ངོ་སྤྲོད་མདོར་བསྡུས།
རྣམ་རྒྱལ་ཆོས་མཚོ་ནི་ལྟ་ན་སྡུག་པའི་གཙང་གསུམ་འགོ་ཁུངས་ཏེ་མཚོ་སྔོན་ཞིང་ཆེན་རྫ་སྐྱེ་དགུ་མདོ་ནས་ཐོན་པའི་བོད་ཀྱི་ན་གཞོན་གཞས་མ་ཞིག་ཡིན་ལ། 2008ལོར《ཁྱེད་ནི་ངའི་མི་ཚེའི་ནང་གི་ཆེས་དགའ་སའི་མི་དེ་ཡིན།》ཞེས་པའི་མི་སྒེར་གྱི་རྐྱང་གཞས་ཐོག་མ་བཏོན་པ་དང་། རྗེས་སུ་གླུ་གཞས་འགྲན་སྡུར་མང་པོར་ཞུགས་ཏེ་གྲུབ་འབྲས་མི་དམན་པ་བླངས་མྱངས་ལ། 2010ལོར《ལུ་གུའི་མེ་ཏོག》ཅེས་པའི་མི་སྒེར་གྱི་ཆེད་སྒྲིག་ཐོག་མ་བཏོན་པར། མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་མང་པོའི་དགའ་བསུ་ཐོབ་ཡོད། དེ་རྗེས་སུ་མུ་མཐུད་དུ་འབད་བརྩོན་དང་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཞུགས་པའི་འདུན་པ་ནམ་ཡང་མ་དོར་བར། 2013ལོར་ཡང་བསྐྱར《ཨ་ཞང་ཚོ།》ཞེས་པའི་ཆེད་སྒྲིག་གཉིས་པ་བཏོན་པ་དང་2016ལོར་མི་སྒེར་གྱི་ཆེད་སྒྲིག་གསུམ་པ《བླ་སྲོག་གི་སྒྲོན་མེ།》ཞེས་པ་བཏོན་པར་རྒྱལ་ཕྱི་ནང་གི་བོད་རིགས་སྤུན་ཟླ་མང་པོའི་དགའ་བསུ་བླ་ན་མེད་པ་ཐོབ་ཅིང་། སྔ་རྗེས་སུ་གླུ་གཞས་དགོང་ཚོགས་ཆེ་གྲས་མང་པོར་ཞུགས་མྱངས་ལ། 《མཚོ་སྔོན་པོ།》དང་། 《མཛའ་མཐུན་ཆུ་བོ།》སོགས་རྐྱང་གཞས་མང་པོ་བོད་ཡུལ་སྟོད་སྨད་ཀུན་དུ་ཁྱབ་སྟེ་དགའ་བསུ་དཔག་མེད་ཐོབ་ཡོད། 2024ལོའི་ཟླ་1པོའི་ཚེས་19ཉིན་ཁམས་པའི་བརྙན་འཕྲིན་ཁང་དུ《འཛམ་གླིང་ཡང་རྩེའི་སྨོན་འདུན།》ཞེས་པའི་མི་སྒེར་གྱི་གླུ་གཞས་དགོང་ཚོགས་སྤེལ་བ་དང་། སྐབས་དེར་བོད་ཀྱི་གླུ་པ་གྲགས་ཅན་ཤེར་བསྟན་དང་། ཚེ་དབང་ལྷ་མོ། ཀུན་དགའ་སོགས་གདན་ཞུས་ལྟར་ཕེབས་པར་མ་ཟད། གླུ་གཞས་དགོང་ཚོགས་ཀྱི་བརྩམས་ཆོས་ཁྱད་དུ་འཕགས་ཤིང་རྣམ་པ་ཕུན་སུམ་ཚོགས་ལ། ཀུན་ལ་གཙང་གསུམ་གྱི་འགོ་ཁུངས་སྲུང་སྐྱོང་བྱས་ཏེ་མཚར་སྡུག་གི་ཕ་ས་སྲུང་བར་འབོད་སྐུལ་བྱས་ཡོད་པར་མ་ཟད། གླུ་གཞས་དགོང་ཚོགས་ཀྱི་མགོ་འཇུག་བར་གསུམ་བདེ་བླག་ངང་ནས་གྲུབ་པ་དང་། བོད་ཡུལ་སྟོད་སྨད་བར་གསུམ་ནས་ཡུལ་དངོས་དང་དྲ་ལམ་གཉིས་ནས་དགའ་བ་འབུམ་གྱིས་བསུ་མ་བྱས་ཡོད།
