འབྲི་ཆུའི་ངོགས་སུ་ལྷག་བསམ་ཟོལ་མེད་ཐིམ། རྫ་ཆུ་ཁ་རུ་གསར་བརྗེའི་སྙིང་སྟོབས་རྒྱས། ༢༠༢༣ལོའི་ཟླ་༥པར། རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་དུམ་མཚམས་ཀྱི་གྲུབ་ཆ་གལ་ཆེན་ཏེ། སེར་ཤུལ་རྫོང་གི་དམག་སྡེ་བཅོ་བརྒྱད་པའི་བོད་བསྐྱོད་བཤམས་སྟོན་ཁང་དངོས་སུ་སྒོ་ཕྱེས་པ་རེད། བཤམས་སྟོན་ཁང་དེ་ནི་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་ཀྱི་ལོ་ཆུང་གྲོང་རྡལ་དུ་གནས་ཤིང་། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་དེ་གར་འབྲི་ཆུ་བརྒལ་ནས་བོད་ལྗོངས་བཅིངས་འགྲོལ་གཏོང་བའི་མེ་མདའ་དང་པོ་འཕངས་པ་དང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་བའི་འགོ་ཚུགས་པ་རེད།
འབྲི་ཆུའི་འགྲམ་ངོགས་ཀྱི་འདན་ཁོག་ཏུ་གསར་དུ་བསྐྲུན་པའི་སེར་ཤུལ་རྫོང་གི་དམག་སྡེ་བཅོ་བརྒྱད་པའི་དྲན་གསོ་ཁང་།
དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་བཤམས་སྟོན་ཁང་ནི་སེར་ཤུལ་རྫོང་གི་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་གསར་བརྗེའི་རིག་གནས་སློབ་གསོའི་གླིང་ཁུལ་གྱི་ཆ་ཤས་ཤིག་ཡིན་པ་དང་། གླིང་ཁུལ་དུ་གཙོ་བོ་གསར་བརྗེའི་ལོ་རྒྱུས་ཐང་ཆེན་དང་སྔོན་གཤེགས་དཔའ་བོའི་དྲན་གསོ་ཐང་ཆེན། དེ་བཞིན་མི་རིགས་མཐུན་སྒྲིལ་ཐང་ཆེན་བཅས་ནུས་ཁུལ་ཆེན་པོ་བཞི་ཚུད་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་༡༤༦༧༡ཟིན་ཡོད་ལ། དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པར་དྲན་གསོ་ཞུ་བར་བརྗོད་བྱ་གཙོ་བོར་བྱས་ནས། བོད་བསྐྱོད་ལོ་རྒྱུས་ལ་ཕྱིར་དྲན་དང་དམག་སྡེ་བཅོ་བརྒྱད་པའི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་ནང་དོན་གཙོ་བོར་བྱས་པའི་དྲན་གསོ་རང་བཞིན་གྱི་བརྗོད་དོན་གཙོ་བོའི་གླིང་ཁུལ་ཞིག་ཡིན།
གསར་བརྗེའི་ལོ་རྒྱུས་དྲན་གསོ་ཞུ། གསར་བརྗེའི་སྙིང་སྟོབས་ཉམས་སུ་མྱོང་། བཤམས་སྟོན་ཁང་དུ་སྔོན་ཐོན་གྱི་ལག་རྩལ་སྣ་ཚོགས་བེད་སྤྱོད་ནས་འགྲེམས་སྟོན་བྱས་ཡོད་པ་དང་། འགྲེམས་སྟོན་གྱི་ནང་དོན་ལ་ལོ་རྒྱུས་རིག་དངོས་དང་པར་རིས། དཔྱད་ཡིག་སོགས་ཡོད་པར་མ་ཟད། གཞན་ཡང་འཇིམ་བརྐོས་ཆེ་གྲས་དང་རི་མོ། ཡུལ་བཀོད་འདྲ་བཟོ། སྒྲ་འོད་བརྙན་རིས་སྨྱན་མང་གཟུགས་སོགས་དེང་རབས་ཀྱི་ལག