དང་པོ། ས་གནས་འདིར་གེ་སར་རིག་གནས་དང་འབྲེལ་བའི་སྐོར།
ཡུལ་འདི་གླིང་གེ་སར་དང་འབྲེལ་བ་ཆེ་བའི་གནས་ཁྱད་པར་ཞིག་ཡིན་པར་མ་ཟད། ཆེས་སྔ་མོའི་དུས་ནས་ཡུལ་འདིར་གླིང་གེ་སར་གྱི་སྒྲུང་ལ་དགའ་བ་དང་། སྒྲུང་སྣ་འགའ་རེ་བློ་ལ་བཤད་ཐུབ་པ་དང་།
ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྒྲུང་ལེན་མཁན་ཡང་མང་པོ་བྱུང་མྱངས་པ་དང་། དེང་སང་ཡང་སྒྲུང་ཤེས་པའི་རྒན་པ་འགའ་རེ་ཡོད། དེ་ལྟར་སྡེ་འདི་གླིང་གེ་སར་དང་འབྲེལ་བ་ཧ་ཅང་ཆེ་སྟབས། སྡེ་པའི་འགོ་ཁྲིད་རྣམ་པས་དཔལ་ཡུལ་རྫོང་གི་རིམ་པ་ཁག་གི་དབུ་ཁྲིད་ལ་2020ལོའི་ཟློས་གར་ཚོགས་པའི་ཆོག་མཆན་གྱི་སྙན་ཞུའི་ཡིག་ཆ་ཕུལ་བས། དེ་ལྟར་ཚུགས་ན་ལེགས་ཚུལ་གྱིས་དགོངས་འཁྲོལ་བྱུང་བར་མ་ཟད། རྒྱལ་ཡོངས་གེ་སར་གཞུང་སྒྲུབ་ཁང་གི་དབུ་ཁྲིད་ནོར་བུ་དབང་ལྡན་དང་། འཇམ་དབྱངས་ཆོས་སྒྲོན། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་དབུ་ཁྲིད་ཟུར་པ་རྒན་ཚེ་པོ་ལགས་བཅས་ལ་སྙན་ཞུ་ཕུལ་བས། ཁོང་རྣམ་པས་དེ་ལྟར་ལེགས་ཚུལ་གསུངས། 2020ལོར་གླིང་གེ་སར་གྱི་མཛད་འཕྲིན་སྤེལ་བ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་སྒྲུང་པ་གྲགས་ཅན་སྨིན་དབུས་པོ་ཚང་། རྒྱ་ནག་ཁྲེང་ཏུའུ་གྲོང་ཁྱེར་ནས་ཡུལ་འདིའི་སྟོད་སྨད་བར་གསུམ་ལ་ཉིན་ཤས་ཞིབ་གཟིགས་ལ་ཕེབས་ཏེ། སྔར་ནས་གྲགས་པ་དང་མ་གྲགས་པའི་ས་གནས་མང་པོ་ཞིག་ངོས་འཛིན་གནང་བ་དང་། ཁྲོཾ་ཨ་འཛིའི་ཡུལ་གྱི་གླིང་གེ་སར་རྗེས་ཤུལ་སྐོར་མཇལ་ཚུལ་གྱི་ཉིན་ཐོ་ཚིགས་བཅད་དྲང་སྲོང་ངག་གི་རོལ་མོ་དང་།
འཛམ་གླིང་པདྨ་ཤེལ་ཕུག་གི་གནས་སྐོར་ལམ་སྣེ་སོགས་སྡེ་འདི་དང་གླིང་གེ་སར་གྱི་འབྲེལ་བའི་སྐོར་གྱི་ཡིག་ཆ་འགའ་རེ་མཛད། ཁྱད་པར་སྟག་གཟིག་ནོར་འགྱེད་དང་། བདུད་མོ་ཞྭ་ཁྲ་མ་དམ་ལ་བཏགས་པའི་སྐོར་གྱི་འཁྲབ་གཞུང་དགོངས་ཉམས་སུ་བསྟར་བ་བཅས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་རྒྱུ་ཚོགས་གྲངས་ཚང་བ་ལ་བརྟེན་ནས། ལོ་གཅིག་ལ་ཉེ་བ་ཙམ་ལ། རང་སྡེའི་འགོ་ཁྲིད་གསར་རྙིང་ཚང་མ་གཅིག་ཏུ་ཚོགས་པའི་ནང་གྲོས་ཚོམ་དང་། ནོར་འགྱེད་ཚོམ། གླིང་བྲོ་ཚོགས་པ། གླིང་གེ་སར་རྩ་འཛུགས་ཚོགས་པ། གེ་སར་གྲོས་ར། མདོ་འཛིན་པའི་ཚོམ་སོགས་བཙུགས་ནས་ཚོགས་འདུ་དང་བགྲོ་གླེང་མང་དུ་འཚོགས་པར་བརྒྱུད། བོད་རབ་བྱུང་བཅུ་བདུན་པའི་ལྕགས་མོ་གླང་གི་ལོའི་ཟླ་6པའི་ཚེས་8དང་2021ལོའི་ཟླ་7པའི་ཚེས་18ཉིན་འཚོག་རྒྱུ་ཨ་འཛི་ཡུལ་ཚོ་དང་། རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་རྣམ་པའི་ཐུགས་བཀོད་ལྟར་གཏན་ཁེལ་བྱས་པའོ། །
གཉིས་པ། རྩེད་མོའི་རིགས་ངོ་སྤྲོད།
༡ གླིང་ཕུ་ནུའི་གར་འཆམ་ཆེན་མོ།
འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྣང་སྟོང་ཕྱག་རྒྱའི་གར་འཆམ་ལས་ཕུ་ནུ་ངོ་སྤྲོད་མདོར་བསྡུས་བསམ་དོན་འགུགས་པའི་ལྕག་ཀྱུ་དང་འབྲེལ་གླིང་གི་རྒྱལ་བློན་དྭངས་སྨན་དང་བཅས་པ་ངོ་སྤྲོད་དང་། ཕུ་ནུ་དང་བཅས་པའི་སྣང་སྟོང་ཕྱག་རྒྱའི་གར་འཆམ་ཆེན་མོ་ཞི་རྒྱས་དབང་དྲག་གི་ཚུལ་དུ་རྨོག་འཆམ་དང་འབག་འཆམ་གཉིས་ཀ་ཉིན་གཉིས་ལ་བྱེད་རྒྱུ་ཡོད།
༢ སྟག་གཟིག་ནོར་འགྱེད།
འཛམ་གླིང་སྐྱེས་བུ་དོན་འགྲུབ་ཀྱིས་སྐྱེ་དགུའི་དབུལ་བ་སེལ་བའི་སྟག་གཟིག་ནོར་འགྱེད་བཏང་བའི་སྐོར་གྱི་ཟློས་གར་འཛམ་གླིང་རྒུད་སེལ་ནོར་བུའི་ཆར་འབེབས་ཀྱི་ཟློས་གར་འཁྲབ་སྟོན་ཆེན་མོ་སྟེ། འདི་འཁྲབ་ཚན་དྲུག་ཡོད་པའི་དང་པོ། གླིང་རྗེ་གེ་སར་རྒྱལ་པོ་དང་། སྤྱི་དཔོན་རོང་ཚ་ཁྲ་རྒན་གྲོས་བསྡུར་གྱི་ཐོག་གླིང་གི་མི་ཆུང་ཁ་བདེས་གྲོས་ར་བསྡུས་ནས། དབྱིངས་ཡུམ་ནེའུ་ཆུང་རྒྱལ་མོས་ཕུ་ནུ་གྲལ་བཀོད་མཛད་པ་དང་། གླིང་རྗེ་གེ་སར་རྒྱལ་པོས་སྟག་གཟིག་ནོར་འགྱེད་འཕྲིན་ལས་ཀྱི་དབུ་བརྩམས་སྐབས། བློན་ཆེན་འདན་མས་ནོར་བུ་རྣམས་རྒྱལ་ཁག་ལྔ་ལ་བགོས་ན་ལེགས་ཚུལ་གྱི་གྲོས་མགོ་བཏོན་མཐར། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་གྲོས་ཐག་བཅད་པའི་སྐོར། འཁྲབ་ཚན་གཉིས་པ་གླིང་རྗེ་གེ་སར་རྒྱལ་པོས་བསང་འབོད་དང་འབྲེལ་གཏེར་བཅུད་རིན་ཆེན་ནོར་བུ་རྣམས། ཤོ་མིག་གི་བབ་ལྟར་ལྷ་གཉན་རྨ་རྒྱལ་སྤོམ་ར་དང་། གཉན་ཆེན་ཐང་ལྷ་རྡོ་རྗེ་འབར་བ་རྩལ། རོང་བཙན་ཆེན་པོ་ཁ་བ་དཀར་པོ། ཇོ་བོ་སྒྱོགས་ཆེན་གདོང་ར། དྲིལ་ཤོད་ཁ་བ་ལུང་རི། མི་ཉག་གཡུ་རི་རྩེ་རྒྱལ། རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་བཅས་བོད་ཀྱི་ལྷ་གཉན་ཆེ་བདུན་དང་། རང་ཡུལ་གྱི་ཟོ་དོར་གཉན་པོ་ཕོ་ཉའི་རི་བཙན་ཕྱུག་མོ་བཅས་ལ་གཡང་གཏད་ཅིང་།
ཇི་སྲིད་བར་དུ་ཟས་གོས་ལོངས་སྤྱོད་ཀྱི་དངོས་གྲུབ་རྒྱུན་ཆད་མེད་པའི་སྐལ་པ་ཅན་དུ་བྱས། འཁྲབ་ཚན་གསུམ་པ་སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་གླིང་དཀར་རྗེ་བློན་སྡེ་འབངས་ཡོངས་དང་ཁྱད་པར་རྒྱལ་ཁག་ལྔ་ལ་ནོར་འགྱེད་བཏང་བའི་སྐོར། འདི་སྐབས་འཁྲབ་སྟོན་པ་དང་ལྟད་མོ་བ་ཡོངས་ལ་རིན་ཆེན་གྱི་རིགས་དང་། བུ་རམ་དཀར་ནག །ཤིང་ཏོག་སོགས་མ་ཐོབ་པ་མེད་པར་འགྱེད། འཁྲབ་ཚན་བཞི་པ་རྒྱལ་ཡུམ་ནེའུ་འབྲུག་གཉིས་གཙོས་པའི་གྲོ་ལོའི་པད་དཀར་ལྷ་མཛེས་དང་། སྤྱི་དཔོན་བུ་མོ་གཡུ་སྒྲོན། དར་བཟའ་གཡུ་ཡི་སྒྲོན་ནེ། སྟག་རོང་བུ་མོ་ཁྲོ་མཚོ། གཟིག་འཕེན་བུ་མོ་ཉི་སྐྱིད། བྱང་སྟོད་བུ་མོ་མཛེས་ལྡན། སྐྱེས་མཆོག་བུ་མོ་འབུམ་མེ། ཆགས་ཆེན་རག་བཟའ་དགེ་མཚོ་བཅས་དྭངས་སྨན་རྣམས་ཀྱིས་གཡང་འབྲི་བཞོས་པ་དང་ནེའུ་ཆུང་ཌཱ་ཀིས་རྩ་གསུམ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་དང་བཅས་པར་འོ་མཆོད་ཕུལ་བ་དང་། འཛམ་གླིང་གེ་སར་རྒྱལ་པོས་གཡང་འབོད་མཛད་ཅིང་འཁོར་འདས་བརྟན་གཡོའི་ཕྱྭ་གཡང་མ་ལུས་པའི་དཔལ་འཕེལ་བར་མཛད། འཁྲབ་ཚན་ལྔ་པ་རྒྱལ་བློན་དགའ་བའི་གྲལ་དབུས་ནས་སྡིག་གཅོད་ཤན་པས་སྟག་གཟིག་ནོར་རྫོང་ཕབ་ནས་ནོར་འགྱེད་བཏང་བ་བཀའ་དྲིན་ཆེ་ཚུལ་དང་།
མ་འོངས་པར་སོག་པོ་དང་། ཨ་གྲགས། བྱེ་རུ། གྲུ་གུ། མི་ནུབ། རྒྱ་ནག་ཇ་རྫོང་ལ་སོགས་པ་ཕབ་དགོས་གསུངས་པ་དེ་ནམ་ཙམ་ཡིན་མིན་སོགས་ཀྱི་ཐད་ཞུ་བ་ཕུལ་བ་ལ་གེ་སར་སྐྱེས་བུས་བཀའ་ལན་བཅས་གླུ་བྲོ་གར་གསུམ་དཔལ་གྱིས་གྲོལ།
༣ ཨ་སྟག་མདའ་བྲོ།
