སི་ཝེས་དན་རྒྱལ་པོའི་རྒྱལ་ཁབ་སྟེ་བསྡུས་མིང་ལ་སི་ཝེས་དན་ཞེས་འབོད་པའི་རྒྱལ་ཁབ་དེ་ནི་ཡོ་རོབ་བྱང་རྒྱུད་ཀྱི་སི་ཁན་དྷིི་ནཱ་ཝེ་ཡཱ་ཕྱེད་གླིང་གི་ཤར་རྒྱུད་དུ་གནས། སི་ཝེས་དན་གྱི་ནུབ་རྒྱུད་ནོར་ཝེ་དང་མཚེ་མར་བཅར་ཞིང་། ཤར་བྱང་ཧྥིན་ལན་དང་འདབས་འབྲེལ་དུ་གནས། ཤར་རྒྱུད་བྷོ་ལའོ་ངྷི་མཚོ་དང་ཉེ་བར་བཅར། ལྷོ་ནུབ་བྱང་མཚོ་དང་འབྲེལ་ཡོད། སི་ཝེས་དན་གྱི་སྐད་དུ་སི་ཝེས་དན་ཞེས་པ་ནི་ཞི་བའི་རྒྱལ་ཁམས་ཞེས་པའི་དོན་དུ་འགྲེལ་ཞིང་། གཞན་རྒྱལ་ཁབ་ཀྱི་ཐོན་ཁུངས་དང་རང་བྱུང་བཀོད་པའི་ཁྱད་ཆོས་ལ་གཞིགས་ནས་སི་ཝེས་དན་ལ་ནགས་ཚལ་གྱི་རྒྱལ་ཁམས་དང་། མཚེའུའི་རྒྱལ་ཁམས། ཡོ་རོབ་བྱང་རྒྱུད་ཀྱི་ཁ་བའི་རྒྱལ་ཁམས་སོགས་ཀྱི་མིང་ཡང་གསོལ་ཡོད།
སི་ཝེས་དན་ལ་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་ཅིང་། ནགས་ལས་ཀྱིས་རྒྱལ་དམངས་དཔལ་འབྱོར་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། ཤིང་ཆ་ཕྱིར་ཚོང་ལས་གཞན། ཤོག་བུའི་སྐྱོ་མ་དང་ཤོག་བུ། ཁྱིམ་ཆས། ནགས་ལས་རྫས་འགྱུར་བཟོ་ལས་སོགས་ཆ་འགྲིག་བཟོ་ལས་ཤིན་ཏུ་དར་ཞིང་། ཐོན་ཚད་དང་ཕྱིར་ཚོང་གི་ཚད་ཀྱང་འཛམ་གླིང་རྒྱལ་ཁབ་དག་གི་མདུན་གྲལ་དུ་ཚུད་ཡོད། སི་ཝེས་དན་སྲིད་གཞུང་གིས་སྐྱེ་ཁམས་སྲུང་སྐྱོང་ལ་མཐོང་ཆེན་བྱས་ཏེ། ལོ་རེའི་ཤིང་གཅོད་ཚད་ཤིང་སྡོང་གསར་པ་སྐྱེ་ཚད་ལས་བརྒལ་མི་རུང་བ་གཏན་འཁེལ་བྱས་ཡོད་པས། སི་ཝེས་དན་གྱི་ནགས་ཚལ་ཁེབས་ཚུལ་ཡུན་རིང་པོར་གཏན་འཇགས་ཡིན།
སྲོལ་རྒྱུན་གྱི་ཐོན་ལས་ལས་གཞན། སི་ཝེས་དན་གྱི་འཕྲུལ་ཆས་བཟོ་ལས་དང་རྫས་འགྱུར་བཟོ་ལས་ཀྱི་འཕེལ་རྒྱས་ཚད་མཐོན་པོར་སླེབས་ཡོད་པ་དང་། ཆ་འཕྲིན་དང་སྨན་རྫས། ཁོར་སྲུང་སོགས་གསར་དར་ཐོན་ལས་ཀྱི་འཕེལ་རྒྱས་ཀྱང་ཤིན་ཏུ་མགྱོགས། མིག་སྔར་སི་ཝེས་དན་ལ་མཁའ་འགྲུལ་ཐོན་ལས་དང་ཉིང་རྡུལ་ཐོན་ལས། རླངས་འཁོར་བཟོ་སྐྲུན་ཐོན་ལས། སྔོན་ཐོན་གྱི་དམག་དོན་ཐོན་ལས་སོགས་རང་རྐྱ་འཕེར་བའི་ཐོན་ལས་ཡོད་པར་མ་ཟད། གློག་འཕྲིན་དང་སྨན་རྫས་ཐོན་ལས་ཀྱི་ཞིབ་འཇུག་དང་གྲུབ་འབྲས་སྔོན་ཐོན་གྱི་གྲས་སུ་ཚུད་ཡོད་དོ། །
