དང་པོ། འདན་མ་ཞེས་པའི་མིང་གི་བྱུང་ཚུལ་སྐོར།
སྤྱིར་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་རྒྱལ་རབས་དང་། ལོ་རྒྱུས། དེབ་ཐེར། ཆོས་འབྱུང་། རྣམ་ཐར། གླིང་སྒྲུང་སོགས་སུ་ཡུལ་འདིའི་མིང་ལ་ལྡན་མ་དང་འདན་མ་ཞེས་པའི་བརྡ་ཆད་མི་འདྲ་བ་གཉིས་བྲིས་འདུག །དེ་ཡང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི་《རྒྱལ་རབས་གསལ་བའི་མེ་ལོང་།》ལས།“དེའི་བར་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ལྡན་མ་བྲག་རྩར་ཕེབས་ནས་བྲག་ལ་བྱམས་པ་ཁྲུ་བདུན་པ་ཞིག་དང་བཟང་སྤྱོད་གཉིས་བརྐོས་མར་བཞེངས།”ཞེས་ལ་ལྡན་དང་། བསོད་ནམས་གྲགས་པས་བརྩམས་པའི་《དེབ་ཐེར་དམར་པོ་གསར་མ།》ལས།“བྲོས་ཐར་པ་འདན་མའི་ཡུལ་དུ་རྗེས་ཟིན་ཏེ།”ཞེས་འ་འདན་དང་། 《 རྗེ་འབངས་ཉེར་ལྔའི་བསྟོད་པ།》ལས།“ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །”ཅེས་ལ་ལྡན་དང་། མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཀྱིས་མཛད་པའི《 བུ་སྟོན་ཆོས་འབྱུང་།》ལས།“ལོ་སྟོན་ན་རེ། ཁྱེད་ཚོ་སྡོད་ཅིག །ངས་ཚོང་པ་འདི་རྣམས་དང་འགྲོགས་ཏེ། དབུས་གཙང་དུ་ཕྱིན་ལ། བསྟན་པ་དར་བ་ནུས་མི་ནུས་བལྟས་ལ། ནུས་ན་ང་བསྡད་ཀྱིས། ཁྱེད་རྣམས་ཡར་བྱོན། མི་ནུས་ན་ང་མར་ལོག་ལ་འོང་གི་གསུངས་ནས། འདན་མའི་ཚོང་པ་དང་འགྲོགས་ཏེ་བྱོན་པས།”ཞེས་འ་འདན་དང་། སྡེ་གཞུང་ལུང་རིགས་སྤྲུལ་སྐུ་ཀུན་དགའ་བསྟན་པའི་ཉི་མས་མཛད་པའི《 སྒ་སྟོན་ངག་དབང་ལེགས་པའི་རྣམ་ཐར།》ལས།“སྒ་སྐྱུ་ལྡན་གསུམ།”ཞེས་ལ་ལྡན་དང་། མཁས་པའི་དབང་པོ་གདོང་སྤྲུལ་ལྔ་པ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི《 ཆོས་འབྱུང་སྙན་པའི་སྒྲ་དབྱངས།》 ལས།“འདན་དུ་ལྷ་ལུང་དཔལ་རྡོར་བཞུགས་པ་བཙལ་ཀྱང་།”ཞེས་འ་འདན་དང་། 《 རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་རྣམ་ཐར།》ལས།“དེ་ནས་ལྡན་ཆོས་འཁོར་གླིང་དུ་ཆོས་རྗེ་ལུང་རིགས་པ་དཔོན་སློབ་ཀྱིས་གདན་དྲངས་ཏེ་ཕེབས།”ཞེས་ལ་ལྡན་དང་། 《 གླིང་སྒྲུང་།》ལས།“ང་འདྲ་ང་ངོ་མ་ཤེས་ན། །ཚ་ཞང་འདན་མ་བྱང་ཁྲ་ཡིན། །”ཞེས་འ་འདན་དུ་བྲིས་པ་ལྟ་བུའོ། །
《 ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྡུས།》ཐོག་གི་འདན་མའི་ས་མིང་།
དེ་གཉིས་ལས་ལྡན་མ་ཞེས་པའི་གོ་དོན་ནི། གནས་འདིར་མི་ལོ་སུམ་བརྒྱའི་སྔོན་དུ་སྐུ་འཁྲུངས་ཤིང་སྡེ་དགེ་པར་ཁང་གི་བསྟན་འགྱུར་ཞུ་དག་པ་ཆེན་པོ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི《 ཞུ་ཆེན་རྣམ་ཐར།》ལས།“དེའང་ས་གཞི་རིན་པོ་ཆེ་གང་ལས་རིས་སུ་མ་ལྷུང་བའི་སེམས་ཅན་གྱི་རེ་བ་ཡིད་བཞིན་དུ་འགེངས་པའི་རིན་པོ་ཆེ་ཀཉྫ་ན་ལ་སོགས་པ་ལོངས་སྤྱོད་ཀྱི་གཏོང་བ་འཛད་པ་མེད་པར་འབྱུང་བའི་དབྱིག་གི་གཏེར་ཆེན་པོ་དང་ལྡན་པས་སམ། འབྲི་ཆུ་གསེར་ལྡན་མའི་རྒྱུན་ཆེན་མོ་དཔེར་ན་ལྟོ་འཕྱེའི་རྒྱལ་པོ་ཞིག་གང་ལ་ཡང་བག་ཚ་མེད་པར་བསྒྱིངས་ཏེ་འགྲོ་བ་བཞིན་དུ་གཞོལ་ཕྱོགས་སུ་དལ་གྱིས་བགྲོད་པའི་འགྲམ་ངོགས་སུ་བསྟི་གནས་བྱས་པས་ན་ལྡན་མ་ཞེས་གྲགས་པ”ཞེས་གདམ་ང་ཅན་གྱི་ཚིག་གིས་ཕྱོགས་གཉིས་ནས་བཤད་ལ། འདན་མ་ནི། ལྡན་མ་ཞེས་པ་སྒྲའི་ཟུར་ཆག་སྟེ་འདན་མ་ཞེས་བྲིས་པར་མངོན།
མིང་དེ་དུས་སྐབས་ནམ་བྱུང་ནི་དེ་འབྲེལ་བོད་ཀྱི་ལོ་རྒྱུས་ཀྱི་དབང་དུ་བྱས་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་བྱུང་ཡོད་པ། སྐབས་དེའི་ལོ་ཙཱ་བ་ལྡན་མ་རྩེ་མང་གི་མཚན་ལ་དཔྱད་ན་ཤེས་ཤིང་། དེའི་སྔོན་གྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ནས་ཡོད་པ་ནི་སྐབས་དེའི་རྗེ་དགུ །རྫི་བདུན། མཁན་དྲུག །ཚོང་ལྔ། རྒྱལ་བཞི་སྟེ་བཙན་པོའི་མངའ་འབངས་ཁག་ལྔར་དབྱེ་བའམ། དེའི་སྟེང་དུ་འཛིན་གསུམ་བསྣན་པས་མངའ་འབངས་རིགས་དྲུག་ཏུ་དབྱེ་བ་ལས་ཚོང་ལྔའི་ནང་ཚན“ལྡན་མའི་དར་ཚོང་”ཞེས་བརྗོད་པ་ལས་ཤེས་ཤིང་། རྒྱ་ཡིག་གི་ཡིག་ཚང་གི་དབང་དུ་བྱས་ན་སྲོང་བཙན་ལས་ཀྱང་སྔ་བ་མི་ལོ་༡༧༠༠སྔོན་ནས་མིང་འདི་བྱུང་ཡོད་པ་ 《 ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྡུས།》 ལས་རྒྱལ་ཁབ་གསུམ་གྱི་དུས(三国·时期)ཀྱི་ས་ཁྲའི་རིས་བཤད་དུ་ཡུལ་འདིའི་མིང་ལ་ལྡན་མ(邓麻)ཞེས་འཁོད་པ་ལས་རྟོགས་ཐུབ།
གཉིས་པ། ཡུལ་གྱི་བཀོད་པ་དང་རྟེན་དང་བརྟེན་པའི་སྐོར།
འདན་ལུང་ཡུལ་གྱི་བཀོད་པ་ནི། སྡེ་གཞུང་ལུང་རིགས་སྤྲུལ་སྐུ་ཀུན་དགའ་བསྟན་པའི་ཉི་མས་མཛད་པའི《 སྒ་སྟོན་ངག་དབང་ལེགས་པའི་རྣམ་ཐར།》ལས།“སྒ་བ་གསེར་གྱི་གདུགས་ལྟར་ཁེབས་ཆེ། སྐྱུ་ར་ཤེལ་གྱི་མཆོད་རྟེན་ལྟར་དཔང་མཐོ། ལྡན་ཀློང་ཐང་གཡུའི་མཎྜལ་ལྟར་ཁོད་སྙོམས”ཞེས་གཡུའི་མཎྜལ་ལྟར་ཤིན་ཏུ་ཁོད་སྙོམས་པོ་ཡོད་པར་གསུངས་ལ། གཞན་ཡང་། ས་ཡི་ཀ་བ་བཞི་སྟེ། རྒྱབ་རི་སེང་གེ་འགྱིངས་འདྲ། མདུན་རི་སྟག་མོ་མཆོང་འདྲ། ཆུ་བོ་གཡུ་འབྲུག་འཁྱུག་འདྲ་སོགས་ཡོད་ཅིང་། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས།“གནས་ལ་རྩེ་མཐོ་པདྨའི་རི། །ལྷ་གཅིག་སྒྲོལ་མའི་ཞིང་ཁམས་ཡིན། །ཐུགས་རྗེ་ཆེན་པོའི་ཕོ་བྲང་ཡིན། །པདྨ་རྒྱལ་པོའི་སྒྲུབ་གནས་ཡིན། །རི་ལ་ལྟོས་དང་འཕགས་པའི་སྐུ། །སེམས་ཉིད་ངལ་གསོའི་བཀོད་པ་རྫོགས། །བྲག་ལ་ལྟོས་དང་འཕགས་པའི་གསུང་། །རང་བྱོན་ཡིག་དྲུག་བགྲང་ལས་འདས། །ཤིང་ལ་ལྟོས་དང་སྔོ་ལྗང་ཚལ། །གཡུ་ལོ་བཀོད་པའི་ཁྱད་ཆོས་རྫོགས། །དུག་སྦྲུལ་གདུག་པའི་མཐའ་ནས་བསྐོར། །སྐལ་དམན་བློ་ཆུང་བགྲོད་པར་དཀའ། །གྲུ་འཛིན་རི་བོའི་མཚན་ཉིད་རྫོགས། །མདུན་ནས་ཐུགས་སྤྲུལ་པདྨ་སྐྱེས། །འགྲོ་བའི་དོན་ལ་སྤྲུལ་པ་འགྱེད། །འདབས་ན་འཕགས་མའི་ཕོ་བྲང་མཛེས། ། ལྷ་མོའི་འགྲོ་དོན་དུས་ལ་བབས། །ཐུགས་རྗེ་ཆེན་པོའི་ཐུགས་ཀ་ན། །པདྨ་དགྱེས་པའི་སྒྲུབ་ཕུག་ཡོད། །”ཞེས་དང་། གླིང་སྒྲུང་《འདན་མའི་ནས་རྫོང་།》དུ།“དེ་ལ་འདན་ཡུལ་ལུང་ཆུང་གཡུ་ཤོད། གནས་པདྨ་རིའི་མདུན་འདབས། ས་ཆུ་ཡར་ལ་ཆད་ས། ཆུ་ངན་མར་ལ་རྒྱུག་ས། གསེར་ལྡན་ཆུ་བོའི་མདུན་ཟུར། འབྲུ་སྔོན་མོའི་གཏེར་ཁ་འབབ་ས། གླིང་གི་འདན་མ་བློན་ཆེན་དང་། འདན་བཟའ་སྨན་གྱི་ཕ་ཡུལ། ལྷ་འཕགས་མ་སྒྲོལ་མའི་བཞུགས་གནས་དེར། འདན་ཕོ་བྲང་སྣང་བ་འོད་ལྡན་དེའི་དབུས་ན། ལྷ་ཇོ་བོ་ཞལ་དཀར་གྱི་སྤྲུལ་པ། འབྲུ་རིན་ཆེན་ནས་ཀྱི་མངའ་བདག །འདན་ཁྲི་སྡེ་གསུམ་གྱི་བདག་པོ།”ཞེས་བཤད་པ་ལྟར་རོ། །
གནས་ཀྱི་དབང་དུ་བྱས་ན། རྩེ་མཐོ་པདྨ་རི་བོ། སྒྲུབ་གནས་སེང་གེ་གནམ་རྫོང་། འདན་གྱི་འབར་ལྷ་རྩེ་རྒྱལ། ལོ་ལྡན་སྒྲུབ་ཕུག ། སྤྱན་སྔའི་གནམ་རྫོང་སོགས་ཁམས་ཀྱི་གནས་ཆེན་དུ་མ་དང་། དགོན་པའི་དབང་དུ་བྱས་ན། ཀློང་ཐང་སྒྲོལ་མ་ལྷ་ཁང་། དྲན་ཐང་དགོན། ས་དཀར་བསམ་འགྲུབ་གླིང་། འདན་ཤུག་ར་དགོན་པ། འབྲུ་ཚེ་བྷྲུཾ་དགོན་པ། འདན་ཆོས་འཁོར་དགོན་པ། རག་ཆུ་ཆོས་སྡེ་དགོན། ཉི་རྫོང་དགོན། འབའ་དྷ་དགོན། འབུར་ལེགས་དགོན། གདོང་ཐོག་དགོན། ཀ་ཕུ་དགོན། རྣམ་རྒྱལ་དགོན་པ་སོགས་བོད་བརྒྱུད་ནང་བསྟན་གྱི་དགོན་ཁག་བཞི་བཅུ་ལྷག་ཡོད།
རྟེན་གྱི་དབང་དུ་བྱས་ན། རྒྱ་བཟའི་ཐུགས་དམ་གྱི་རྟེན་སྒྲོལ་མ་གསུང་འབྱོན་མ། ་ཏི་པཎ་ཆེན་གྱི་སྐུ་གདུང་མཆོད་རྟེན། བདག་ཆེན་ངག་དབང་ཀུན་དགའ་བློ་གྲོས་ཀྱི་དབུ་ཐོད། འདན་མའི་དབུ་རྨོག །ལྷ་ལུང་དཔལ་རྡོར་གྱི་སྐུ་གདུང་མཆོད་རྟེན་སོགས་རྟེན་འགངས་ཆེན་དུ་མ་ཡོད།
མིའི་དབང་དུ་བྱས་ན། བསྟན་པ་སྔ་དར་ལ་ལྡན་མ་རྩེ་མང་དང་། ཨ་རོ་ཡེ་ཤེས་འབྱུང་གནས་སོགས་དམ་པ་དུ་མ་དང་། ཕྱི་དར་ལ་སེ་བཙུན་གཞོན་ནུ་དབང་ཕྱུག །དཔལ་ལྡན་དགོན་པ་བ། སྐྱུ་ར་ཨ་སྐྱབས། སྐྱུ་ར་ཨ་སེང་། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་སྔ་གནམ་མཚོ། ཚ་ཞང་འདན་མ་བྱང་ཁྲ། གྲུབ་ཆེན་སངས་རྒྱས་མཉན་པ། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། རྒྱལ་དབང་དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ། རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ། ཀརྨ་པ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེ། ཞྭ་དམར་པ་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་བྱུང་ཡོད།
ཁྱད་པར་ལས་ཀྱི་དབང་དུ་བྱས་ན། བསྟན་པ་ཕྱི་དར་གྱི་དབུ་བཙུགས་ས། མངོན་པ་འོག་མ་གཞི་བཞེངས་སུ་གཏང་ས། ཕྱི་འགྱུར་གྱི་མགོ་བཙུགས་ས། བསྟན་པའི་མེ་རོ་བསླང་ས། བསྟན་བཅོས《སྨྲ་སྒོ་མཚོན་ཆ།》བརྩམས་ས། 《 གཏམ་པདྨའི་ཚལ་གྱི་ཟློས་གར།》མཛད་ས། འདན་མའི་ནས་རྫོང་ཕབ་ས་སོགས་ཏེ་རྒྱས་པ་འོག་ནས་ཟུར་དུ་བཀོད་ཡོད།
གསུམ་པ། གནའ་དེང་འདན་མའི་ས་ཁོངས་དབྱེ་ཚུལ།
འདན་ཁོག་གི་ལོ་ཆུང་གྲོང་པའི་ཟུར་ཞིག
བོད་བཙན་པོའི་དུས་ཀྱི་འདན་མའི་ས་ཁོངས་ནི་འབིས་ནང་ངམ། ལྡན་མ་བྲག་རྩ་མན་ཆད་ནས་ཡིན་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི《 རྒྱལ་རབས་གསལ་བའི་མེ་ལོང་།》ལས།“དེའི་བར་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ལྡན་མ་བྲག་རྩར་ཕེབས་ནས་བྲག་ལ་བྱམས་པ་ཁྲུ་བདུན་པ་ཞིག་དང་བཟང་སྤྱོད་གཉིས་བརྐོས་མར་བཞེངས།”ཞེས་དང་། བསོད་ནམས་གྲགས་པས་བརྩམས་པའི་《 དེབ་ཐེར་དམར་པོ་གསར་མ།》ལས།“བྲོས་ཐར་པ་འདན་མའི་ཡུལ་དུ་རྗེས་ཟིན་ཏེ།”ཞེས་པ་སོགས། དེ་འབྲེལ་བོད་ཀྱི་རྒྱལ་རབས་སུ་གྲགས་པའི་ལོ་རྒྱུས་དང་དེབ་ཐེར་རྣམས་ལ་བརྟེན་ནས་ར་སྤྲོད་བྱེད་ཐུབ་ཅིང་། སྐྱུ་ར་དང་དཔལ་ཐང་ཕྱོགས་ཀྱི་སྡེ་པ་རྣམས་ནི་དེང་སང་ལ་ཡང་འདན་མ་ཞེས་སྒ་སྐྱེ་རྒུའམ་ཡུས་ཧྲུའུ(结古、玉树)ཕྱོགས་སུ་ཡོངས་གྲགས་རེད་འདུག
བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་སྐྱུ་ར་དང་དཔལ་ཐང་ཡུལ་ཤོག་ནི་མཚོ་སྔོན་ཞིང་ཆེན(青海省)གྱི་མངའ་ཁོངས་སུ་ཡོད་པ་དང་། ས་དཀར། འབར་ནང་། འབྲུ་ཁོག །སྲིབ་སྨད་སོགས་ཆོས་འཁོར་ཆུས་ནི་བོད་རང་སྐྱོང་ལྗོངས(西藏自治区)ཀྱི་མངའ་ཁོངས་དང་། རྩེ་མདའ་ཡུལ་ཤོག །བེ་མདའ་ཐང་། དྲན་འཁོར་ཡུལ་ཤོག །ལོ་ཆུང་གྲོང་རྡལ། འབའ་གྷ་ཡུལ་ཤོག་སྟེ་ལོ་ཆུང་ཆུས་བཅས་ནི་སི་ཁྲོན་ཞིང་ཆེན(四川)ཏེ་ལྗོངས་ཞིང་གསུམ་གྱི་མངའ་ཁོངས་སུ་ཆགས་ཤིང་། བཅིངས་འགྲོལ་བཏང་རྗེས་དཀར་མཛེས་ཁུལ་གྱི་རྫོང་ཁག་ཉེར་གཅིག་གི་ནང་ནས་འདན་མ་རྫོང་ནི། འདན་རྩེ་ཆུ་གྲུ་མན་ཆད་ནས་བྱང་པ་ཁག་བཞི་རྫ་པ་ཚོ་གསུམ་ཞེས་གྲགས་པའི་རྫ་ཝལ་ར་ཡན་ཆད་ཡིན་ཞིང་། དེ་ལ་ཆུས་བཞི་ཡོད། དེ་རྗེས་(༡༩༧༨ལོར)འདན་མ་རྫོང་བཤིག་ནས། རྩེ་མདའ། བེ་མདའ། དྲན་འཁོར། ལོ་ཆུང་སྟེ་ཆུས་དང་པོ་ལོ་ཆུང་ཆུས(洛须区)དང་། འབའ་གྷ་ཆུས(麻嘎区)ཀྱི་འབའ་གྷ་མཉམ་ལས་སྟེ་དེ་ཐམས་ཅད་ནི་སེར་ཤུལ་རྫོང་གི་མངའ་ཁོངས་དང་། འབའ་གར་ཆུས(麻嘎区)ཀྱི་འགུ་ཟི་དང་། ལམ་མདོ། དབོན་ཐོག ། ཉྭ་འགུག་སྟེ་ཆུས་གསུམ་པ་དབོན་ཐོག་ཆུས(温拖区)དང་། ཨ་ཕྱུག །སྟག་དགོན། ཡ་དིང་། ཟོག་པ་སྟེ་ཆུས་བཞི་པ་ཨ་ཕྱུག་ཆུས(阿须区)བཅས་ནི་སྡེ་དགེ་རྫོང་གི་མངའ་ཁོངས་སུ་གྱུར།
བཞི་པ། ལོ་ཆུང་དང་ཀློང་ཐང་ཞེས་པའི་མིང་ཐོག་ཚུལ།
འདན་མའི་མངའ་ཁོངས་ཀྱི་ཡུལ་དབུས་ལ་ལོ་ཆུང་ཞེས་འདན་ཉིན་སྲིབ་གཉིས་ལས་ཉིན་རི་སི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་གི་མངའ་ཁོངས་སུ་གཏོགས་པའི་ཁྱོན་ཡོངས་རྫོགས་མཚོན་བྱེད་དུ་སྲིད་འཛིན་དབང་སྒྱུར་གྱི་དགོས་དབང་ལ་བརྟེན་ནས་གཏན་འབེབས་བྱས་པའི་ལོ་ཆུང་ཞེས་པའི་ས་མིང་གི་འབྱུང་ཁུངས་ལ་བརྟག་ཚེ། 《 གནས་བརྟན་ཕྱག་མཆོད།》ལས།“ལོ་མ་བདུན་པའི་རི་ཕུག་ན། །འཕགས་པའི་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །”ཞེས་པ་ལྟར་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་གནས་པདྨ་རི་ལ་ལོ་མ་བདུན་པའི་རི་ཆུང་བ་ཞེས་གྲགས་པ། ལོ་མ་བདུན་པའི་རི་ཆུང་གི་བསྡུས་མིང་དེ་ཉིད་ཕྱིས་སུ་འདབས་ཀྱི་སྡེ་ལ་ཐོགས་ནས་ལོ་ཆུང་ཞེས་འབོད་པ་སྟེ། རི་དེར་གནས་བརྟན་ནགས་ན་གནས་ཀྱི་སྒྲུབ་ཕུག །གནས་བརྟན་ནགས་ན་གནས་ཀྱི་སྐུའི་རྒྱབ་རྗེས། གནས་བརྟན་ནགས་ན་གནས་ཀྱི་ལྷུང་བཟེད་ཀྱི་རྗེས་ཤུལ། གནས་བརྟན་ནགས་ན་གནས་ཀྱི་ཆོས་གོས་ཀྱི་ཤུལ་རྗེས་སོགས་གནས་བརྟན་ནགས་ན་གནས་དང་འབྲེལ་བའི་ལོ་རྒྱུས་མང་པོ་ད་ལྟའི་དུས་སུའང་དངོས་སུ་མཇལ་རྒྱུ་ཡོད།
༡༩༥༡ལོ་ཡས་མས་ཡུལ་འདིར་ལོ་ཆུང་ཞེས་པའི་མིང་དེའི་རྒྱུ་མཚན་ཤེས་པའི་མི་རྒན་ཡོད་པས་དཀར་མཛེས་ཁུལ་གྱི་རྫོང་ཁག་ཉེར་གཅིག་གི་ནང་ནས་འདན་མ་རྫོང་གི་སྐབས་སུ་ཡང་། ཡུལ་འདིའི་མིང་ལ་གོང་རིམ་པས་ལོ་ཆུང་(洛须)ཞེས་བྲིས་ཡོད་པ་དང་། དེར་མ་ཟད་འདན་མ་རྫོང་བཤིག་ནས་སེར་ཤུལ་རྫོང་གི་མངའ་ཁོངས་སུ་གྱུར་པའི་སྐབས་སུ་ཡང་ལས་ཁུངས་སོ་སོའི་སྒོ་བྱང་དུ། ལོ་ཆུང་ཆུས་མངག་གཏོང་ཁང་ཞེས་པ་དང་། ལོ་ཆུང་གྲོང་རྡལ་ལོ་ཆུང་རུ་ཁག་གི་ཞིང་འབྲོག་མཚན་མོའི་སློབ་གྲྭ་ཞེས་པ་ལྟ་བུ་ལོ་ཆུང་ཞེས་པའི་ཡི་གེ་འདི་བྲིས་ཡོད། ཕྱིས་སུ་ལོ་ཕྱུག་དང་ལོ་ཕྱུར་ཞེས་བྲིས་པ་ནི་ཡུལ་འདིར་ལོ་ལེགས་པ་དང་། འདན་མའི་ནས་རྫོང་ཕབ་ས་ཡིན་པ་བཅས་ལ་བསམ་ནས་ལོ་ཕྱུག་དང་ལོ་ཕྱུར་ཞེས་དམངས་ཁྲོད་ངག་རྒྱུན་དུ་བྲིས་པ་ཡིན་པའང་མཁྱེན་གསལ་ལྟར་ལགས།
དེས་ན་ལོ་ཆུང་ཞེས་པའི་མིང་འདི་སྔ་མོ་ནས་ཡུལ་འདིར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན་པ་ཞིག་ཡིན་ན་ཡང་། བོད་ཀྱི་ལོ་རྒྱུས་དང་དེབ་ཐེར་རྙིང་པ་རྣམས་སུ་ཡིག་ཐོག་ཏུ་བཀོད་པའི་ཚུལ་དེ་སྔོན་མཐོང་ཐོས་སུ་མ་བྱུང་ལ། མང་ཆེ་བའི་ཡིག་ཐོག་ཏུ་རྒྱུ་རྐྱེན་གཞན་གྱིས་ཁམས་དང་ཀློང་ཐང་ཞེས་བྲིས་འདུག །དེ་ལས་ཁམས་ནི་མདོ་སྨད་ཀྱི་མཁས་པ་ཆེན་པོ་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི《 རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》ལས།“ཁམས་ནི་སྔོན་གྱི་སྐད་ལ་སའི་མཐའ་ལ་བྱེད་པ་སྟེ། ཁམས་ཀྱི་རྒྱལ་ཕྲན་སོགས་ཀྱང་མཐའི་རྒྱལ་ཕྲན་ལ་བྱའོ། །”ཞེས་འབྱུང་བ་ལྟར། མཐའ་ཡི་དོན་དང་། ཀློང་ཐང་ནི་དཀྱིལ་ཐང་གི་དོན་ཡིན་པས་དེ་ནི《 སྒ་སྟོན་ངག་དབང་ལེགས་པའི་རྣམ་ཐར།》ལས།“ལྡན་ཀློང་ཐང་གཡུའི་མཎྜལ་ལྟར་ཁོད་སྙོམས”ཞེས་པ་དང་མཐུན་ལ། དེ་དང་བསྟུན་ནས་ཀློང་ཆུ་དང་ཀློང་རོང་སོགས་བྱུང་བ་ལྟར་དང་། ལོ་རྒྱུས་ཡིག་ཚང་འགའ་ཞིག་ཏུ་གླང་ཐང་ཞེས་ག་གླང་དུ་བྲིས་པ་ནི་རྒྱ་བཟས་ལམ་བར་དུ་གླང་ལ་གཉའ་བཅས་ཏེ་ཞིང་རྨོས་པའི་ངག་སྒྲོས་ཡོད་པས་དེའི་རྒྱུ་མཚན་གྱིས་ཡིན་པ་འདྲ། ལ་ལས་གླང་ཐང་དང་གླང་རོང་ནི་ཤིང་གླང་མ་སྐྱེས་པའི་ཐང་དང་ལུང་པ་ལ་གོ་བར་བཤད། མཁས་པའི་དབང་པོ་འགོས་ལོ་གཞོན་ནུ་དཔལ་གྱིས་མཛད་པའི《 དེབ་ཐེར་སྔོན་པོ་ལས།》གློང་ཐང་ཞེས་ག་གླང་ལ་དབྱངས་བཞི་པས་བརྒྱན་པ་དང་། དེའི་རྗེས་སུ་འབྲངས་ནས་ཕྱིས་ཀྱི་ཚིག་མཛོད་ཁག་ཏུ་ན་རོ་ཅན་གྱི་ག་གློང་བྲིས་པ་ནི་ཕལ་ཆེར་ཡིག་སྐྱོན་སྙམ་སྟེ། མཁས་པ་ཆེན་པོ་ཞིག་གི་གསུང་ཆོས་སུ་ཡིག་མཁན་གྱིས་ཞུ་དག་མ་ཐོན་ནས་ཡིག་ནོར་བྲིས་པ་ལ་ཕྱིས་ཀྱི་ཅོལ་ཆུང་རྣམས་མ་དག་རྒྱུན་འབྱམས་སུ་ཕྱིན་པ་ནི་ཆོས་ཉིད་ཡིན་པས་སོ། །
ལྔ་པ། དུས་རབས་རིམ་བྱུང་གི་འདན་མའི་ལོ་རྒྱུས་ཀྱི་འཕེལ་རིམ་སྐོར།
གཅིག །སན་གོ་སྟེ་རྒྱལ་རབས་གསུམ་གྱི་དུས་ཀྱི་འདན་མ།
སྤྱིར་བོད་ཀྱི་ལོ་རྒྱུས་ནང་ཐང་རྒྱལ་རབས་ཡན་དུ་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཚང་ནང་འཁོད་པའི་བོད་ཀྱི་ལོ་རྒྱུས་ཧ་ཅང་དཀོན། ཀྲུང་གོའི་ལོ་རྒྱུས་ས་ཁྲ་ལ་ཞིབ་འཇུག་གནང་མཁན་གྱི་ཧྥུ་ཏན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐན་ཆི་ཞང་གིས་བསྒྲིགས་ཤིང་། ཀྲུང་གོའི་ས་ཁྲ་དཔེ་སྐྲུན་ཁང་གིས་༡༩༨༢ལོའི་ཟླ་བ་༡༠པར་དཔར་དུ་བསྐྲུན་པའི《 ཀྲུང་གོའི་ལོ་རྒྱུས་ས་ཁྲ་ཕྱོགས་བསྡུས།》དེབ་བརྒྱད་ཅན་ལས། དེབ་གསུམ་པའི་རྒྱལ་ཁབ་གསུམ་དང་ཞི་ཅིན་དུས་རབས(三国·西晋时期)ཞེས་པའི་དེབ་དེའི་ཤོག་གྲངས་༤ནས་༥བར་བོད་གངས་ཅན་གྱི་ཁྱོན་ཡོངས་སུ་མངའ་རིས་ཕྱོགས་སུ་ཞང་ཞུང་ཞེས་པ་དང་། ཉི་ཁྲིའི་ཕྱོགས་སུ་ཀོང་ཡུལ། ཉག་པོ། སྤོ་མི་དང་། ཁམས་ཕྱོགས་སུ་འདན་མ་ཞེས་པའི་ས་མིང་ལྔ་ལས་མི་འདུག །ས་གནས་དེ་ལྔ་པོ་རྒྱ་ཡིག་གི་ལོ་རྒྱུས་ས་ཁྲ་ནང་འཁོད་ཐུབ་པར་གཞིགས་ན་སྐབས་དེ་ས་གནས་དེ་དག་གལ་ཆེན་ཞིག་ཡིན་པ་ཤུགས་ཀྱིས་རྟོགས་ཐུབ། དེ་ལྟར་རྒྱ་ཡིག་ས་ཁྲ་ནང་“邓麻”ཞེས་པའི་ས་མིང་འཁོད་པའི་དུས་ཚོད་ནི་སྤྱི་ལོ་༢༦༢ལོར་ཡིན་ཞིང་ཧ་ལམ་སྲོང་བཙན་སྒམ་པོ་ལས་རྒྱལ་རབས་བཅུ་ཙམ་སྔ་བའི་ཆུ་ལ་སྡེ་བརྒྱད་ཀྱི་སྡེ་རྒྱལ་པོ་དང་སྡེ་སྤྲིན་བཙན་གྱི་དུས་ཙམ་ཡིན་པས་སྐབས་དེར་འདན་མའི་ས་གནས་ཀྱི་དབང་སྒྱུར་པ་ནི་འདན་མའི་མེས་པོ་ཚོ་ཡིན་པ་ཟུར་གྱིས་རྟོགས་སླ། 《 འདན་མའི་ནས་རྫོང་།》ནང་ཟ་ཧོར་རྒྱལ་རབས་དགུ་བཅུ་ཙམ་སོང་ཞེས་འཁོད་པ་ལྟར་ན་འདི་ནས་ཡར་བརྩིས་པའི་མི་ལོ་༡༧༠༠ལྷག་གི་གོང་རོལ་དུ་འདན་མའི་མེས་པོ་ཚོས་འདན་ཡུལ་དུ་རྒྱ་བོད་ཀུན་ལ་སྙན་པའི་གྲགས་པས་ཁྱབ་པའི་མཛད་པ་རླབས་ཆེན་རེ་གནང་ཡོད་ཚུལ་ནི་རྒྱ་ཡིག་གི་ཡིག་ཚང་ནས་རྟོགས་ཐུབ།
གཉིས། ཐང་རྒྱལ་རབས་དུས་ཀྱི་འདན་མ།
བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་ཡུལ་འདིར་བོད་ཀྱི་ལོ་རྒྱུས་ཐོག་གི་མི་སྣ་གྲགས་ཅན་ལྡན་མ་རྩེ་མང་དང་ཨ་རོ་ཡེ་ཤེས་འབྱུང་གནས་གཉིས་སྐུ་འཁྲུངས། ཆོས་ཕྱོགས་ཀྱི་བཤད་ཚུལ་ལྟར་ན། སློབ་དཔོན་པདྨ་འབྱུང་གནས་ཞབས་ཀྱིས་བཅགས་ནས་ཀློང་ཐང་དུ་སྨན་བླའི་ཆོས་སྐོར་བདུད་རྩི་ཐིགས་པ་དང་བར་གཏེར་མི་འདྲ་རྒྱུད་ལུང་བཅུ་གསུམ་སོགས་གཏེར་དུ་སྦས། བྲག་ལ་ཕྱག་རྗེས་དང་། སྡེ་ལ་ཆོས་འཁོར་བསྐོར་ཚུལ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཚང་ལྟར་ན། ཀློང་ཐང་དུ་རུ་གནོན་གྱི་གཙུག་ལག་ཁང་བརྩིགས་པ་དང་། རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ལྡན་མ་བྲག་རྩར་ཕེབས་ནས་བྲག་ལ་བྱམས་པ་ཁྲུ་བདུན་པ་ཞིག་དང་བཟང་སྤྱོད་གཉིས་བརྐོས།
ཀློང་ཐང་དུ་རུ་གནོན་གྱི་གཙུག་ལག་ཁང་བརྩིགས། སྤྱི་ལོ་༦༤༡ལོར་རུ་གནོན་གྱི་གཙུག་ལག་ཁང་སྟེ་འདན་ཀློང་ཐང་སྒྲོལ་མ་ལྷ་ཁང་བརྩིགས་ཚུལ་ནི། བོད་ཡུལ་ས་གཞི་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་ས་གནད་བསྡམ་པའི་དགོས་པ་དང་བསྟུན་ནས། རྒྱ་མོ་བཟས་བཙན་པོ་དང་བགྲོས་ནས་སྲིན་མོའི་ལག་མཐིལ་གཡས་པ་གནོན་པ་ལ་སྙིང་གཟེར་ཆེན་པོ་གཅིག་ཐོབ་ཅིག་ཟེར་ནས་མི་ཉག་དཔོན་གྱིས་ལས་དཔོན་བྱས་ནས་ཀློང་ཐང་དུ་རུ་གནོན་གྱི་གཙུག་ལག་ཁང་བཞིའི་ཡ་གྱལ་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་།