བཅར་འདྲིའི་ལེའུ།
གསར་འགོད་པ། གཞས་མ་རྣམ་རྒྱལ་ཆོས་མཚོ་ལགས། ཁམས་བཟང་། ཐོག་མར་ཁྱེད་ཀྱིས་ངེད་གངས་ལྗོངས་ཉི་གཞོན་གྱི་བཅར་འདྲི་དང་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
རྣམ་རྒྱལ་ཆོས་མཚོ། ད་དེ་རིང་མཐོ་སྒང་ཁ་བའི་ཞིང་ན་སྙན་པའི་གྲགས་པ་འབར་བའི་གངས་ལྗོངས་ཉི་གཞོན་ཚང་གིས་ངེད་ལ་རེ་བ་དང་ཡིད་ཆེས་སམ་མཐོང་ཆེན་ཞིག་གིས་གོ་སྐབས་བཟང་པོ་འདི་འདྲ་གནང་བར་གུས་མོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
གསར་འགོད་པ། དང་ཐོག་ཁྱེད་རང་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཇི་ལྟར་ཞུགས་པ་ཡིན།
རྣམ་རྒྱལ་ཆོས་མཚོ། ང་རང་བྱིས་པ་ཆུང་ཆུང་ཡིན་དུས་རྟ་ནོར་གྱི་ལྷས་ར་ནས་འབའ་འབའ་གཡང་དཀར་ལུག་གི་འབའ་སྒྲ་དང་མཉམ་དུ་འཚར་ལོངས་བྱུང་ཞིང་། ཁྱད་པར་ས་ཆུ་གཙང་ཞིང་། གངས་རི་དང་རྫ་རི་མཐོ་ལ། དཀར་དམར་མེ་ཏོག་གིས་བརྒྱན་པའི་ཡངས་པའི་རྩྭ་ཐང་དུ་དྲིན་ཆེན་ཕ་མའི་གཅེས་ཕྲུག་སྐྱག་ལང་མ་ཞིག་ཡིན་དུས་ནས་ཁོར་ཡུག་གིས་རྐྱེན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་ཤ་འདྲེས་པགས་འདྲེས་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་མྱངས། དེ་བཞིན་རིམ་པར་སློབ་ཆུང་འགྲིམ་དུས་ནས་དགེ་རྒན་དམ་པ་རྣམས་ཀྱི་སློབ་སྟོན་འོག་སྲོལ་རྒྱུན་གྱི་སྒྲུང་གྱེར་འདོན་དང་། གླུ་ལེན་པ། གར་འཁྲབ་པ་སོགས་ཀྱི་གོ་སྐབས་མང་པོ་བྱུང་བ་དང་། དེ་ལྟར་དགའ་ཕྱོགས་དང་བག་ཆགས་ཤིག་གི་དབང་གིས་ལམ་ཁ་འདིར་ཞུགས་པ་ལས། ལམ་ཁ་འདིའི་ཆེད་དུ་སྦྱོང་བ་སོགས་བྱས་ནས་ཐོན་པ་དེ་འདྲ་གང་ཡང་མིན།
