སྔ་དར་སྐབས་ཀྱི་ཚིག་འགྲོས་དང་འདྲ་ཆེ་ཞིང་། ཚིག་སྣ་བསྡུས་པ། རྙིང་ཉམས་དོད་པ། མངའ་རིས་ཀྱི་ཡུལ་སྐད་དང་མིང་བརྡ་ཐ་སྙད་མང་པོས་བརྒྱན་པ་ཞེ་གཅིག་ཏུ་སྣང་བས་སླད་ཕྱིན་བོད་ཀྱི་སྐད་ཡིག་དང་མིང་བརྡ་ཞིབ་འཇུག་སོགས་ལ་ངེས་པར་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་པའི་ངོས་འཛིན་ཞུ་བཞིན་ཡོད། གཞན་ཡང་། དེ་དག་ཁྲོད་ལོ་རྒྱུས་ཀྱི་དཔྱད་གཞི་ལྷག་པར་སྟོད་ཕྱོགས་ཀྱི་རིག་གནས་དང་། ཆབ་སྲིད། ཆོས་ལུགས་སོགས་དང་འབྲེལ་བའི་ལོ་རྒྱུས་འཁོད་པ་དེ་དག །དེ་ལ་དེ་འབྲེལ་གྱི་རིག་ཚན་མི་འདྲ་བའི་ཞིབ་འཇུག་བསྐྱངས་པར་མཁོ་ངེས་རེད་འདུག་བསམ་གྱི་འདུག་ལ་གཅེས་སྤྲས་ཀྱི་འོས་སུ་ཆེ་སྙམ་པ་དེ་ཡིན།
གསར་འགོད་པ། མ་འོངས་པར་རིག་གཞུང་ཞིབ་འཇུག་ཐད་དགོངས་འཆར་ག་འདྲ་ཡོད་ལགས།
འདར་ཚ་ཁྱུང་བདག །མ་འོངས་པར་འཆར་གཞི་ཅང་མེད་ལགས། གཟུགས་པོ་འགྲིག་ཙམ་དང་དུས་ཁོམ་བྱུང་ན། དེ་སྔ་དཔེ་སྐྲུན་ཟིན་པ་དེ་དག་ལ་ཡང་བསྐྱར་ཞུ་དག་ཅིག་གཏོང་རྒྱུ་བྱུང་ན་བསམ་པ་དེ་ཡིན། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། །
ངོ་སྤྲོད་རགས་བསྡུས།
འདར་ཚ་ཁྱུང་བདག་ནི་1968ལོར་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་རུ་ཐོག་རྫོང་དུ་སྐུ་འཁྲུངས་པ་དང་། མངའ་རིས་རུ་ཐོག་རྫོང་སློབ་ཆུང་དང་སེང་གེ་ཁ་འབབ་གྲོང་རྡལ་གྱི་དེ་སྔའི་མངའ་རིས་ས་ཁུལ་སློབ་འབྲིང་འགྲིམས་ནས། བོད་ལྗོངས་སློབ་ཆེན་དུ་རྒྱུགས་འཕྲོད་རྗེས། མུ་མཐུད་དུ་ནུབ་བྱང་མི་རིགས་སློབ་ཆེན་དུ་ཕྱིན་ནས་རིག་གཞུང་རབ་འབྱམས་པའི་སློབ་གནས་བཞེས། སྔར་མངའ་རིས་ས་ཁུལ་སློབ་འབྲིང་དང་མངའ་རིས་རིག་གནས་ཅུས་སུ་ལས་ཞུགས་གནང་བ་དང་། 1995ལོ་ནས་2017ལོའི་བར་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཕེབས་ནས་གལ་ཆེའི་གསར་འགྱུར་རྩོམ་སྒྲིག་ཁང་དང་ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བའི་ཀྲུའུ་རེན་གཞོན་པ་དང་།
《མི་དམངས་ཉིན་རེའི་ཚགས་པར།》བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་སོགས་ཀྱི་ལས་གནས་བཞེས་ནས། བོད་ཀྱི་གསར་འགྱུར་ལས་རིགས་ལ་མཛད་རྗེས་མི་དམན་པ་བཞག །2019ལོ་ནས་ད་ལྟའི་བར་བོད་ལྗོངས་སློབ་གྲྭ་ཆེན་མོས་གདན་ཞུས་བྱས་པ་ལྟར། བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་དང་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་སློབ་དཔོན་གྱི་འགན་བཞེས་ཡོད། དེ་བཞིན་ད་དུང་ལན་ཀྲུའུ་སློབ་ཆེན་དང་ལྷོ་ནུབ་མི་རིགས་སློབ་ཆེན། ཀྲེའུ་ཅང་སློབ་ཆེན་སོགས་སུ་རིག་གཞུང་འཆད་ཁྲིད་ཕེབས་ཀྱི་ཡོད།
ཁོང་རྒྱལ་ཕྱི་ནང་གི་བོད་རིག་པའི་ཚོགས་ཆེན་གང་མང་ལ་ཕེབས་ནས་རིག་གཞུང་དཔྱད་གླེང་གནང་བ་དང་ལས་ཞོར་དུ་གསུང་བརྩམས་རིན་ཐང་ལྡན་པ་ཁག་ཅིག་མཛད་ཡོད་དེ། 《ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པའི་མཆན་འགྲེལ་ཏི་སེའི་མགུལ་རྒྱན》དང་《མངོན་བརྗོད་འཆི་མེད་མཛོད་ཀྱི་རྒྱ་ཆེར་འགྲེལ་བ་འདོད་འཇོ་བ་མོ་དང་དེའི་མཆན་འགྲེལ》ཞེས་པའི་དཔེ་དེབ་མཛད་པ་དང་། 《མངའ་རིས་མཐོ་ལྡིང་དགོན་དུ་བཞུགས་པའི་གནའ་དཔེ་རྩ་ཆེན་རྒྱལ་རབས་ཟླ་རིགས་མའི་མཚམས་སྦྱོར》《ཆོས་རྗེ་ས་པཎ་དང་སཾ་བོད་ལོ་ཙཱ》《མངའ་རིས་སུ་གསར་དུ་རྙེད་པའི་གནའ་དཔེ་རྩ་ཆེན་རྒྱལ་རབས་ཟླ་རིགས་མ་ཚན་སྒྱུར》སོགས་དཔྱད་རྩོམ་ཁག་ཅིག《ཀྲུང་གོའི་བོད་རིག་པ》སོགས་དུས་དེབ་གཙོ་གྲས་སུ་སྤེལ་ཡོད། གཞན་ཡང་། 《ཞི་ཅིན་ཕིང་། རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་དཔེ་དེབ་ཀྱི་ལོ་ཙཱ་དང་ཞུ་དག་གི་ལས་གྲལ་དང་། 《བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ལོ་60(1956-2016)》དང་བོད་རང་སྐྱོང་ལྗོངས་ཐ་སྙད་གསར་པ་གཏན་འབེབས་ཨུ་ལྷན། དེ་བཞིན་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི《2009ལོའི་བོད་རིག་པའི་ལོ་དེབ》སོགས་ཀྱི་ལས་གྲལ་དུ་ཞུགས་ནས་ཕྱག་ལས་གང་མང་མཛད་ཅིང་། རང་སྐྱོང་ལྗོངས་རིམ་པ་སོགས་ཀྱི་བྱ་དགའ་དང་གཟེངས་རྟགས་ཀྱང་ཐོབ་མྱངས། །