ཕྱི་མཆོད་རྟེན། ནང་ལྷ་ཁང་། རྩ་བ་གཟེར་མགོ། རྩེ་མོ་རྒྱབ་ཕུབས་ཀྱི་ཚུལ་དུ་བཞེངས། དེ་སྐབས་དགོན་པ་འདི་ཕྱི་ལྷ་ཁང་ཙམ་ལས་ནང་གྲུབ་མཐའ་འདི་ཞེས་བྱ་བ་མེད་ལ། དེ་རྗེས་གུང་རི་གུང་བཙན། མང་སྲོང་བཙན། འདུས་སྲོང་མང་རྗེ། ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་ཅན་བཅས་རྒྱལ་རབས་བཞི་འདས་ནས་རྒྱལ་རབས་ལྔ་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ《 ཞེ་ཆེན་ཆོས་འབྱུང་།》ལས་བཤད་པ་ལྟར་ཨ་རོ་ཡེ་ཤེས་འབྱུང་གནས་ཀྱིས་གདན་ས་མཛད་པས་ཆོས་བརྒྱུད་རྙིང་མར་གྱུར། དེ་འོག་བོད་སིལ་བུའི་སྐབས་ཁུ་རྔོག་འབྲོམ་གསུམ་སོགས་ཀྱིས་སློབ་གཉེར་མཛད་ནས་ཨ་ལུ་བ་སོགས་ཀྱིས་གདན་ས་བསྐྱངས་པས་དེ་སྐབས་ཆོས་བརྒྱུད་བཀའ་གདམས་དང་།དེ་ནས་ས་སྐྱ་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཞབས་སེན་བཀོད་ནས་དགོན་པ་ཉམས་གསོ་མཛད་དེ་ཆོས་བརྒྱུད་ས་སྐྱར་བསྒྱུར། དེ་ནས་ས་སྐྱའི་མགོན་ཁང་བཞེངས་ནས་ནང་དུ་སྒ་ཨ་གཉེན་དམ་པའི་ཕྱག་བཟོས་གུར་གྱི་མགོན་པོའི་སྐུ་བརྙན་བྱིན་ཅན་རྟེན་གཏོར་ཆ་ཚང་བ་ཡོད་པ་བཙུགས། དེ་རྗེས་དགའ་ལྡན་ཕོ་བྲང་གི་སྐབས་ཡུལ་སྤྱི་ལ་ས་གཡོའི་འཇིགས་པ་ཆེན་པོ་བྱུང་ནས་དགོན་པའི་ནང་རྟེན་དང་བཅས་པ་ས་འོག་ནུབ། སྒྲོལ་མ་མཆེད་གཉིས་ཀྱང་ས་འོག་སོང་བའི་ཟོལ་གྱིས་མ་རྙེད་པ་ན། ལྔ་པ་ཆེན་པོས་རྟེན་ཚབ་ང་འགྲོ་གསུང་འབྱོན་མ་ཞེས་བྱ་བ་གནང་། གཏེར་སྟོན་ཉི་མ་གྲགས་པ་ཆེད་མངགས་མཛད་པས། དེ་ཉིད་ཀྱིས་ཀྱང་བཀའ་ལུང་སྤྱི་བོར་བླངས་ནས་ཀློང་ཐང་དུ་ཕེབས། འདན་མའི་གཟིམ་ཁག་བདུན་གྱི་ནང་གསེས་འདན་ཨ་ཐུབ་ཚང་དང་འདབས་འབྱོར་བའི་གནས་ནས་ཕྱག་རྟེན་གྱིས་སྒྲོལ་སྐུ་བླངས་ནས་ཆོ་འཕྲུལ་ཟླ་བའི་དུས་ཆེན་ལ་འདན་མ་ཆུ་ཉིན་སྲིབ་གཉིས་ཀྱི་སྐྱེ་འགྲོ་མཐའ་ཡས་པ་ལ་སྒྲོལ་དབང་གནང་བས་སྒྲོལ་མའི་གཏེར་དབང་དུ་གྲགས་པ་བྱུང་། གདན་ས་ཡང་ལྔ་པ་ཆེན་པོས་བདག་རྐྱེན་གནང་སྟེ་དེའི་འོག་ཏུ་སྤང་ཐང་གཡུའི་མཎྜལ་ལྟར་འཁོད་ལེགས་པ་ཞིག་ཡོད་པ་དེར་དགོན་པ་གསར་དུ་བཏབ། རང་གི་ཆོས་བརྒྱུད་སྤེལ་ཕྱིར་གྲུབ་མཐའ་དགེ་ལུགས་སུ་བསྒྱུར།
རུ་གནོན་གྱི་གཙུག་ལག་ཁང་ཀློང་ཐང་སྒྲོལ་མ་ལྷ་ཁང་བརྩིགས་པའི་དགོས་པ་ནི་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི《 རྒྱལ་རབས་གསལ་བའི་མེ་ལོང་།》ལས།“སྲིན་མོ་གན་རྐྱལ་དུ་ཉལ་བའི་ཡན་ལག་དང་སྲིན་ལག་རྣམས་ནོན་པར་བྱེད་པ་ལ། མི་འགྱུར་བའི་གཟེར་བཅུ་གཉིས།”ཞེས་གསུངས་པ་ལྟར། བལ་མོ་བཟས་ལྷ་སའི་གཙུག་ལག་ཁང་བཞེངས་པའི་ཚེ་ས་མ་ནོན་ནས་རྒྱ་མོ་བཟས་སྤོར་ཐང་བརྒྱད་ཅུ་སྐོར་གྱི་གབ་རྩེ་གཏིང་ནས་བརྩིས་པས་བོད་ཀྱི་ས་ཆ་འདི་སྲིན་མོ་གན་རྐྱལ་དུ་ཉལ་བའི་གཟུགས་སུ་ཤེས་ནས་དེ་གནོན་པའི་ཆེད་དུ་མི་འགྱུར་བའི་གཟེར་ཆེན་པོ་བཅུ་གཉིས་བཏབ་པ་ལས། ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་ནི་སྲིན་མོའི་ལག་མཐིལ་གཡས་པ་གནོན་པའི་ཕྱིར་དུ་བརྩིགས་པ་ཡིན།
འདན་ཁོག་གི་བོད་བཙན་པོའི་དུས་ཀྱི་རྡོ་བརྐོས་རི་མོ། དེ་ཡང་བསོད་ནམས་རྒྱལ་མཚན་གྱིས་མཛད་པའི《 རྒྱལ་རབས་གསལ་བའི་མེ་ལོང་།》ལས།“དེའི་བར་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ལྡན་མ་བྲག་རྩར་ཕེབས་ནས་བྲག་ལ་བྱམས་པ་ཁྲུ་བདུན་པ་ཞིག་དང་བཟང་སྤྱོད་གཉིས་བརྐོས་མར་བཞེངས།”ཞེས་གསུངས་ལ། བྲག་བརྐོས་འདི་འབིས་རྣམ་སྣང་གི་གཡས་ཕྱོགས་སུ་ཡོད་པ་དེ་ཡིན། འདི་ལ་བྲག་བརྐོས་ཀྱི་ལྷ་དང་རི་མོ། བཟང་སྤྱོད། ཡིག་འབྲུ་སོགས་ལ་ཞིབ་འཇུག་བྱས་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་བརྐོས་མིན་ལ་དཔྱད་པ་འགའ་ཞིག་བརྗོད་དུ་ཡོད་ཀྱང་རེ་ཞིག《རྒྱལ་རབས་གསལ་བའི་མེ་ལོང་།》ལྟར་དུ་བཀོད། ཡང་《རྒྱལ་རབས་གསལ་བའི་མེ་ལོང་།》ལས།“ཞིང་རྨོས། རང་འཐག་ཆུ་འཁོར་བཙུགས།”ཞེས་པ་ལྟར། ཀློང་ཐང་དུ་རྒྱ་མོས་གླང་གཉའ་བཅས་ཏེ་ཞིང་རྨོས། ཨ་ནེའི་ཆུ་མགོར་ཆུ་གཏེར་བླངས། ཀློང་ཆུ་ཁར་ལྕང་མ་དང་རང་འཐག་ཆུ་འཁོར་བཙུགས།《 དེབ་ཐེར་དམར་པོ་གསར་མ།》ལས།“བྲོས་ཐར་པ་འདན་མའི་ཡུལ་དུ་རྗེས་ཟིན་ཏེ།”ཞེས་བློན་པོ་མགར་གྱིས་འདན་ཁོག་ནས་རྒྱ་མོ་བཟའ་སོགས་ཀྱི་རྗེས་ཟིན། དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་བཙན་པོ་ཁྲི་ལྡེའུ་སྲོང་བཙན་གྱི་སྐབས་སུ་བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་། རྒྱ་བཟང་དཔལ་ལྡན་སོགས་ཀྱིས་ལྡན་མ་བྲག་རྩར་འབིས་རྣམ་སྣང་དང་། ཀློང་རོང་ཕུག་ཏུ་བྲག་ལྷ་མོ། ལེགས་པ་ཁོག་དང་། གཡེར་འགུལ་(དབེན་མགུ།)བྲག་དམར་ཀླུ་བཙན་གྱི་གཡོན་ཟུར་སོགས་སུ་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས་གཙོ་རྐྱང་དང་གཙོ་འཁོར་ཡོད་པ་ཅི་རིགས་པ་བརྐོས།