སི་ཁན་ངྷི་ནཱ་ཝེ་ཡཱ་རི་རྒྱུད་ནི་ཡོ་རོབ་བྱང་རྒྱུད་ཀྱི་སི་ཁན་ངྷི་ནཱ་ཝེ་ཡཱ་ཕྱེད་གླིང་དབུས་རྒྱུད་དང་ནུབ་རྒྱུད་འཕྲེད་ཀྱིས་བཅད་པའི་རི་རྒྱུད་ཅིག་ཡིན། རི་རྒྱུད་དེའི་སྤྱིའི་རིང་ཚད་ལ་སྨི་སྟོང་700ཡོད་པ་དང་། ཞེང་ཚད་ལ་སྨི་སྟོང་200-600ཡོད། མཚོ་འཕགས་ལ་སྨི་1000ཡས་མས་ཡོད། རི་རྒྱུད་དེ་དག་ལས་ཆེས་མཐོ་བའི་རི་བོ་ནི་ནོར་ཝེའི་རྒྱལ་ཁོངས་ཀྱི་གྷི་ལི་ཐི་རི་བོ་ཡིན། རི་བོ་དེའི་མཚོ་འཕགས་ལ་སྨི་2470ཡོད། རབས་བཞི་པའི་འཁྱག་རོམ་དུས་སྐབས་སུ་རི་རྒྱུད་དེ་ནི་ཡོ་རོབ་གླིང་གི་འཁྱག་རོམ་གྱི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་ཞིང་། འཁྱག་རོམ་གྱི་མཐུག་ཚད་ལ་སྨི་2000ཡོད་པ་དང་། ད་ལྟའང་རི་གཞུང་དུ་སྨི་གྲུ་བཞི་མ་སྟོང་5000ཡི་འཁྱག་རོམ་ཆགས་ཡོད། རི་རྒྱུད་དུ་གཡུ་ལོ་ཐགས་སུ་བཀྲ་བའི་ནགས་ཚལ་དང་མཐོང་དཀོན་པའི་རི་དྭགས་བག་ཕེབས་ངང་རང་དགར་རྒྱུ།
གནའ་བོའི་འཁྱག་རོམ་དུས་རབས་མཇུག་རྫོགས་རྗེས་རྡོ་ཆས་དུས་རབས་ཀྱི་འགོ་བརྩམས་པ་དང་། སྐབས་དེ་ནས་བཟུང་སི་ཝེས་དན་དུ་འགྲོ་བ་མི་བྱུང་ཡོད། ཁོ་ཚོས་སི་ཁན་ངྷི་ནཱ་ཝེ་ཡ་ཕྱེད་གླིང་དུ་རི་དྭགས་རྔོན་གཤོར་དང་རྨོ་འདེབས་ལ་བརྟེན་ནས་འཚོ་ཚིས་ཀྱི་རྒྱུན་བསྐྱངས། གནའ་དཔྱད་ལྟར་ན། སི་ཝེས་དན་བྱང་རྒྱུད་ཀྱི་ཡེ་མོ་ཐི་ལན་དུ་སྤྱི་ལོ་སྔོན་གྱི་ལོ་སྟོང་དགུའི་སྔོན་གྱི་བྲག་བརྐོས་རྙེད་པ་དང་། དེས་ཀྱང་གནས་འདིར་ཤེས་རིག་བྱུང་སྔ་བ་རྟོགས་ཐུབ། བྷོ་ལའོ་ངྷི་མཚོ་ནས་ས་དབུས་རྒྱ་མཚོ་བར་གྱི་ཚོང་ལམ་ཕྱེ་པ་ནས་བཟུང་ཡོ་རོབ་ལྷོ་རྒྱུད་ཀྱི་ལྕགས་ཆས་སི་ཁན་ངྷི་ནཱ་ཝེ་ཡཱ་རུ་ཐོན་པ་དང་། ཡོ་རོབ་བྱང་རྒྱུད་ཀྱི་པགས་པ་དང་སྤོས་ཤེལ་སོགས་གནའ་བོའི་གྷི་རིག་དང་རོམ་ལ་ཕྱིར་ཚོང་བྱས།
ཝེ་ནཱ་ཨིན་མཚེའུ་ནི་སི་ཝེས་དན་གྱི་རྒྱ་ཁྱོན་ཆེས་ཆེ་བའི་མཚེའུ་དང་ཡོ་རོབ་གླིང་གི་མཚེའུ་ཨང་གསུམ་པ་ཡིན། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་5585ཡོད་པ་དང་། མཚེའུ་ཡི་རིང་ཚད་ལ་སྨི་སྟོང་145ཡོད། གཏིང་ཚད་ལ་སྨི་98ཡོད། མཚེའུ་ངོས་ཀྱི་མཚོ་འཕགས་ལ་སྨི་44ཡོད་དོ། །གྷི་ར་ཨེར་གཙང་པོས་གཙོས་པའི་ཆུ་བོ་དང་ཆུ་ལག་མང་པོ་མཚེའུ་འདིའི་ནང་དུ་བཞུར་བཞིན་ཡོད་པ་དང་། མཚེའུའི་ཕྱོགས་བཞི་ལས་ལྷོ་ངོགས་ཀྱི་ས་བབ་དམའ་བས་རྨོ་འདེབས་ལ་འཚམ་ཞིང་། ངོགས་གཞན་པ་ནི་བྲག་རྡོ་དང་ནགས་ཚལ་ཡིན།
སི་ཝེས་དན་གོང་མའི་ཕོ་བྲང་ནི་སི་ཐོ་ཁོར་མོ་གྲོང་ཁྱེར་གྱི་དཀྱིལ་དུ་ཡོད་པ་དང་དུས་རབས་བཅུ་བདུན་པར་བཞེངས་པར་བཞེད། ཕོ་བྲང་གི་མདུན་སྒོའི་འགྲམ་གཉིས་སུ་སེང་གེའི་རྡོ་བརྐོས་ཡོད་པ་དང་ཕྱོགས་བཞིའི་རྩིག་ངོས་སུ་མཛེས་སྡུག་ཁྱད་དུ་འཕགས་པའི་འབུར་བརྐོས་མང་པོ་བཞེངས་ཡོད། ཕོ་བྲང་གི་ནང་དུ་གོང་མ་སྐུ་ཕྲེང་རིམ་བྱོན་དང་བཙུན་མའི་སྐུ་བརྙན་མང་པོ་བཞེངས་ཡོད་པ་དང་། གཞན་དམག་འཐབ་རླངས་འཁོར་དང་མུ་ཏིག་གི་རྒྱན་ཆ། གསེར་དངུལ་གྱི་སྣོད་ཆས། ལག་ལ་མདུང་རིང་ཐོགས་ཤིང་ལུས་ལ་གོ་ཁྲབ་སྤྲས་པའི་དུས་རབས་བར་མའི་སྐྱ་དམག་གི་སྣང་བརྙན་ཡང་བཞེངས་ཡོད།
སི་ཐོ་ཁོར་མོ་ནི་སི་ཝེས་དན་རྒྱལ་ཁབ་ཀྱི་རྒྱལ་ས་དང་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཆེས་ཆེ་བའི་གྲོང་ཁྱེར་ཡིན་པར་མ་ཟད། རྒྱལ་ཡོངས་ཀྱི་བཟོ་ལས་དང་རིག་གནས་སློབ་གསོའི་ལྟེ་གནས་ཡིན། སྐད་ཁུངས་ལྟར་ན་སི་ཐོ་ཁོར་མོ་ཞེས་པ་ནི་ཤིང་སྡོང་གི་གླིང་ཕྲན་ཞེས་པའི་དོན་དུ་འགྲེལ། གྲོང་ཁྱེར་འདི་དུས་རབས་13པར་བསྐྲུན་ཞིང་། སྤྱི་ལོ་1436ལོ་ནས་བཟུང་སི་ཝེས་དན་གྱི་ཆབ་སྲིད་དང་། རིག་གནས། དཔལ་འབྱོར་བཅས་ཀྱི་ལྟེ་གནས་སུ་གྱུར། གྲོང་ཁྱེར་ཡོངས་སུ་དངོས་མང་བཤམས་སྟོན་ཁང་40ལྷག་ཡོད་པ་དང་། འཛམ་གླིང་གི་ཆེས་ཐོག་མའི་ཐོག་མེད་དངོས་མང་བཤམས་སྟོན་ཁང་སྟེ་སི་ཁང་སིན་ཐོག་མེད་བཤམས་སྟོན་ཁང་ཡང་གྲོང་ཁྱེར་འདིར་ཡོད། སྤྱི་ལོ་1878ལོར་བསྐྲུན་པའི་སི་ཐོ་ཁོར་མོ་སློབ་ཆེན་སོགས་རིག་གནས་དང་ཞིབ་འཇུག་ལས་ཁུངས་མང་པོའང་གྲོང་ཁྱེར་འདིར་ཡོད། སི་ཐོ་ཁོར་མོ་ནི་ཨེར་ཧྥུ་ལི་དྷི·ནོ་པེར་ལགས་ཀྱི་ཕ་ཡུལ་ཡིན་ཞིང་། 1901ལོ་ནས་བཟུང་ལོ་རེའི་ཟླ་12པའི་ཚེས་10ཉིན་སི་ཐོ་ཁོར་མོ་རོལ་དབྱངས་ཚོམས་ཆེན་དུ་ནོ་པེར་རྗེས་དྲན་མཛད་སྒོ་སྤེལ་ནས་སི་ཝེས་དན་གྱི་རྒྱལ་པོས་སྐུ་དངོས་སུ་ནོ་པེར་གཟེངས་རྟགས་ཐོབ་མཁན་ལ་བྱ་དགའ་གནང་བཞིན་ཡོད།
ཨེར་ཧྥུ་ལི་ངྷི·བྷོ་ནཱ་ངྷི·ནོ་པེར་(1833—1896)ནི་སི་ཝིས་དན་རྒྱལ་ཁབ་ཀྱི་རྫས་འགྱུར་རིག་པ་དང་བཟོ་བཀོད་པ། གསར་གཏོད་པ། འབར་རྫས་གསར་གཏོད་མཁན་བཅས་ཡིན། ཁོང་ནི་1833ལོའི་ཟླ་10པའི་ཚེས་21ཉིན་སི་ཝེས་དན་གྱི་སི་ཐོ་ཁོར་མོ་གྲོང་ཁྱེར་དུ་སྐུ་འཁྲུངས། ཆུང་བྱིས་པའི་དུས་ནས་བཟུང་འབར་རྫས་ལ་ཞིབ་འཇུག་གནང་མཁན་གྱི་ཨ་ཕས་ཤུགས་རྐྱེན་ཐེབས་ཤིང་། བྱིས་པའི་ལོ་ཟླ་ཕལ་མོ་ཆེ་ཨ་ཕ་དང་མཉམ་དུ་ཚོད་ལྟ་ཁང་དུ་བསྐྱལ། ཁོང་ཆུང་དུས་ནས་བློ་སྤོབས་ལྡན་ཞིང་བརྩོན་འགྲུས་ཆེ། ལོ་བརྒྱད་ཀྱི་སྟེང་སློབ་གྲྭ་འགྲིམ་ནའང་།
ལོ་གཅིག་ལ་མ་གཏོགས་སློབ་གྲྭ་ནས་སློབ་སྦྱོང་བྱེད་མ་ཐུབ་ཅིང་། དེ་ནི་ཁོང་གི་མི་ཚེའི་ཁྲོད་སློབ་གྲྭ་ཚད་ལྡན་ནས་སློབ་གསོ་མྱོང་བའི་ལོ་གཅིག་ཡིན།