གསར་འགོད་པ། ཁྱེད་རང་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་ནས་འཕྲད་པའི་མི་བུ་དྲིན་ཆེན་དེ་སུ་ཡིན། དེའི་སྐོར་ནས་རོབ་ཙམ་གླེང་རོགས།
རྣམ་རྒྱལ་ཆོས་མཚོ། གླུ་གཞས་སྒྱུ་རྩལ་གྱི་ལམ་ཁར་ཞུགས་པ་ནི་ལས་སླ་པོ་ཞིག་ཁྱོན་ནས་མ་རེད། དེའི་བརྒྱུད་རིམ་ནང་དྲིན་ཆེན་ཕ་མའི་བཅོས་མིན་གྱི་བརྩེ་བ་དང་བྱམས་སྐྱོང་། བརྩེ་བའི་ཨ་ཅེ་ལགས་ཀྱི་རྟིང་སྐུལ་དང་ལམ་སྟོན། དེ་བཞིན་ཚེ་གྲོགས་ཀྱིས་དུས་ནམ་ཡིན་ཡང་མར་འཐེན་མེད་པར་ལམ་ཁ་འདིར་རྒྱབ་སྐྱོར་དང་དཔུང་གྲོགས་བྱས་པའི་སྟབས་ཀྱིས་ངས་ལམ་ཁ་འདི་རྙེད་པ་རེད། ཁོང་རྣམ་པའི་རྒྱབ་སྐྱོར་མེད་ན་གནས་རིམ་འདིར་སླེབས་པ་ནི་རྨི་ལམ་ཙམ་ཡིན་སྲིད། དེའི་ཕྱིར་འདི་ནས་ཁོང་རྣམ་པ་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
གསར་འགོད་པ། ད་ལྟའི་ན་གཞོན་གླུ་གཞས་སྒྱུ་རྩལ་པ་རྣམས་ལ་བསམ་ཚུལ་དང་བརྗོད་འདོད་པའི་སྐད་ཆ་གང་དག་ཡོད།
རྣམ་རྒྱལ་ཆོས་མཚོ། གླུ་གཞས་སྒྱུ་རྩལ་པ་རྒན་ཡར་དུང་དང་། རྒན་དཔལ་མགོན། རྡུང་ལེན་པ་རྒན་བདུད་བྷེ་སོགས་རྒན་རབས་རྣམ་པའི་བཀའ་དྲིན་གྱིས། ཁ་སང་དེ་རིང་བོད་ཁ་བ་གངས་ཅན་པའི་ན་གཞོན་གླུ་གཞས་སྒྱུ་རྩལ་པ་སྤང་ལ་ཤ་མོ་བརྡོལ་བ་བཞིན་ཡོང་བཞིན་འདུག །དེ་ནི་དགའ་འོས་པའི་གནས་ཚུལ་ཞིག་རེད། ང་ཚོ་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་གླུ་གཞས་ཉམས་པ་སླར་གསོ་དང་། མ་ཉམས་རྒྱུད་འཛིན་བྱེད་མཁན་ཡིན་པའི་ཆ་ནས། རང་ཚུགས་མི་བོར་བ་དང་ཁ་ཕྱོགས་ནོར་མི་ཉན་པར། སྲོལ་རྒྱུན་གཡུ་ཡི་མེ་ཏོག་ལྟ་བུ་ལ་དེང་རབས་བྱུ་རུའི་ཁྲ་རྒྱན་གདབ་དགོས་པའང་གནད་འགག་གལ་ཆེན་རེད་བསམ།
གསར་འགོད་པ། ཁྱེད་ཀྱིས་ན་ནིང་གི་གླུ་གཞས་ཆེད་ཚོགས་སྤེལ་བའི་སྐོར་ནས་ཁ་བརྡ་ཞིག་གནང་རོགས།