བྲག་ལྷ་མོ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བརྐོས། ལྷའི་ངོ་བོ་རྣམ་པར་སྣང་མཛད་གཙོ་འཁོར་གསུམ་ཡིན། རྣམ་པར་སྣང་མཛད་ལ་ཀུན་རིག་རྣམ་པར་སྣང་མཛད་དང་། རིགས་ལྔའི་རྣམ་པར་སྣང་མཛད་དང་། བདག་ཅག་གི་སྟོན་པའི་སྤྲུལ་གཞི་ལོངས་སྐུ་རྣམ་སྣང་གངས་ཆེན་མཚོ་ལ་རྣམ་པར་སྣང་མཛད་དུ་བཏགས་པ་སྟེ་གསུམ་དུ་ཡོད་པ་ལས་འདི་ཕྱི་མ་དེ་ཡིན། ཁ་ཅིག་ལྷའི་ངོ་བོ་ཚེ་དཔག་མེད་གཙོ་འཁོར་གསུམ་དང་། འགའ་ཞིག་ལྷ་མོར་ངོས་འཛིན་པ་ནི། དུས་རབས་འདྲ་མིན་གྱི་རི་མོ་འདྲ་མིན་དང་། ཁྱད་པར་རྒྱའི་རི་མོ་ལ་ཆ་རྒྱུས་ཡོད་མེད་དབང་གིས་སྣང་ཚུལ་མི་འདྲ་བ་བྱུང་ངོ་། ། འདི་བཞིན་དུ་དེ་སྐབས་གཡེར་འགུལ་(དབེན་མགུ།)དང་། བྲག་དམར་ཀླུ་བཙན་གྱི་གཡོན་ཟུར་སོགས་སུ་ཡང་རྣམ་པར་སྣང་མཛད་ཀྱི་སྐུ་གཟུགས། ཝ་མ། ལྷུང་བཟེད་མེད་པ། ཐང་རྒྱལ་རབས་ཀྱི་རི་མོའི་ཉམས་དང་ལྡན་པའི་བྲག་བརྐོས་རི་མོ་འདི་དག་འབིས་རྣམ་སྣང་གི་བྲག་སྐུ་རྣམས་བཟོ་བོ་གཅིག་གིས་བརྐོས་པ་ཡིན་ན་བྲག་སྐུ་འདི་དག་བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་རྒྱ་བཟང་དཔལ་ལྡན་སོགས་ཀྱིས་བརྐོས་པ་ཡིན་དགོས། འོན་ཀྱང་བྲག་བརྐོས་ཀྱི་ལོ་རྒྱུས་ལ་བརྟགས་ཚེ་འབིས་རྣམ་སྣང་ནི་བཙན་པོ་ཁྲི་ལྡེའུ་སྲོང་བཙན་གྱི་སྐུ་རིང་ལ་བརྐོས་པ་དང་། བྲག་ལྷ་མོ་ནི་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ་བརྐོས་པར་གསལ་བས། རྒྱལ་རབས་ཀྱི་དབང་དུ་བྱས་ན་བྲག་ལྷ་མོ་ནི་འབིས་རྣམ་སྣང་གི་སྔོན་དུ་བརྐོས་པར་སྣང་། རྣམ་པར་སྣང་མཛད་གཙོ་འཁོར་གསུམ་ནི། དབུས་རྣམ་པར་སྣང་མཛད། གཡས་སྤྱན་རས་གཟིགས། གཡོན་སའི་སྙིང་པོ་བཅས་ཡིན་པ་སྙམ།
གསུམ། བོད་སིལ་བུ་དུས་དང་གླིང་གི་དུས་ཀྱི་འདན་མ།
དེ་ཡང་བོད་སིལ་བུའི་སྐབས་དབུས་གཙང་དུ་བསྟན་པ་ཉམས་ནའང་ཁམས་སུ་བསྟན་པ་མ་རྨས་པར་ཡོད་པས་དེ་སྐབས་དབུས་གཙང་ནས་ལྷ་ལུང་དཔལ་རྡོར་སོགས་བོད་ཀྱི་མི་སྣ་གྲགས་ཅན་མང་པོ་འདན་ཁོག་ཏུ་བྲོས་བྱོལ་དུ་ཕེབས།
ལྷ་ལུང་དཔལ་རྡོར་འདན་ཁོག་ཏུ་ཕེབས་སྐབས་ས་ཆ་གང་དང་གང་བརྒྱུད་ནས་ཕེབས་པ་མི་གསལ་ཡང་། ཨ་ཀྱཱ་ཡོངས་འཛིན་གྱི《 བཀའ་འབུལ།》ལས། “དེ་ནས་ལྷ་ལུང་དཔལ་གྱི་རྡོ་རྗེ་ལྷོ་ཁམས་བརྒྱུད་ནས་མདོ་སྨད་ཕྱོགས་སུ་བྱོན་ནོ། །”ཞེས་གསལ་བ་ལྟར་ན། འདིའི་ལྷོ་ཁམས་ཞེས་པ་དར་རྩེ་མདོ་ཡིན་པར་བཤད་ལ། དཔལ་རྡོར་འདན་ཁོག་ཏུ་བཞུགས་སྐབས་རྒྱའི་དགེ་སློང་གཉིས་དང་མཉམ་དུ་ཡོད་པ་བུ་སྟོན་རིན་པོ་ཆེ་དང་དཔའ་བོ་གཙུག་ལག་ཕྲེང་བ་སོགས་ཀྱིས་གསུངས་ཤིང་། རྒྱའི་དགེ་སློང་གཉིས་དང་པོར་ངོ་ཤེས་པའི་ས་ཆ་དེ། ཨ་ཀྱཱའི་ཡོངས་འཛིན་ལྟར་ན་དར་རྩེ་མདོའམ། ཀུན་མཁྱེན་གོ་རམས་པ་ལྟར་ན《གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཁ་སྐོང་དང་བཅས་པ།》ལས།“ཁོང་རྒྱ་ནག་ཏུ་བྲོས་པས་ཐར།” ཞེས་གསལ་བས་རྒྱ་ནག་ནས་ཕེབས་སོ། །ཁོང་འདན་ཁོག་ཏུ་ཕེབས་རྗེས་དུས་ཚོད་མང་ཆེ་བ་སྒྲུབ་པ་ལ་བཞུགས་པར་སྣང་ཞིང་། སྐབས་རེར་ཆོས་འཁོར་སྐོར་བའང་སྲིད་ལ། ཡོངས་གྲགས་ཀྱི་རྒྱལ་རབས་དང་ཆོས་འབྱུང་རྣམས་ལས་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་པ་ལ་ཁ་སྐོང་གི་དགེ་སློང་འཚོལ་བའི་གྲོགས་མཛད་པར་བཤད་འདུག །གཞན་ཡང་གནས་དེར་ལྷ་ལུང་དཔལ་རྡོའི་མཚམས་ཁང་། ལྷ་ལུང་དཔལ་རྡོའི་ཞབས་རྗེས། ལྷ་ལུང་དཔལ་རྡོའི་སྐུ་གདུང་མཆོད་རྟེན་ཟེར་བ་སོགས་ཀྱང་ཡོད་པས་མཐར་སྐུ་མྱ་ངན་ལས་འདས་པའི་ས་ཆ་ཡང་ཀློང་ཐང་ཡིན་པར་སེམས།
བསྟན་པའི་མེ་རོ་འདན་ནས་བསླངས་ཚུལ། བླ་ཆེན་ཀློང་ཐང་དུ་ཕེབས་སྐབས་རྟེན་རབ་བྱུང་ཡིན་ཞིང་། དགོས་པ་བསྙེན་རྫོགས་ཀྱི་ཆེད་དུ་ཡིན་ལ། ལོ་རྒྱུས་སྨྲ་བ་ཁ་ཅིག་ལྟར་ན་ཁོང་དགུང་གྲངས་བཅུ་དྲུག །ཁ་ཅིག་ལྟར་ན་ཉེར་གཉིས། འགའ་ཞིག་ལྟར་ན་ཞེ་དགུ་སོགས་བཤད་ཚུལ་མང་། ཁོང་གི་བསྙེན་པར་རྫོགས་པའི་ས་ཆ་ལ། འགའ་ཞིག་དར་རྩེ་མདོ་དང་། འགའ་ཞིག་དན་ཏིག་ཏུ་འདོད་པ་ཡོད་མོད། དོན་དུ་ཀློང་ཐང་ཡིན་པར་སེམས་ཏེ། ད་ལྟར་འདན་ཁོག་ལྷོ་རྒྱུད་དུ་ཡོད་པའི་མཁར་དཀར་པོ་ཞེས་པའི་དགོན་རྙིང་དེ་བླ་ཆེན་གྱི་བསྙེན་པར་རྫོགས་པའི་ས་གནས་ཡིན་པའི་ངག་སྒྲོས་དེང་སང་གི་བར་དུ་གནས་དེར་ཡོད་པའི་ཕྱིར་དང་། དེ་རྗེས་ཁོང་གིས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་ནས་དེ་དག་བསྐོ་བཞག་གནང་ས་དང་། དེ་ནས་བྱིངས་པོ་ཚོ་ཡར་ཡོང་ས། ལོ་ཆེན་གྱིས་འདུལ་བ་བཤད་ས། ཀླུ་མེས་འདུལ་བ་ཉན་ས། དེའི་དུས་སུ་ལོ་སྟོན་གྱིས་རྦ་རག་གི་གཅུང་གཉིས་ལ་རབ་བྱུང་གི་སྡོམ་པ་གནང་ས། ལོ་སྟོན་འདན་མའི་ཚོང་པ་དང་འགྲོགས་ནས་དབུས་གཙང་དུ་ཡར་འགྲོ་ས། དེའི་ཕྱི་ལོར་བླ་ཆེན་གྱིས་ཀླུ་མེས་ལ་མཆོད་གནས་སུ་དབུ་ཞྭ་གནང་ས་སྟེ། དེ་ཐམས་ཅད་ཀློང་ཐང་ཡིན་ཚུལ་བུ་སྟོན་རིན་པོ་ཆེས་གསུངས་ཤིང་། གཞན་ཡང་བླ་ཆེན་གྱི་མཁན་བུ་ཁམས་ཀྱི་སོག་མོ་མི་དྲུག་ཡིན་ལ། དེ་དག་གི་ནང་ཚན་མཁས་པ་མི་བཞིའི་སློབ་མ་སེ་བཙུན་དང་འགར་མི་གཉིས་ཡིན་ཞིང་། སེ་བཙུན་གྱི་ཕ་ཡུལ་ཡང་འདན་མ་རང་ཡིན་པའི་ཕྱིར། འདི་བུ་སྟོན་རིན་པོ་ཆེའི་གསུང་དང་མཐུན་པ་ཡིན། སྟག་ཚང་ལོ་ཙཱ་བས།“དམར་གཡོ་གཙང་དང་བླ་ཆེན་གྱིས། །ཁམས་སུ་མར་མེ་ཅུང་ཟད་གསོས། །”ཞེས་པའི་ཁམས་ཀྱང་འདི་ཡིན་ལ། 