ཨ་སྟག་མདའ་བྲོ་ནི་འབྲུག་ཤུལ་གྱི་ས་གནས་དང་གླིང་གེ་སར་རྒྱལ་པོའི་བར་གྱི་འབྲེལ་བ་བརྗོད་དོན་དུ་སྟོན་པའི་ཟློས་གར་ཞིག་ཡིན་ལ། དེ་ཡང་གླིང་རྗེ་གེ་སར་སྐྱེས་བུས་ཁྲི་ཁོག་བདུད་མོ་ཞྭ་ཁྲ་མ་བཏུལ་ཅིང་རི་ཤིའི་བུ་མོ་ཨ་སྟག་དང་རྟེན་འབྲེལ་ཐོག་མར་འགྲིགས་པའི་སྐོར་གྱི་ལོ་རྒྱུས་ཟློས་གར་ཤིན་ཏུ་བསྡུས་པ་གནམ་ལྕགས་ཐོག་མདའི་འཕྲུལ་འཁོར་ཞེས་བྱ་བའི་དགོངས་དོན་ལྟར། གླིང་ལྷ་ནེ་ནེ་གནམ་སྨན་དཀར་མོས་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོ་ཕོ་བྲང་སེང་འབྲུག་སྟག་རྩེའི་ཡང་སྟེང་སྒོམ་ཁང་འོད་གསལ་ལྷུན་གྲུབ་ཏུ་གཟིམས་པའི་མདུན་མཁར་འཇའ་ཟེར་གྱི་ཀློང་ནས་ཕེབས་ཏེ་བདུད་མོ་ཞྭ་ཁྲ་མ་འདུལ་དགོས་པ་དང་འདུལ་བའི་དུས་ལ་བབ་ཡོད་པར་ལུང་བསྟན་པ་ལྟར་གླིང་སྐྱེས་མཆོག་ནོར་བུ་དགྲ་འདུལ་རྒྱལ་ཡུམ་ནེའུ་འབྲུག་གཉིས་ཀྱིས་ཕེབས་སྐྱེལ་དང་བཅས་འདུལ་དུ་ཕེབས། དེ་དུས་ཁྲི་ཁོག་བདུད་མོ་ར་མགོ་ཞྭ་ཁྲ་མ་དེས་ཐེའུ་རང་ས་ལི་རྐང་གཅིག་རོལ་དུ་ཁྲིད་དེ་རྫ་ཕུའི་གསེང་ལམ་བརྒྱུད་དེ་ཤར་ཕྱོགས་སུ་སོ་ལྟ་བྱེད་བཞིན་པ་གེ་སར་གཉིས་གདོང་ཐུག་བརྒྱབ་ནས། རྒྱལ་མཆོག་སེང་ཆེན་མི་རྟའི་གདོང་དུ་ལྕེབས་ནས་འཇིགས་སྐུལ་གྱིས་གླུ་བླངས་པ་དང་།
སེང་ཆེན་གྱིས་གླུ་ལན་སོགས་མཛད་དེ། ཡེ་ཤེས་ལྷ་ཡི་ཕྱག་མཚོན་འུར་ཁྲ་ཕ་བོང་སྟོང་འཁོར་དུ་ཐུན་རྡོ་ནག་པོ་ཟུར་གསུམ་ཤི་བདུད་ཀྱི་མགོ་བོའི་དབྱིབས་ཅན་ཞིག་བཞག་ནས། ལྷའི་ང་རྒྱལ་དང་བཅས་ཉམས་པ་བསྒྲལ་བའི་ཀི་སྒྲ་དྲག་པོ་དང་སྦྲགས་ཏེ་གནམ་ལྕགས་ངར་མའི་འུར་ཟོར་དེ་འཕངས་པའི་འུར་རྡེལ་གྱི་ཟོར་སྣ། སྣང་སྲིད་དྲེགས་པའི་སྡེ་ཚོགས་ཕུར་སྲུང་དམ་ཅན་རྒྱ་མཚོས་ཁྲིད་པ་གནམ་ལྕགས་ཐོག་མདའ་སྟོང་གི་རྔམ་ཟིལ་དུས་གཅིག་ལ་བབས་པ་ལྟར་བདུད་ར་མགོའི་བུ་མོ་ཞྭ་ཁྲ་མ་ལ་བརྒྱབ་ཏེ་བྱ་སྒོང་བཅོམ་པ་ལྟར་བསྒྲལ། བདུད་མོའི་ཉེ་གམ་གྱི་ཐེའུ་རང་ས་ལི་རྐང་གཅིག་སྦྲུལ་རེ་འབྱམས་ནག་པོའི་རང་གཟུགས་ངོམ་སྐབས། རྒྱལ་པོ་གེ་སར་གྱིས་སྟ་ཆེན་བྲག་རི་ཧར་གཤགས་གཡུགས་ནས་ས་ཐེའུ་ནག་པོའི་ཆོ་འཕྲུལ་གྱི་སྦྲུལ་གཟུགས་དེའི་མགོ་བོ་རྡུམ་མེར་བཅད་དེ་བསྒྲལ། དེ་སྐབས་བྱང་ལས་ཀྱི་མཁའ་འགྲོ་སྨུག་ནག་འོད་འཕྲོ་མས་ནག་ཕྱོགས་འདུལ་བའི་དྲག་ཡུམ་དུ་ཞལ་བཞེས་པ་ལྟར་བྱང་རི་ཤིའི་བུ་མོ་ཨ་སྟག་ཀླུ་མོ་ཞེས་པ་རུ་སྐྱེ་སྲིད་བཟུང་བ། མ་ཤ་ཟ་མཁའ་འགྲོའི་སྒྱུ་འཕྲུལ་གྱི་རང་རྟགས་དངོས་སུ་མངོན་པ་ཞིག་ཡོད་པ་དེས། སྐྱེ་བ་འདིའི་ཕ་རྒན་རི་ཤི་ཟེར་བ་འབྲོང་གིས་བསད་ཤོར་བའི་ཤ་ལན་ཞེ་འཁོན་གྱིས། ཆུང་མོ་ལོ་དྲུག་གི་དུས་ནས་རྭ་གཞུ་དང་སྨྱུག་མདའ་ལ་སྦྱངས་ཏེ། སྟོད་ཏི་སེའི་གངས་སྒོ་མན་ཆོད། བྱང་ལི་ཡུལ་ལྕང་ར་ཚུན་ཆོད། སྨད་མདོ་ཁམས་སྒང་དྲུག་ཡན་ཆོད་ཀྱི་འབྲོང་དམར་དང་འབྲོང་བྲེ་ཐུག་ཚད་ཐོད་མདའ་སྤྲད་དེ་བསད་ནས་འབྲོང་མགོའི་མཁར་བརྩིགས་པ་མིང་ལ་འབྲོང་གསོད་བདུད་མོ་ཐོགས་པའི་མཛད་པ་ཞིག་བཟུང་ཡང་། ཕ་རི་ཤིའི་སྲོག་ལེན་གྱི་ཟངས་འབྲོང་རྭ་དམར་དེ་འདི་རེད་སྙམ་པ་ཞིག་མ་སོད་སྟབས། ལྷོ་ཁྲི་ཁོག་བདུད་ཀྱི་སྡེ་ལུང་དུ་གྲགས་ས་རུ། བདུད་ནག་པོའི་བླ་གནས་དང་འཁོར་རྟེན་མང་དུ་གནས་པ་ཐོས་པས།ཕ་རི་ཤིའི་སྲོག་གཅོད་ཀྱི་བདུད་འབྲོང་དེར་ཕྱོགས་སུ་ཨེ་འདུག་གི་རྩད་གཅོད་ལ། བྱང་ཡེ་ལའི་ཕྱོགས་ཀྱི་རྩེད་རོགས་བུ་མོ་མདའ་ཁུར་སྤུན་བདུན་ཁྲིད་དེ། རྐང་མགྱོགས་རླུང་གི་བང་རྩལ་ལ་བརྟེན། གཞུ་འགེངས་འབྲུག་སྒྲ་འུར་འུར། མདའ་འཐེན་གློག་དམར་འཁྱུག་འཁྱུག་གིས་བྱུང་བའི་སྐབས་དེར་སྔོན་སྨོན་རྟེན་འབྲེལ་གྱི་དབང་གིས་ཨ་སྟག་ཀླུ་མོའི་ཞེ་ལ། དེ་རིང་ས་ཁྲི་བདུད་ལུང་བ་འདིའི་ཕྱོགས་སུ་ཕ་རི་ཤི་གསོད་པའི་ལག་དམར་ཟངས་འབྲོང་རྭ་དམར་དེ་རྩད་གཅོད་ལ་ཡོང་ན་ཡང་། རྙེད་དགོས་པའི་བདུད་འབྲོང་མ་རྙེད་པར། ཡིད་ལ་མེད་པའི་མི་དམར་རྟ་དམར་ཅན་ཁེར་རྐྱང་ཞིག་དང་འཕྲད་པ་འདི་དགྲ་གྲོགས་ཅི་ཞིག་ཏུ་འགྱུར་རམ་སྙམ་པའི་ཐེ་ཚོམ་བྱུང་། དྲག་རྩུབ་ཀྱི་བྲོ་གར་དང་སྦྲེལ་མདའ་ངོམ་གཞུ་འདོན་གྱི་རྩལ་བཏོན་ཏེ། རྒྱལ་པོ་གེ་སར་ལ་གཡས་སྐོར་དང་གཡོན་སྐོར་སོགས། སྟངས་སྟབས་ཉམས་འགྱུར་མང་པོ་མཛད་ནས་གླུ་ལེན་དང་ཆང་མཆོད་ཕུལ་ཚུལ་དང་། ཁྱད་པར་ལྷ་མདའི་ལེགས་སྐྱེས་འབུལ་རེས་དང་ཨ་སྟག་མདའ་བྲོ་འཁྲབ་པ་ནི་བདུད་མོ་ཞྭ་ཁྲ་མའི་ལྔ་ཕུང་དུག་ལྔའི་རང་རྟགས་ཀྱི་སྟེང་དུ་བདུད་འདུལ་དྲག་མོས་ཡེ་ཤེས་ལྔ་ཡི་རང་རྩལ་འབར་བའི་བརྡ་བྲོ་འཁྲབ་པ་རུ་གྱུར་བའི་དོན་ཐོབ་ཀྱི་རྟེན་འབྲེལ་བསྒྲིགས་ཚུལ་གྱི་སྐོར་ཡིན་ནོ། །
༤ འཇང་གཡུ་ལྷའི་རྟོགས་བརྗོད།