སྤྱི་ལོ་1849ལོ་ནས་སྤྱི་ལོ་1852ལོའི་བར་ནོ་པེར་འཇར་མན་དང་ཏེན་མག །དབྱི་ཐ་ལི། ཧྥ་རན་སི། དབྱིན་ཇི། ཨ་མེ་རི་ཁ་སོགས་སུ་སོང་ནས་ཚན་རིག་གི་ཤེས་བྱ་སྦྱངས། ལོ་གཉིས་ཀྱི་རྗེས་སུ་ནོ་པེར་གྱིས་ཚན་རིག་ཞིབ་འཇུག་གི་འགོ་བརྩམས། ཁོང་གི་མི་ཚེ་ནི་གྲུབ་འབྲས་དང་རྒྱལ་ཁས་བསྟིམས་ཤིང་བརྩོན་འགྲུས་དང་ཡིད་ཆེས་ངང་རྒྱུན་བསྐྱངས་པ་ཡིན་ཏེ། མི་ཚེ་གང་པོར་གསར་གཏོད་ཀྱི་ཆེད་དབང་རིགས་མི་འདྲ་བ་255ཡོད་པ་དང་། དེ་ལས་རིགས་མི་འདྲ་བའི་འབར་རྫས་ཀྱི་གསར་གཏོད་ཆེད་དབང་129ཡོད། 1886ལོ་ནས་1896ལོ་སྟེ་ལོ་ངོ་བཅུའི་རིང་ལ། ཁོང་གི་རྒྱལ་ཁོངས་བརྒལ་བའི་སྤྱི་གཉེར་ཁང་རྒྱལ་ཁབ་21ལ་ཁྱབ་ཡོད་པ་དང་། བཟོ་གྲྭ་90དང་ལས་བཟོ་པ་ཁྲི་ཕྲག་འགའ་ཡོད།
2015ལོའི་ཟླ་3པར། སི་ཝེས་དན་ནོ་པེར་དངོས་མང་བཤམས་སྟོན་ཁང་དུ་ཆེས་ཐོག་མར་ནོ་པེར་གྱི་ཁ་ཆེམས་ཡི་གེ་འཛམ་གླིང་སྐྱེ་འགྲོ་ཀུན་གྱི་མིག་གི་དཔལ་དུ་བསྟར། ཁོང་ཉིད་སྐུ་མ་གཤེགས་པའི་ལོ་གཅིག་སྔོན་དུ་ཤུལ་བཞག་རྒྱུ་ནོར་ལས་ཕལ་མོ་ཆེ་ཐེབས་རྩར་བཞག་ཅིང་ལོ་རེའི་སྐྱེད་ཀ་ཆ་ལྔར་བགོས་ཏེ། དངོས་ལུགས་དང་རྫས་འགྱུར། སྐྱེ་དངོས་སམ་གསོ་རིག །རྩོམ་རིག་དང་ཞི་བདེ་བཅས་ཁྱབ་ཁོངས་ལྔར་གྲུབ་འབྲས་གཟེངས་སུ་ཐོན་ཞིང་མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་འཇོག་མཁན་ལ་གཟེངས་རྟགས་སྤྲོད་དགོས་པའི་ཁ་ཆེམས་བཞག །ད་ལྟ་ཀུན་ལ་རྒྱུས་མངའ་མཆིས་པའི་ནོ་པེར་གཟེངས་རྟགས་ཀྱང་ཁོང་གི་ཁ་ཆེམས་ཡི་གེར་གཞིར་བཟུང་ནས་1895ལོར་གསར་དུ་བཙུགས་པའི་གཟེངས་རྟགས་ཀྱི་རྣམ་གྲངས་ཤིག་ཡིན་ནོ། །
ནོ་པེར་དྲན་གསོ་ཁང་ནི་སི་ཐོ་ཁོར་མོ་གྲོང་ཁྱེར་དང་སྨི་སྟོང་200ལྷག་གི་མཚམས་ཀྱི་ཁེ་ཨེར་སི་ཁོ་ཅཱ་གྲོང་ཁྱེར་དུ་ཡོད། དེ་ནི་རྩེག་རིམ་གཉིས་ཅན་གྱི་ཐོག་ཁང་དཀར་པོ་ཞིག་ཡིན་ཞིང་། སྤྱི་ལོ་1975ལོར་བསྐྲུན། དྲན་གསོ་ཁང་དུ་ནོ་པེར་འཚོ་བཞུགས་སྐབས་ཀྱི་འཚོ་བའི་མཁོ་ཆས་དང་འདྲ་པར་ཡོད་པར་མ་ཟད། ཁོང་གི་རིགས་མི་འདྲ་བའི་ལག་རྩལ་གསར་གཏོད་ཆེད་དབང་གི་འཛིན་ཡིག་དང་གཟེངས་རྟགས་མང་པོའང་བཤམས་ཡོད་དོ། །