རྣམ་རྒྱལ་ཆོས་མཚོ། གླུ་གཞས་ཆེད་ཚོགས་སྤེལ་དགོས་དོན་ནི་ངའི་གླུ་གཞས་སྒྱུ་རྩལ་ལ་དགའ་བའི་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོས་རེ་སྐུལ་དང་། གཉིས་སུ་ངེད་ནས་ཡུན་རིང་བར་བླངས་མྱངས་བའི་གླུ་གཞས་ཁག་ལ་ཕྱོགས་བསྡོམས། གསུམ་དུ་ཁམས་པའི་བརྙན་འཕྲིན་ལྟ་བུའི་སྡིངས་ཆ་ཆེན་པོ་འདི་འདྲ་ཞིག་གིས་གོ་སྐབས་གནང་ཡོང་དུས་གོ་སྐབས་དམ་འཛིན་བྱས་པ་ཡིན། དེའི་ཁར་ཆོལ་ཁ་གསུམ་ན་སྐད་གྲགས་ཡོད་པའི་གླུ་པ་ཤེར་བསྟན་དང་། གླུ་མ་ཚེ་དབང་ལྷ་མོ། གླུ་པ་ཀུན་དགའ་སོགས་ཀྱིས་རྒྱབ་སྐྱོར་བླ་མེད་བྱས་པའི་བཀའ་དྲིན་གྱིས་གླུ་གཞས་ཆེད་ཚོགས་དེ་ལེགས་གྲུབ་བྱུང་བ་དང་།
གུས་མོར་དགའ་མོས་བྱེད་མཁན་ཡོངས་ལ་ལེགས་སྐྱེས་ཆུང་ཆུང་ཞིག་ཕུལ་ཐུབ་སོང་བས་འཇིག་རྟེན་འདིར་ཡོང་བའི་ལས་དོན་གྱི་ཆ་ཤས་ཆུང་ཆུང་ཞིག་གྲུབ་སོང་བསམ་ནས་དགའ་པོ་བྱུང་སོང་། ངེད་ཀྱི་གླུ་གཞས་ཆེད་ཚོགས་ཐོག་སྟོད་མངའ་རིས་དང་། ལྷ་ས། ཆབ་མདོ། མཚོ་སྔོན། ནག་ཆུ་སོགས་ཡུལ་ལུང་མང་པོ་ནས་སྤུན་ཟླ་མང་པོ་ཞིག་ཡུལ་དངོས་སུ་ཐོན་ནས་ངེད་ལ་རྒྱབ་སྐྱོར་གནང་། ཁྱད་པར་ངེད་ཀྱི་རེ་སྐུལ་ལྟར་རྒན་གཞོན་ཕོ་མོ་ཁྱད་མེད་ཀྱིས་བོད་ལ་གཙང་མ་གོན་ཞིང་ཕ་སྐད་གཙང་མའི་ལམ་ནས་ཁ་གཡང་བསྒྲགས་པ་དེས་ངེད་ལ་སེམས་འགུལ་ཆེན་པོ་ཐེབས་སོང་བས་ངས་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། སྐབས་དེར་ཚོགས་རར་མ་ཤོང་བར་ཕྱི་རོལ་ཏུ་བཞུགས་དགོས་ཐུག་པ་རྣམས་ལ་དགོངས་སེལ་ཞུ། ཁྱེད་རྣམ་པའི་རྒྱབ་སྐྱོར་མེད་ན་ང་རང་ལ་ད་ལྟའི་གོ་བབ་འདི་འདྲ་ཡོད་མི་སྲིད། ད་དུང་ཡང་ང་ལ་ཁྱེད་རྣམ་པའི་རྒྱབ་སྐྱོར་མཁོ་ལ། ངས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་རྩམ་དྲི་བྲོ་བའི་གླུ་གཞས་གང་མང་ཞིག་རྣམ་པ་ཚོའི་སྙན་ལམ་དུ་ཕུལ་ཐུབ་པའི་རེ་བ་ཡོད། ཐུགས་རྗེ་ཆེ།
གསར་འགོད་པ། ཁྱེད་ལ་བོད་གཞས་སྒྱུ་རྩལ་གྱི་ཕྱོགས་ནས་བག་ཆགས་ཟབ་ཤོས་ཀྱི་སྒྱུ་རྩལ་པ་དེ་སུ་ཡིན། དེའི་སྐོར་ནས་ཁ་བརྡ་ཞིག་བྱས་ན།
