པདྨ་ལྷ་མོ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་མི་ཉག་ལྷ་སྒང་གི་འབྲོག་སྡེ་ཞིག་ཏུ་སྐྱེས་ཤིང་། ད་ལྟ་མཐོང་ཚོར་ཇུས་འགོད་པ་དང་། རང་མོས་བར་བཅུག་རི་མོ་ཇུས་འགོད་ཀྱི་ལས་ལ་གཞོལ་བཞིན་ཡོད། བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ལེགས་བསྒྲིགས་དེབ་ཕྲེང་སྟེ《བོད་ཀྱི་གསུང་རབ་ཚན་པ་བརྒྱ》ཡི་ཁག་གཉིས་པའི་བར་བཅུག་རི་མོ་བྲིས་ཤིང་ད་ལྟ་ཁག་གསུམ་པའི་བར་བཅུག་རི་མོ་བྲིས་ནས་པར་སྐྲུན་བྱེད་གྲབས་ཡོད།
པདྨ་ལྷ་མོའི་བརྩམས་ཆོས་མང་ཤོས་ནི་བོད་ཀྱི་ཞིང་འབྲོག་བུད་མེད་བརྗོད་བྱར་བཟུང་ནས་གསར་རྩོམ་བྱས་པ་དང་། ལུས་ལ་སྲོལ་རྒྱུན་གྱི་གྱོན་ཆས་བཀླུབས་པའི་བུད་མེད་ལ་དོ་ཁུར་བྱས་ཏེ་ཁོང་ཚོའི་སེམས་ཁམས་མྱོང་ཚོར་ཐུབ་པ་དང་། བར་བཅུག་རི་མོར་བརྟེན་ནས་བོད་རིགས་བུད་མེད་ཀྱི་གདེང་ཚོད་དང་གདོད་མའི་མཛེས་སྡུག་མངོན་པར་བྱས་དང་བྱེད་མུས་རེད།
2022ལོའི་དབྱར་ཁར། མོས་མཐོ་སྒང་གི་ས་གནས་ཁག་ཏུ་རྟོག་ཞིབ་བྱེད་པའི་འགྲུལ་བཞུད་ཅིག་གི་འགོ་ཚུགས་ཤིང་། ཁྲེང་ཏུའུ་ནས་ལམ་ལ་ཆས་ཏེ་རིམ་པ་བཞིན་དཀར་མཛེས་ཁུལ་གྱི་དར་མདོ་དང་ལི་ཐང་། དཀར་མཛེས་བཅས་དང་། བོད་ལྗོངས་ཀྱི་ལྷ་ས། མཚོ་སྔོན་གྱི་ཡུས་ཧྲུའུ་རུ་བསྐྱོད་པ་དང་། དེ་བཞིན་ཡང་དཀར་མཛེས་ཁུལ་གྱི་བྲག་འགོ་དང་གསེར་རྟ། རྟའུ་བཅས་བརྒྱུད་དེ་བརྒྱུད་རིམ་ཧྲིལ་པོར་ས་གནས་སོ་སོའི་གྱོན་ཆས་ཀྱི་ཁྱད་པར་རང་བཞིན་དང་དཀོན་པའི་རང་བཞིན་ཟིན་ཐོར་བཀོད།
པདྨ་ལྷ་མོས་བུད་མེད་གསར་རྩོམ་བྱ་ཡུལ་དུ་བརྩིས་ནས་ཁོང་ཚོ་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་ཟབ་མོ་གླེང་མོལ་བྱས་ཏེ། ཐུན་མོང་མ་ཡིན་པའི་ནང་སེམས་ཀྱི་འཇིག་རྟེན་དང་སྲོལ་རྒྱུན་གོམས་གཤིས་རྒྱུན་འཛིན་མངོན་པར་བྱས་ནས། མཐོ་སྒང་བུད་མེད་ཀྱི་ཞིབ་ཅིང་ཕྲ་བའི་མཛེས་པ་མངོན་པར་བྱས་ཡོད།
པདྨ་ལྷ་མོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། སྲོལ་རྒྱུན་གྱི་བོད་ཀྱི་རྒྱན་གོས་རིག་གནས་ཀྱིས་ང་ལ་རིག་པ་ཐོལ་སྐྱེས་མང་པོ་གནང་བ་དང་། སྲོལ་རྒྱུན་གྱི་རྒྱན་གོས་ཀྱིས་མཛེས་སྡུག་ལྡན་པའི་རྒྱན་སྤྲས་མཚོན་པར་མ་ཟད། ད་དུང་དམིགས་བསལ་གྱི་བསམ་པའི་མཚོན་དོན་དང་དངོས་ཡོད་ཀྱི་དོན་སྙིང་ཡང་མཚོན་གྱི་ཡོད་པས། ངས་རྟག་ཏུ་གུས་ཤིང་དད་པའི་བསམ་པ་བཅངས་ནས་གནའ་བོའི་ཤེས་དཔལ་དེར་སློབ་སྦྱོང་བྱེད་བཞིན་ཡོད་ཅིང་། ངས་ཀྱང་རང་ཉིད་ཀྱི་རི་མོ་བརྒྱུད་ནས་མཛེས་སྡུག་འདི་ཉིད་རྒྱུན་འཛིན་བྱ་འདོད། །