་རྩལ་སྤྱད་ནས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་བརྒྱུད་རིམ་ཧྲིལ་པོ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་འགྲེམས་སྟོན་བྱས་ཡོད། བཤམས་སྟོན་ཁང་ནི་དུས་རིམ་ལྟར“གཟུགས་བརྙན་ཚོམས་ཆེན”དང་“གུས་འདུད་ཞུ། འགྱུར་བ་མེད་པའི་དམག་གི་བླ་སྲོག”“དཔུང་འཇུག་བྱེད། གངས་ལྗོངས་ས་མཐོ་རུ་སྐྱོད་པ”“ལྷུན་ཞིང་སྟུག །དམག་སྡེ་བཅོ་བརྒྱད་པ་ལོ་ཆུང་དུ་འབྱོར་བ”“རྒྱལ་གླུ་ལེན། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་”“སྙིང་སྟོབས་བསྐྱེད། སེར་ཤུལ་གྱི་ལེའུ་གསར་པ་བྲིས”བཅས་ཁག་ཆེན་པོ་དྲུག་ཏུ་ཕྱེས་ནས། ལོ་རྒྱུས་ཀྱི་འདྲ་པར་རྩ་ཆེན་༡༠༠ལྷག་ཙམ་དང་དངོས་རྫས་༢༠༠ལྷག་ཙམ་འཚོལ་བསྡུ་བྱས་ཡོད།
རིན་ཐང་གཞལ་དུ་མེད་པའི་འདྲ་པར་རེ་རེ་དང་། མི་སེམས་དབང་མེད་འགུག་པའི་རི་མོ་རེ་རེ། ཁུངས་ལྡན་རིན་བྲལ་གྱི་གསར་བརྗེའི་དངོས་རྫས་རེ་རེ་བཅས་ཀྱིས་དམག་སྡེ་བཅོ་བརྒྱད་པ་བོད་ལྗོངས་སུ་སྐྱོད་སྐབས་ལོ་ཆུང་དུ་བཅའ་སྡོད་བྱས་པའི་གསར་བརྗེའི་ལོ་རྒྱུས་གསོན་ཉམས་ལྡན་པའི་ངང་བརྗོད་ཡོད་པ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་རེ་རེ་དང་སྤྱོད་བཟང་སྐྱེས་ཆེན་དམ་པ་རེ་རེ། ལྷག་བསམ་ཅན་གྱི་དཔོན་དམག་རེ་རེས་རང་སྲོག་བློས་བཏང་ནས། མཐའ་མཚམས་འཛུགས་སྐྲུན་དང་ཁྱིམ་སྲུང་རྒྱལ་སྐྱོབ་བྱས་པའི་མཛད་རྗེས་མཚོན་ཡོད་ཅིང་། དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་དང་མི་སེར་བར་ཕན་ཚུན་རོགས་རམ་བྱས་ཏེ། དམག་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་མིག་མདུན་དུ་བཤམས་ཡོད། དེ་ལས“ལམ་གཉིས་ཀྱི་སྙིང་སྟོབས”དང་“བོད་སྐྱོད་རྒན་གྲས་ཀྱི་སྙིང་སྟོབས”གསོན་ཉམས་ལྡན་པའི་ངང་མངོན་ཡོད།
གསར་བརྗེའི་གཏམ་རྒྱུད་བརྩོན་པའི་སྐུལ་ལྕག་ཡིན། དཔའ་བོའི་སྙིང་སྟོབས་མདུན་སྐྱོད་སྣེ་ཁྲིད་ཡིན། ༡༩༥༠ལོར། དམག་སྡེ་བཅོ་བརྒྱད་པས་བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཆེད། བདེན་དོན་ལ་ཕྱིར་བཤོལ་མེད་པར་གངས་འཁྱགས་བརྒལ་ནས་རྒྱང་རིང་བོད་དུ་སྐྱོད་པའི་ལམ་དུ་ཆས། གཡག་རྔ་རུ་དམག་སྦྱོང་བྱས་རྗེས་དར་མདོ་ལ་མྱུར་སྐྱོད་བྱས་པ་དང་། དཀར་མཛེས་རྫོང་དུ་འབྱོར་རྗེས་གནམ་ཐང་གསར་དུ་བསྐྲུན་ནས་དངོས་ཟོག་བསྐྱལ། སྡེ་དགེ་རུ་བཅའ་སྡོད་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་དམག་ཇུས་གྲ་སྒྲིག་བྱས། སེར་ཤུལ་རྫོང་གི་ལོ་ཆུང་དུ་འབྲི་ཆུ་འཕྲེད་དུ་བརྒལ་ནས་ཆབ་མདོ་བཅིངས་འགྲོལ་བཏང་། དམག་སྡེ་བཅོ་བརྒྱད་པས་ལྷག་བསམ་རྣམ་དག་དང་། ཁྲག་དྲོན་དང་ངར་ལྕགས་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་བོད་བཅིངས་འགྲོལ་གཏང་ཆེད་བྱས་རྗེས་བླ་ལྷག་བཞག་ཡོད། བོད་རིགས་མི་དམངས་ཀྱིས་དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པར་རོགས་སྐྱོར་ཧུར་ཐག་བྱས་པ་དང་། རྟ་དྲེལ་དང་ཁལ་གཡག་སྐྱེལ་འདྲེན་རུ་ཁག་སྒྲིག་འཛུགས་བྱས་ཏེ། ལེ་བར་སྟོང་གི་སྐྱེལ་འདྲེན་ལམ་ཐིག་ཐོག་དམག་སྡེ་བཅོ་བརྒྱད་པར་མཁོ་སྒྲུབ་དངོས་ཟོག་དབོར་འདྲེན་བྱས་པ་རེད། དེ་ལས་བོད་རིགས་བུད་མེད་བདེ་སྲུང་པ་འཆི་མེད་དཔལ་སྒྲོན་ནི་མིང་དུ་གྲགས་པའི་རྒྱབ་སྐྱོར་བྱེད་མཁན་གྱི་མིག་དཔེ་རུ་གྱུར་པ་དང་། བོད་རིགས་གཞོན་ནུ་༢༠༠ལྷག་གིས་རང་མོས་ངང་དམག་སྡེ་བཅོ་བརྒྱད་པར་ཞུགས་རྒྱུའི་མིང་ཐོ་བཀོད་ནས་བོད་རིགས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཁག་དང་པོར་གྱུར། དགེ་སྟག་སྤྲུལ་སྐུ་རང་འགུལ་ངང་བོད་ལྗོངས་སུ་འདུམ་ཐབས་བྱེད་པར་ཕེབས་རྒྱུའི་རེ་བ་ཞུས་ནས། བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏང་བའི་བྱ་གཞག་ཆེད་རིན་ཆེན་སྲོག་ཀྱང་ཕུལ། བོད་རིགས་མི་དམངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག །དམག་སྡེ་བཅོ་བརྒྱད་པས་དུས་ཡུན་ལོ་གཅིག་དང་ཟླ་བ་དགུའི་རིང་བོད་དུ་སྐྱོད་པའི་ལོ་རྒྱུས་ཀྱི་ལས་འགན་ལེགས་གྲུབ་བྱུང་ནས། སྐར་ལྔའི་དར་དམར་འཛམ་གླིང་ཡང་རྩེར་བཙུགས་པ་དང་། འོད་སྣང་དང་བདེ་སྐྱིད་བོད་ལྗོངས་སུ་བསྩལ་བ་རེད།
གསར་བརྗེ་ཡི་སེར་ཤུལ། ཐུན་མིན་གྱི་ལོ་ཆུང་། དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པ་ནི་སེར་ཤུལ་རྫོང་གི་གསར་བརྗེའི་ལག་ལེན་གལ་ཆེན་དང་གསར་བརྗེའི་སྙིང་སྟོབས་ཤུལ་བཞག་རྩ་ཆེན་ཞིག་ཡིན། ལོ་རྒྱུས་ཀྱི་ཤོག་དྲིལ་རེ་རེ་ནི་མི་སེམས་འགུལ་བའི་གཏམ་རྒྱུད་རེ་རེ་ཡིན་ལ། འཕུར་མཆོང་ཆེན་པོ་རེ་རེའང་ཅི་ལ་མིན། གསར་བརྗེའི་ས་གཞི་དྲོན་མོའི་འདིའི་ཐོག །དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་དཔའ་བོའི་གཟུགས་བརྙན་ཡོད་ལ། དམག་དམངས་ཉ་ཆུ་ལྟར་བརྩེ་བའི་བརྗེད་པར་དཀའ་བའི་ལོ་ཟླ་ཡོད། བཤམས་སྟོན་ཁང་གི་འདྲ་པར་རེ་རེ་དང་དངོས་རྫས་རེ་རེ། མི་སེམས་འགུལ་བའི་རྣམ་པ་རེ་རེས་སེར་ཤུལ་རྫོང་གི་ཉེ་བའི་ལོ་ཤས་རིང་གི་འཕོ་འགྱུར་ཆེན་པོ་མཚོན་ཡོད།