རྣམ་རྒྱལ་ཆོས་མཚོ། བོད་གཞས་སྒྱུ་རྩལ་གྱི་ཕྱོགས་ནས་ང་རང་ལ་བག་ཆགས་ཟབ་ཤོས་ཀྱི་གླུ་བ་ནི་གངས་ལྗོངས་ཁ་བའི་ཞིང་ཁམས་ཙམ་མ་ཟད། རྒྱལ་ཕྱི་ནང་ཀུན་ལ་སྐད་གྲགས་ཆོད་པའི་གླུ་རྒྱལ་ཡར་དུང་ཡིན། ཁོང་གི་རང་མི་རིགས་ཀྱི་འཚོ་བ་མཚོན་པའི་གླུ་གཞས་སྣ་ཚོགས་ཀྱིས་མི་རིགས་མང་པོར་བག་ཆགས་ཟབ་མོ་བཞག་ཡོད་ལ། ང་ཁོང་གི་གླུ་གཞས་ལ་ཧ་ཅང་དགའ། ཁོང་གི་གླུ་གཞས་ལ་སྦྱོང་འདོད་ཆེན་པོ་ཡོད།
གསར་འགོད་པ། ཁྱེད་བོད་གཞས་སྒྱུ་རྩལ་པ་ཞིག་ཡིན་པའི་ངོས་ནས། མ་འོངས་པའི་བོད་གཞས་སྒྱུ་རྩལ་གྱི་ལམ་ཁ་ཅི་འདྲ་ཞིག་ཡིན་པར་བསམ་བློ་གཏོང་མྱོང་ཡོད་དམ། དེའི་སྐོར་ནས་ཁ་བརྡ་ཞིག་བྱེད་རོགས།
རྣམ་རྒྱལ་ཆོས་མཚོ། གླུ་གཞས་སྒྱུ་རྩལ་གཅིག་པུ་མ་རེད། སྤྱི་ཚོགས་གང་འདྲ་ཞིག་དང་། ལས་རིགས་གང་འདྲ་ཞིག་ཡིན་ཡང་ཅུང་སྔོན་ཐོན་དང་། འབུར་ཐོན་གྱི་བྱ་བ་ཞིག་བརྩམ་ཡོང་དུས་ཕྱི་ནང་གི་དཀའ་ཁག་མང་པོར་འཕྲད་རྒྱུ་ཆོས་ཉིད་རེད། ང་གཅིག་པུ་མ་རེད་ཚང་མ་ལ་དཀའ་ཁག་གཅིག་མཚུངས་ཡོད་རེད། དཀའ་ཁག་ལ་མ་འཛེམ་པར་བཟོད་སྒོམ་དང་གདོང་མཆོང་བྱེད་ཐུབ་ན་ད་གཟོད་རྒྱལ་ཁ་ཐོབ་ངེས་རེད། མ་འོངས་པའི་ལམ་ཁར་ཡང་ཀྱག་ཀྱོག་མང་ངེས་རེད། བོད་ཀྱི་གླུ་གཞས་རྒྱུད་འཛིན་པ་ཞིག་གི་ངོས་ནས་བཟོད་སྒོམ་དང་གུ་ཡངས་ཀྱིས་སྡུག་རུས་བྱེད་ཐུབ་ན་མ་འོངས་པའི་བོད་གཞས་སྒྱུ་རྩལ་གྱི་ལམ་ཁ་ཡར་ནས་ཡར་དར་དང་། གོང་ནས་གོང་དུ་འཕེལ་ངེས་རེད་བསམ།
གསར་འགོད་པ། མཇུག་མཐར། ཁྱེད་ལ་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བོད་གངས་ཅན་གྱི་གླུ་གཞས་སྒྱུ་རྩལ་གྱི་བསྟན་པ་ཡར་ནས་ཡར་དར་ཡོང་བ་དང་། གཞས་མ་ཁྱེད་ཀྱི་གླུ་གཞས་སྒྱུ་རྩལ་གྱི་ལམ་ཁ་སྔར་ལས་ཡངས་ཤིང་། བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ། །