འཇང་ཕྲུག་གཡུ་ལྷའི་རྟོགས་བརྗོད་ཟློས་གར་གྱི་འཁྲབ་སྟོན་ལ་འཁྲབ་ཚན་བཞི་ཡོད་པའི་དང་པོ། གླིང་རྗེ་སྐྱེས་བུ་ཆེན་པོས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་རྒྱ་ཚ་ཞལ་དཀར་གྱི་སྐུ་ཚབ་དུ་ཁྲི་སྟོན་མངའ་གསོལ་དགོས་པའི་བཀའ་དང་བསྟུན་ཏེ། གླིང་ཡུལ་སྟོད་སྨད་བར་གསུམ་གྱི་འདུ་ར་བསྡུས་ཏེ་ཁྲི་སྟོན་གྱི་སྟ་གོན་ལེགས་པར་མཛད་པའི་སྐོར། འཁྲབ་ཚན་གཉིས་པ་འཇང་ཕྲུག་གཡུ་ལྷ་ཁྲིར་འཁོད་ཅིང་སེང་ཆེན་སྐྱེས་བུས་གཉེར་བཅོལ་དང་ནེའུ་ཆུང་དབྱིངས་ཀྱི་རྒྱལ་མོས་བདེན་བརྗོད་གླུ་དབྱངས་དང་བཅས། ཁྲི་འབུལ་མཛད་སྒོའི་དགའ་སྟོན་ལ་རོལ་བའི་སྐོར།
འཁྲབ་ཚན་གསུམ་པ་གླིང་དཀར་ལྷ་སྡེས་རྟ་རྒྱུག་དང་རྩེད་མོ་སྣ་ཚོགས་ལ་རོལ་བ་དང་། སོ་སོའི་འཇོན་ནུས་དང་བསྟུན་པའི་གཟེངས་བསྟོད་འབུལ་སྐབས་མི་ཆུང་ཁ་བདེ་དང་། སྟག་རོང་ཁྲོ་ཐུང་གཉིས་འཇང་རྟའི་ཆེད་དུ་ཁ་རྩོད་ཐུག་པ་དང་། འཇང་གཡུ་ལྷས་བར་འདུམ་གྱི་གླུ་བླངས་པས་མི་ཆེན་རང་རྟགས་མངོན།
འཁྲབ་ཚན་བཞི་པ་ནག་ཕྱོགས་གཟིག་ནག་མེ་འབར་གྱིས་དཀར་པོ་གླིང་ལ་ཐད་བཟུང་ནས་ཚུར་རྒོལ་སྐབས། ནེ་ནེ་གནམ་སྨན་དཀར་མོའི་ལུང་བསྟན་ལྟར། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱིས་དྲག་པོ་མཚོན་ཆའི་འཕྲུལ་འཁོར་བསྐོར་ཏེ། ནག་པོ་བདུད་ཀྱི་དཔོན་པོ། ལྕགས་ཚ་བཙན་གྱི་སྡེ་ལུང་གི་བདུད་རྗེ་གཟིག་ནག་མེ་འབར་བཏུལ་བ་དང་། གླིང་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་རྔ་བརྡུང་བའི་སྐོར་རོ། །
༥ གླིང་བྲོ་བདེ་ཆེན་རྡོ་རྗེའི་རོལ་མོ།
འདི་ནི་དུས་རབས་བཅོ་བརྒྱད་པའི་ནང་བྱོན་པའི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་མཛད་པ་སྟེ། དང་པོ་བྲོ་ཡི་བྱིན་འབེབས། གཉིས་པ་སྤྱན་འདྲེན་གྱི་བྲོ། གསུམ་པ་མཆོད་ཅིང་བསྟོད་པའི་བྲོ། བཞི་པ་སྣ་ཚོགས་ཕྲིན་ལས་ཀྱི་བྲོ། ལྔ་པ་ཝེར་མ་ལུས་ལ་ཆགས་པའི་སྒྱུ་རྩལ། དྲུག་པ་བཀྲ་ཤིས་དབྱངས་སྙན་བཅས་ལས་གྲུབ་པའི་བྱིན་རླབས་ཀྱི་གཟི་བྱིན་མཆོག་ཏུ་འབར་བ་འདི་ཉིད་འཇམ་མགོན་མི་ཕམ་རྒྱ་མཚོའི་དགོངས་པ་འཁྲུལ་མེད་དུ་གྲགས་ཤིང་། དཀར་མཛེས་ཁུལ་གཅིག་གིས་མཚོན་པའི་ས་ཕྱོགས་གཞན་ལ་མེད་པའི་ཁྱད་ཆོས། ཆས་གོས་སོགས་གར་གོས་དང་། པྲོག་ཞུ། སྟོད་ཁེབས། སེ་རལ་ཁ་སོགས་ཕྱག་རྒྱའི་གར་འཆམ་ལྟར་བྱས་ནས་བརྡུང་སྲོལ་ཡོད་པ་འདི་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གཅིག་གི་ནང་ང་ཚོ་གཅིག་པུ་ཡིན།
༦ ལས་བཞི་ལྷུན་འགྲུབ་ཀྱི་བྲོ།
འདི་ཡང་གླིང་རྗེ་གེ་སར་རྒྱལ་པོ་བློན་འབངས་བཙུན་མོ་དང་བཅས་པ་ཡུལ་འདིར་འབྲེལ་བ་ཡོད་ཚུལ་གྱི་དོན་བརྗོད་བྱ་བྱས་པའི་སྐོར་བྲོ་ཞིག་ཡིན་ལ། ནང་དོན་གྱི་ཚིག་ལ་ཤྭ་ལོ་ཀ་ལྔ་ཡོད་པས། དང་པོ་ཞི་བའི་བྲོ་ཟླུམ་པོ་བྱས་ནས་རྡུང་བ་དང་། གཉིས་པ་རྒྱས་པའི་བྲོ་གྲུ་བཞི། གསུམ་པ་དབང་གི་བྲོ་ཟླ་གམ། བཞི་པ་དྲག་པོའི་བྲོ་གྲུ་གསུམ། ལྔ་པ་རྡོ་རྗེའི་བྲོའི་རྒྱ་གྲམ་བཞི་རྒྱའི་རྣམ་པར་རྡུང་དགོས་པའི་ཡིད་འཕྲོག་པའི་བྲོ་ཞིག་ཡིན། གཞན་གེ་སར་གྱི་གཟི་བྱིན་ཞེས་པ་དང་།
མཐོ་སྒང་འབྲོག་པའི་འཚོ་བ། གླིང་དང་འབྲེལ་བའི་ལོ་རྒྱུས་ཞེས་པ་སོགས། གླིང་གེ་སར་རྒྱལ་པོ་འཁྲུངས་བའི་སྐོར་དང་། རྟ་རྒྱུག་བྱས་ཚུལ། གསེར་ཁྲི་ལ་མངའ་གསོལ་ཚུལ། ཕྱོགས་བཞིའི་བདུད་བཞི་བཏུལ་ཚུལ། རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ། དམྱལ་བའི་ཡུལ་དུ་ཕེབས་ནས་སེམས་ཅན་གྱི་དོན་མཛད་ཚུལ། མཐར་འཇའ་ལུས་གྲུབ་ཚུལ་བཅས་གེ་སར་གྱི་སྐུ་ཚེ་གཅིག་གི་མཛད་པ་གཙོ་བོ་རྣམས་མཚོན་པ་དང་། འབྲོག་པ་འཚོ་སྡོད་བྱེད་པའི་སའི་ཁྱད་ཆོས་དང་། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས། འཚོ་གནས་ཀྱི་ཁྱད་པར་བཅས་གསལ་བར་མཚོན་པ། ས་གནས་རང་གི་གནས་རིའི་བསྟོད་པ་དང་། གེ་སར་རྒྱལ་བློན་དང་འབྲེལ་ཚུལ་སོགས་ཀྱི་གླུ་དབྱངས་དང་། གཞན་དམངས་གླུ་དང་། གླུ་དབྱངས། སྒྲུང་གླུ། ཆོས་བྲོ། སྐོར་བྲོ། འཁྲབ་སྟོན། མདའ་འགྲན། གླུ་ཤགས། ཤེད་རྡོ་འགྲན་པ། གོམས་རྒྱུག །ཐག་འཐེན། གླང་ཆེན་ས་གཤགས། འབྲུག་འཁོར། ཤེད་གཡུག་རེས། རྟ་རྒྱུག ། མགོ་སིལ། གོང་ལེན་སོགས་གནའ་དེང་གི་རྩེད་མོ་སྣ་ཚོགས་དང་། ཁྱད་པར་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རྩེ་མོའི་རིགས་མང་པོ་རྩེ་སྲོལ་ཡོད་དོ། །