འབྲི་ཆུའི་ངོགས་སུ་གསར་བརྗེའི་མེ་སྟག་མཆེད། བྱང་སྡེ་ཉི་མའི་འོད་མདངས་གསར་དུ་འཚེར། སེར་ཤུལ་རྫོང་གིས་དམག་སྡེ་བཅོ་བརྒྱད་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ། སྔ་རྗེས་སུ་འགྲིམ་འགྲུལ་སྔོན་སྐྱོད་འཐབ་ཇུས་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་མཐོར་འདེགས་ལས་གྲྭ་དང་འབྲུབ་འགོག་བཅོས་སྐྱོང་། ཉི་ནུས་འཐེན་འདྲེན་ས་ཚིགས་ལས་གྲྭ་སོགས་རྨང་གཞིའི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ། མ་དངུལ་སྒོར་དུང་ཕྱུར་༡༥.༤༨བཏང་ནས་སྐྱས་སྤོས་རྩྭ་གསོ་དང་སེར་ཤུལ་རྫོང་གི་དྲོད་རླངས་མཁོ་འདོན་གྱི་དུས་ཐེངས་གཉིས་པའི་ལས་གྲྭ། ལོ་ཆུང་གི་གཞུང་ལམ་སོགས་རྣམ་གྲངས་༦༨གསར་དུ་ལས་འགོ་བཙུགས(མུ་མཐུད་སྐྲུན་པ)ནས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ། གློག་རྡུལ་ཚོང་ལས་སྐྱེལ་འདྲེན་ཞབས་ཞུ་ས་ཚུགས་༡༠༣བསྐྲུན་པ་དང་། ཕར་སྐྱེལ་བ་དང་ཚུར་འདྲེན་པའི་བྱེད་སྒོ་སྤེལ་བ། སློབ་གྲྭ་དང་ས་གནས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཁ་གཏད་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྲིད་དོན་ཞབས་ཞུའི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་བཏང་བ། 《 སེར་ཤུལ་རྫོང་གི་རྨ་ཆུའི་འབབ་རྒྱུད་ཀྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོའི་ལམ་ལུགས་ལག་བསྟར་ཇུས་གཞི། 》 བཟོས་ནས། རྨ་ཆུའི་འགོ་ཁུངས་ཀྱི་འདམ་རའི་ཆུ་འགོ་གསོ་སྐྱོང་གི་སྣོད་བཅུད་ནུས་ཁུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱས་ཏེ། རྨ་ཆུའི་འབབ་རྒྱུད་ཀྱི་འདམ་ར་སྲུང་སྐྱོང་དང་ཉམས་གསོའི་ལས་གྲྭར་སྐུལ་འདེད་གཏོང་བ་དང་། ཆུ(མཚེའུ)དཔོན་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཁུལ་དབྱེ་ར་སྐོར་འཛུགས་སྐྲུན་དང་རྩྭ་ས་ལེགས་བཅོས། མི་བཟོས་རྩྭ་འདེབས། ས་ནག་གྲམ་ཐང་བཅོས་སྐྱོང་སོགས་ལེགས་བསྒྲུབས་བྱས་ནས། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལག་བསྟར་བྱས་པ། S༤༥༦ལམ་རྒྱུད་ཀྱི་ལྗང་མདོག་ཕྱུགས་ལས་ཐོན་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་G༢༡༥ལམ་རྒྱུད་ཀྱི་སྣོད་བཅུད་ཞིང་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ༢༠༡༨ལོར། ལོ་ཆུང་གྲོང་རྡལ་དུ་སེར་ཤུལ་རྫོང་འདན་མའི་ལྗོངས་གཟིགས་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་གླིང་བསྐྲུན་པ་དང་། ས་གྲོལ་རྣམ་པ་སྤྱད་དེ་ཐོན་ལས་རོགས་སྐྱོར་ཐེབས་རྩ་མ་རྐང་ནང་ཞུགས་ནས་ཁེ་སྤོགས་བགོས། ཞིང་ལས་ཐོན་རྫས་རིགས་༡༣ལ་ལྗང་མདོག་བཟའ་བཅའི་བདེན་དཔང་ར་སྤྲོད་བྱས་པར་མ་ཟད། འདན་ཁོག་གི་འདྲེ་ཚེར་མ་དང་སེར་ཤུལ་གྱི་གྲོ་མ་ལ་རྒྱལ་ཁབ་ཞིང་ལས་ཐོན་རྫས་ས་ཁམས་མཚོན་རྟགས་ཀྱི་བདེན་དཔང་ར་སྤྲོད་ཐོབ་པ། རྫ་ཆུའི་ཆུ་འགོའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། དར་གོས་ཚོང་ལམ་ལྷོ་མ་དཀར་མཛེས་ཀྱི་ཁམས་བོད་སྦས་ཡུལ་སེར་ཤུལ་བརྒྱུད་དེ་རང་འཁོར་བཏང་ནས་སྐོར་ལམ་ཐིག་ཚད་བརྒལ་བའི་འཚོལ་ཞིབ་ནང་ཞུགས་པ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞིར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་མཐའ་འཁྱོངས་བྱས་ནས། དམངས་འཚོ་འགན་ལེན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།
ལོ་ཆུང་ནི་ལོ་རྒྱུས་སྙན་རྩོམ་རིང་མོ《 གེ་སར་སྒྲུང་།》དུ་དམག་དཔུང་གི་འབྲུ་རིགས་ཐོན་ས་ཡིན་ཞིང་། གླིང་གི“གནམ་འོག་གི་འབྲུ་མཛོད”ཅེས་བརྗོད་ཀྱི་ཡོད། འདི་ན་ནི་གེ་སར་རྒྱལ་པོའི་བཀའ་བློན་ཆེན་མོ་ཚ་ཞང་འདན་མ་བྱང་ཁྲའི་ཕ་ཡུལ་ཡིན་ལ། གསར་བརྗེའི་གླུ་དབྱངས་རྒྱུན་མི་ཆད། ལང་ཚོའི་སྒེག་ཉམས་ཕྱོགས་ཀུན་ཁྱབ། དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་བཤམས་སྟོན་ཁང་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་དང་། ཏང་ཡོན་ལས་བྱེད་པའི་སློབ་གསོའི་བསྟི་གནས། རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པས། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་སྐྱོང་བྱས་པར་བརྒྱུད། བར་མཐོངས་གསར་པ་བཏོད་དེ་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་དུས་རབས་ཀྱི་དོན་སྙིང་གསར་པ་བསྣན་རྒྱུ་རེད། །