《 རྒྱལ་རབས་གསལ་བའི་མེ་ལོང་།》ལས།“ད་ལྟ་དབུས་གཙང་ན་རབ་ཏུ་བྱུང་བ་མེད་དོ། །ཆུ་བོ་རི་དང་ཡེར་པ་ལ་སོགས་ནས་ཁམས་སུ་བྲོས་པའི་རབ་བྱུང་མང་པོ་ད་ལྟ་ཁམས་ན་ཡོད་ཐག་ཆོད་འདུག་ཟེར་བས། རབ་ཏུ་དགའ་སྟེ། ལུས་དང་སྲོག་ལ་མ་བལྟས་པར་བྱིས་པ་དེས་ཁམས་སུ་ཕྱིན་པས།”ཞེས་པའི་ཁམས་ཀྱང་འདི་ཡིན་ཞིང་། 《 གཏེར་ལུང་།》ལས།“བསྟན་པའི་མེ་རོ་ཁམས་ནས་བསླངས། །”ཞེས་པའི་ཁམས་ཀྱང་འདི་ཡིན་པས། འདི་ཤེས་ན་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་དེབ་ཐེར་དང་ཆོས་འབྱུང་རྣམས་ལས་བྱུང་བའི་ཁམས་ཞེས་པའི་ཐ་སྙད་ལ་ཡང་དཀྱོག་བཤད་དེ་ཙམ་མི་དགོས་པར་ཡོངས་གྲགས་ཀྱི་ཁམས་ཏེ་མདོ་དབུས་ཁམས་གསུམ་གྱི་ཁམས་ལ་ཐད་ཀར་ངོས་འཛིན་པས་ཆོག་གོ །འགོས་ལོ་གཞོན་ནུ་དཔལ་གྱི《 དེབ་སྔོན།》ལས།“དེ་ནས་དབུས་སུ་ཞང་ཆེན་པོ་དགེ་བ་བཞུགས་པའི་སྤྱན་སྔར་ཆོས་ཉན་དུ་འབྱོན་པར་བཞེད་ནས། མདོ་ཁམས་གློང་ཐང་འཇིག་རྟེན་སྒྲོལ་དུ་བྱོན་ཙ་ན། མང་ར་གཡུ་མཚོ་ཞེས་བྱ་བ་དབུས་ནས་རྒྱལ་པོས་ཕོ་ཉ་མངགས་ནས་བྱུང་བ་ན་རེ། དབུས་སུ་མུ་གེ་ཆེན་པོ་བྱུང་བས་བཙུན་པ་ཁྱོད་ཀྱི་གཤུལ་ཡང་མི་ཕྱེད། ཀྭ་འོད་མཆོག་གྲགས་པ་ཞེས་བྱ་བ་དེ་ལྷོ་བལ་དུ་ཆོས་མང་པོ་གསན་ནས་ཁམས་སུ་བྱོན་ནོ”ཞེས་ཟེར་རོ། །དེ་གསན་ནས་སླར་ལོག་སྟེ། ཞེས་བླ་ཆེན་ཀློང་ཐང་དུ་བྱོན་པའི་ཚེ་ཁོང་ཀློང་ཐང་དུ་དུས་ཚོད་ཡུན་རིང་མ་བཞུགས་པ་ལྟ་བུར་བཤད་ནའང་བླ་ཆེན་ཀློང་ཐང་དུ་ཡུན་རིང་པོར་མ་བཞུགས་ན་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་སྔར་གྱི་བྱ་བཞག་དེ་དག་མི་འགྲུབ་ཅིང་། ཁོང་གིས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་པའི་དུས་སུ་བླ་ཆེན་རང་ཉིད་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་བུ་སྟོན་རིན་པོ་ཆེས་གསུངས་ཤིང་། འགོས་ལོ་རང་ཉིད་ཀྱིས་ཀྱང་། བླ་ཆེན་ཀློང་ཐང་དུ་བྱོན་པའི་ཚེ་རྒྱལ་པོའི་ཕོ་ཉ་མངགས་ནས་ཡར་དབུས་གཙང་དུ་བྱོན་མ་བཅུག་པར་བཤད་པས། དེ་ལྟར་ན། དེའི་སྔོན་དུ་རྒྱལ་པོས་བླ་ཆེན་ཀློང་ཐང་དུ་ཡོད་པར་ཤེས་དགོས་ཤིང་། ཤེས་ནས་ཕོ་ཉ་མངགས་དགོས་ལ། དེ་སྐབས་གནས་བབ་ཀྱིས་འགྲིམ་འགྲུལ་ཧ་ཅང་མི་བདེ་བས་ཡར་འགྲོ་མར་འོང་ལ་ཡང་དུས་ཚོད་མང་པོ་དགོས་པས། དེས་ཀྱང་བླ་ཆེན་ཀློང་ཐང་དུ་ཡུན་རིང་བཞུགས་པར་གྲུབ་བོ་སྙམ་སྟེ་དཔྱད་དོ། །
གཞན་ཡང་བོད་སིལ་བུའི་དུས་སུ་འདན་མ་ལ་ཇོ་བོ་སེ་བཙུན་པ་དང་། འབྲོམ་སྟོན་པ། རྔོག་ལེགས་པའི་ཤེས་རབ། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་། ཞང་སྟོན་བྱང་ཆུབ་རྒྱལ་མཚན། འབྲེ་ཤེས་རབ་འབར། ཇོ་བོ་་ཏི་ཛྙཱ་ན། བཀའ་གདམས་བཤེས་གཉེན་དཔལ་ལྡན་དགོན་པ་བ་སོགས་མཁས་གྲུབ་ཀྱི་སྐྱེས་ཆེན་དུ་མས་འདན་ཁོག་ཏུ་བསྟན་པ་བསྐྱངས་ཚུལ་འོག་གི་མི་སྣ་ངོ་སྤྲོད་ནང་བཤད་པ་བྱའོ། །
གླིང་གི་དུས་སུ་ཚ་ཞང་འདན་མ་བྱང་ཁྲ་འདན་ཡུལ་དུ་འཁྲུངས་ཚུལ། གླིང་སྒྲུང་གི་བཤད་པ་དང་བསྟུན་ན། ཚ་ཞང་འདན་མ་བྱང་ཁྲ་ནི་ཡབ་རྒྱལ་པོ་བྱང་པ་སྟོབས་ལྡན་དང་། ཡུམ་འདན་བཟའ་ཨ་སྨན་གཉིས་ཀྱི་སྲས་སུ་ས་ཕོ་སྤྲེལ་གྱི་སྟོན་ཟླ་ཐ་ཆུང་ལ་སྐུ་འཁྲུངས། ཆུང་ནས་ཕོ་རྩལ་སྣ་དགུ་འཛོམས་པས། ཁྲ་མོ་གླིང་གི་དཔའ་རྒྱ་ཚ་ཞལ་དཀར་གྱི་དཔུང་ཡ་རུ་མངའ་གསོལ་གཟེངས་བསྟོད་བྱས། ལུས་ཀྱི་ཡབ་དེ་བྱང་པ་སྟོབས་ལྡན་ཡིན་ཡང་། ལས་ཀྱི་ཡབ་དེ་སྤྱི་དཔོན་ཡིན་པས། སྨུག་པོ་གདོང་གི་རིགས་རྒྱུད་དུའང་གྲགས། སྐུའི་ཁྱད་ཆོས་ནི། མགོ་སྤྱི་གཙུག་མཐོ་ལ་དབུ་སྐྲ་ཐམས་ཅད་གཡས་སུ་འཁྱིལ་བ། སྐྲ་མདོག་དམར་ལ་སྐྲ་སྙིང་སྨུག་པ། ཐོད་ཞིང་ཆེ་ལ་ཐོད་སྐོ་འཐུག་པ། རྫི་མ་འཐུག་ལ་རྫི་སྣེ་འབྲེལ་བ། གདོང་ཐག་རིང་ལ་ཤངས་རྩེ་རྣོ་བ། མིག་རྩ་དམར་ལ་མིག་འབྲས་འབུར་བ། ལྕེ་རྩེ་རྣོ་ལ་ལྕེ་ཤ་སྲབ་པ། སོ་སྒོ་ཡང་ལ་སོ་མདོག་དཀར་བ། ལྦ་བ་དཀྲོག་ལ་སྐེ་ཟོ་མཐོ་བ། དཔུང་ལྷུ་རིང་ལ་བྲང་ཞེང་ཆེ་བ། གཟུགས་བཞི་བདེ་ལ་ཡན་ལག་ཕྲ་བ། རྐང་ལྷུ་རིང་ལ་སྒ་ཚིགས་དྲང་པ་བཅས་ཡོད་པར་བཤད། རྫོང་བཙན་པོ་ཤར་ལུང་རི་དྲུག་དང་ཤུག་རའི་ལྷ་མཁར་རིང་མོ་གཉིས་ལ་འདན་མའི་སྐུ་མཁར་རྣམ་གཉིས་ཟེར། དེ་གཉིས་ཀྱི་བར་ལ་བར་ཐག་རིང་ཐུང་སྤྱི་ལེ་གཉིས་ཡས་མས་ལས་མེད། འདིར་འདན་མའི་སྐུ་མཁར་འདན་དུ་ཡོད་པར་བཤད་པ་དང་། 《 ལྡོང་གི་མ་ཡིག་ལུང་བསྟན།》ལས།“པདྨའི་ལུང་བཞིན་སྤྱི་དཔོན་སྐུ་འཁོར་གྱིས། །འདན་མ་བསུས་ཏེ་དགའ་སྟོན་རྒྱ་ཆེར་སྤེལ། །སྐུ་མཁར་བཞེངས་གྲུབ་འདན་སྲས་ལ་སོགས་འཁྲུངས། །
