སྟོང་སངས་ཀྱི་ནམ་མཁའི་དབྱིངས་སུ། །
སྤྲིན་དཀར་གྱི་གཟུང་འཛིན་བྲལ་ཞིང་། །
ཉི་འོད་ཀྱི་ཚ་ཟེར་འཇམ་པོས། །
དཔྱིད་དུས་ལ་གསོན་ཤུགས་སྦྱིན་སོང་། །
སྔོ་ལྗང་གི་ལོ་འདབ་སྣུམ་པོས། །
ས་འཛིན་གྱི་ཞལ་རས་མཛེས་སོང་། །
གླིང་ཀ་ཡི་བྱ་ཁྱུའི་ཚོགས་ཀྱིས། །
སྤྲོ་སྣང་གིས་དཔྱིད་དཔལ་བསུས་སོང་། །
ས་ཆེན་གྱི་རྡུལ་བྲལ་མེ་ལོང་། །
གྲངས་མེད་ཀྱི་སྲོག་ཆགས་སྣ་ཚོགས། །
ཆར་ཟིམ་གྱི་ཞབས་ཁྲུས་བྱས་ཏེ། །
དཔྱིད་དཔལ་གྱི་རེ་བ་བརྟས་འདུག །
གངས་དཀར་གྱི་དབུ་ཐོད་ཕྱེས་ཏེ། །
ཆུ་རྒྱུན་གྱི་དལ་འགྲོ་རིང་མོས། །
ལྗང་མྱུག་གི་ངོ་ཚའི་བཞིན་རས། །
དབྱིག་འཛིན་མས་ག་ལེར་བཀྲོལ་བྱུང་། །
ས་ཆེན་གྱི་གྲུ་ཟུར་དག་ནས། །
དཔྱིད་འགོ་ཡི་མེ་ཏོག་བཞད་ཅིང་། །
དྲི་ཞིམ་གྱི་མེ་ཏོག་ལེབ་མོ། །
སྨན་ཤར་ཚོའི་གདོང་ན་མཛེས་སོང་། །
དཔྱིད་དུས་ཀྱི་ལང་ཚོ་བརྐུས་པའི། །
ལུས་ཕྲ་མའི་གེ་སར་བཞིན་ལ། །
འདོད་ལྡན་གྱི་སྐྱེ་བོའི་ཁྱུ་ཚོགས། །
དགའ་འཛུམ་གྱིས་ལྟ་བར་བྲེལ་སོང་། །
ཉི་ཤར་གྱི་དྲོད་འཇམ་རླུང་བུས། །
རྩྭ་ལྗང་གི་གཉིད་རྨུགས་དཀྲོག་ཏེ། །
སྐྱེས་སྟོབས་ཀྱི་ལང་ཚོའི་དཔལ་ཡོན། །
དར་མདོ་ཡི་གྲོང་བར་མངོན་སོང་། །
ཉི་ནུབ་ཀྱི་གྲིབ་སོ་བཀུག་དུས། །
ཚ་གདུག་ལ་དུངས་པའི་སྦྲང་བུ། །
ཟ་ཟིར་གྱི་སྒྲ་དབྱངས་དྭངས་མོས། །
ས་སྲོད་ཀྱི་པང་ཁུག་སྙེག་སོང་། །
ཕག་མོ་རིའི་པང་གདན་སྟེང་ལ། །
ཕྲ་ཚོམ་གྱི་མེ་ཏོག་བཞད་ཅིང་། །
ཕྱོགས་མེད་ཀྱི་མགྲོན་པོ་རྣམས་ལ། །
དྲི་ཞིམ་གྱི་བླ་འགུག་གནང་སོང་། །
ལྷུང་ལྷུང་གི་རི་ཆུའི་འབབ་སྒྲ། །
ཀྱག་ཀྱོག་གི་བཞུར་རྒྱུན་རིང་མོ། །
ལྷོ་རོང་གི་ནགས་ལྗོངས་ཕྱུག་མོའི། །
ཁུ་བྱུག་གི་བསུ་མར་སླེབས་སོང་། །
དགའ་འཛུམ་གྱི་མེ་ཏོག་བཞད་པའི། །
གཞོན་ནུ་མའི་མཁུར་ཚོས་དམར་པོས། །
མེ་ཏོག་གི་རྒྱ་མཚོ་འཕྱུར་བའི། །
ལྷ་ཡུལ་གྱི་ཞིང་ལ་སྨོན་སོང་། །