མ་ཟད་ལོ་རེ་བཞིན་དཔལ་ཡུལ་རྫོང་གི་ལོ་སར་སྤྲོ་འཚོགས་ལ་སོང་ནས་འཁྲབ་སྟོན་དང་། གླུ་བྲོ། བཤད་པ་བཅས་རྒྱ་ཆེར་སྤེལ་བར་མ་ཟད། དཔལ་ཡུལ་རྫོང་བཙུགས་ནས་ལོ་འཁོར་70ལོན་པར་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་བ་དང་། དཔལ་ཡུལ་རྫོང་ཨ་འཛི་འབྲུག་ཤུལ་གླིང་གེ་སར་ཟློས་གར་ཚོགས་པ་གཞི་རིམ་དུ་བསྐྱོད་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་མཉམ་དུ་བཞད། རིག་གནས་དར་རྒྱས་ཀྱི་འབྲས་བུ་མཉམ་སྤྱོད་བྱེད་ཅེས་པའི་ཁ་བྱང་ཐོག་ནས་དཔལ་ཡུལ་རྫོང་གི་ས་གནས་མི་འདྲ་བ་ལྔ་བཅུ་ལྷག་ལ་སོང་ནས་གླིང་གེ་སར་ཟློས་གར་འཁྲབ་སྟོན་བྱས་པས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱིས་ཚད་མཐོའི་གདེང་འཇོག་དང་དགའ་བསུ་ཐོབ་པར་མ་ཟད། སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་དབུ་ཁྲིད་ཟུར་པ་ཚེ་པོ། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུབ་སློབ་ཚོགས་པའི་ཚོགས་གཙོ་གཅོད་པ་དོན་འགྲུབ། མགོ་ལོག་དམངས་ཆེན་གྱི་ཀྲུའུ་རེན་ཟུར་པ་ལྡོང་ནོར་སྡེ། དཔལ་ཡུལ་རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀཿཐོག་འཇམ་དབྱངས་སྤྲུལ་སྐུ་དང་། གསེར་རྟའི་མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་ཆེད་མཁས་པ་མང་པོས་དངོས་དང་འཕྲིན་ལམ་ནས་ཤིས་ཚིག་དང་ལམ་སྟོན་རྒྱ་ཆེར་གནང་།
2023ལོར་དཔལ་ཡུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་དངོས་མིན་རིག་གནས་ཤུལ་བཞག་གི་གྲས་སུ་བཞག་སྟེ། གེ་སར་རིག་གནས་ཟློས་གར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་གྱི་རྟེན་གཞི་ཞེས་པའི་སྒོ་བྱང་བཀལ་བ་དང་། ལམ་ཆེན་ཁར་ཨ་འཛི་ཡུལ་ཤོག་འབྲུག་ཤུལ་གླིང་སྒྲུང་རིག་གནས་གྲོང་སྡེ། འབྲུག་ཤུལ་གྲོང་ཚོ་ཞེས་པའི་སྒོ་བྱང་གནང། དེ་ལྟར་གོང་རིམ་གྱིས་གཟིགས་སྐྱོང་དང་ཐུགས་ཁུར་བཀོད་འདོམས་འོག་ལོ་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད་པའོ། །