དཔའ་ཐུལ་རྣམས་ཀྱིས་རྨ་ཆེན་བསང་གིས་བརྔན། །”ཞེས་འདན་མའི་སྐུ་མཁར་རྨ་ཆེན་དུ་ཡོད་བཤད་པ་གཉིས་མི་འགལ་ཏེ། གླིང་གི་དུས་སུ་གླིང་གི་རྒྱལ་སའི་ལྟེ་བ་མགོ་ལོག(འགུ་ལོག)རྨ་ཆུའི་ཁུག་ཏུ་མཛད་ནས་ཕོ་བྲང་སེང་ཕྲུག་སྟག་རྩེ་དང་ཇ་མཁར་རིང་མོ་སོགས་བརྩིགས་ནས་དེར་དཔའ་ཐུལ་སོ་སོ་ལའང་རང་ཡུལ་དང་འཚམ་པའི་སྐུ་མཁར་རེ་རེ་ཡོད་པར་བཤད་པས་སོ། །ལར་འདན་མའི་སྐུ་མཁར་ཡིན་ནས་འདན་དུ་བརྩིགས་པ་དང་འདན་མའི་སྐུ་སྲས་ཡིན་ནས་འདན་དུ་འཁྲུངས་པས་ཁྱབ་པ་བློ་དང་ལྡན་པ་སུ་ཞིག་གིས་འཆའ་བར་བྱེད། ཁ་ཅིག་གླིང་སྒྲུང་དུ་བཤད་པ་ལོ་རྒྱུས་ཀྱི་ཐོག་དངོས་སུ་མ་བྱུང་བའི་སྙན་རྩོམ་ཞིག་ཏུ་འདོད་ཀྱང་།འདི་ལྟར་བྱུང་ཡོད་པ་ཁུངས་ཐུབ་ཀྱི་ཡིག་རྙིང་《རླངས་ཀྱི་པོ་ཏི་བསེ་རུ།》དང་། 《 གདུང་རབས་གསལ་བའི་མེ་ལོང་།》 《 ཀཿཐོག་ཆོས་འབྱུང་།》བྲག་དགོན་པའི《 མདོ་སྨད་ཆོས་འབྱུང་།》དཔལ་སྤུངས་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་《འབེལ་གཏམ་ཟིན་བྲིས།》 བོད་ཀྱི་དེབ་ཐེར《དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།》སོགས་ལས་གསལ་བར་མ་ཟད། དངོས་ཡོད་ཀྱི་གནས་ཚུལ། འཁྲུངས་གནས། མཁར་ཤུལ། གོ་མཚོན། མིའི་གདུང་རྒྱུད་སོགས་མི་ཉུང་བ་ཞིག་ལ་བརྟེན་ནས་ཀྱང་ར་སྤྲོད་བྱེད་ཐུབ་པས་ཁས་ལེན་ཆོག་སྙམ།
བཞི། ཡོན་རྒྱལ་རབས་དུས་ཀྱི་འདན་མ།
ཡོན་རྒྱལ་རབས་སམ་ས་སྐྱའི་སྐབས་ཀྱི་འདན་མ་ནི། མདོ་ཁམས་ཞོན་ཝུའུ་སི་གཞུང་དུ་གཏོགས་ཞིང་།(元代属朵甘宣慰司)བོད་ཀྱི་ཆོས་སྲིད་ས་སྐྱ་པས་དབང་སྒྱུར་མཛད་པའི་སྐབས་ཡིན། འགྲོ་མགོན་ཆོས་འཕགས་རྒྱ་ནག་གོང་མའི་བཀའ་ལྟར་ཕེབས་པའི་ལམ་བར་དུ་འདན་ཡུལ་ནས་བརྒྱུད་དེ་ཕེབས་པའི་ཚུལ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནི་༡༢༦༧ཏེ་རབ་བྱུང་ལྔ་པའི་མེ་ཡོས་ལོར་འདན་ཁོག་ཏུ་ཕེབས། ཕེབས་ལམ་དུ་རིན་ཆེན་གླིང་། འབུར་ལེགས་དགོན། རག་ཆུ་དགོན། ཆོས་སྡེ་དགོན། དབོན་ཐོག་དགོན། ཤུག་ར་དགོན། དཀར་ཕུ་དགོན་སོགས་འདན་ཡུལ་སྟོད་སྨད་བར་གསུམ་དུ་ས་དགོན་བཅུ་གསུམ་ཙམ་བཏབ། ས་དགོན་བཅུ་གསུམ་ལས་རིན་ཆེན་གླིང་། འབུར་ལེགས་དགོན། རག་ཆུ་དགོན། ཆོས་སྡེ་དགོན། དབོན་ཐོག་དགོན། ཤུག་ར་དགོན། དཀར་ཕུ་དགོན་ཏེ་དགོན་ཁག་བདུན་ནི་གསར་དུ་ཕྱག་བཏབ་ཅིང་། ཀློང་ཐང་སྒྲོལ་མ་ལྷ་ཁང་ནི་རང་གི་ཆོས་རྒྱུད་སྤེལ་ཕྱིར་ས་དགོན་དུ་བསྒྱུར། ཐང་དཀར་དགོན་སོགས་ནི་འཕགས་པས་ཕྱག་བཏབ་པའི་བཤད་སྲོལ་འདུག
ལྔ། མིང་རྒྱལ་རབས་དུས་ཀྱི་འདན་མ།
མིང་རྒྱལ་རབས་དུས་ཀྱི་འདན་མ་ནི། མདོ་ཁམས་ཝུན་ཞིང་ཏུའུ་སི་གཞུང་དུ་གཏོགས་ཤིང་།(明代属朵甘卫行都使司)སྐབས་དེའི་ཚེ་འདན་ཡུལ་དུ་སངས་རྒྱས་མཉན་པ་དང་། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་སོགས་སྐྱེས་བུ་དམ་པ་མང་ཙམ་ཕེབས་པ་ལས་འདན་ཡུལ་དུ་ཆོས་དང་རིག་གནས་དར་ཚུལ་རྟོགས་ཐུབ།
དྲུག །ཆིང་རྒྱལ་རབས་དུས་ཀྱི་འདན་མ། ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་འདན་ཁོག་ཧྥུ་ཞེས་པ་བཙུགས་པ་དང་། དེའི་མངའ་འོག་ཏུ་ཁྲོམ་ཁོག་དཔོན་དང་གླིང་ཚང་དཔོན་གཉིས་ཡོད། ཐད་ཀར་རྒུ་རུ་དཔོན་ལ་དབང་བསྒྱུར་བྱེད་ཆོག(清末置登科府,兼辖春科、林葱二安抚司地,分管高日长官司地)དེའི་དུས་སུ་འདན་ཁོག་ཏུ་ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན། མི་འགྱུར་ནམ་མཁའི་རྡོ་རྗེ། རྒྱལ་དབང་དགུ་པ་ལུང་རྟོགས་རྒྱ་མཚོ། སྒ་སྟོན་ངག་དབང་ལེགས་པ་སོགས་ཀྱིས་འདན་ཡུལ་དུ་འགྲོ་དོན་བསྐྱངས། རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་པདྨ་རི་ལ་སྐུ་མཚམས་ཡུན་རིང་བཞུགས་ནས《 གཏམ་པདྨའི་ཚལ་གྱི་ཟློས་གར།》བརྩམས་ཤིང་། སྡེ་དགེའི་མདུན་སྐོར་གཟིམ་དཔོན་ཚང་དང་ཡོན་ས་མཆོད་བདག་གི་འབྲེལ་བ་ཆེན་པོར་གྱུར།
《 གཏམ་པདྨའི་ཚལ་གྱི་ཟློས་གར།》རྩོམ་པའི་ཚེ་ཡང་གཟིམ་དཔོན་ཚང་གི་བུ་བཀྲ་ཤིས་དགེ་ལེགས་བཟའ་མི་གཉིས་གཙོ་བོར་བཟུང་ནས་བརྗོད་བྱ་ཆོས་དང་མཐུན་པར་བརྩམས། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་ཡང་འདན་མ་དང་ཐག་མི་རིང་བ་འཇུ་བ་ཞེས་གྲགས་པར་སྐུ་འཁྲུངས། པདྨ་རི་ལ་སྐུ་མཚམས་བཞུགས་ནས་《 རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་ཊཱིཀ་ཆེན།》བརྩམས་མྱངས། སྐུའི་བཀོད་པ་ཡང་དིལ་མགོ་རི་ཁྲོད་དུ་བསྡུས་པས་སྐུ་གདུང་མཆོད་རྟེན་ཡང་གནས་དེ་ཉིད་དུ་བཞུགས།
བདུན། མིན་གོ་དུས་ཀྱི་འདན་མ།
མིན་གོ་སྐབས་སུ་འདན་ཁོག་རྫོང་དུ་བསྒྱུར་ནས་སི་ཁྲོན་ཞིང་ཆེན་གྱི་ས་མཚམས་ཡིན་པ་གཏན་ཁེལ་བྱས། སྤྱི་ལོ་༡༩༢༥ལོ་ལ་ཞི་ཁམས་དམིགས་བསལ་ས་ཁུལ་བཙུགས་པ་དང་། ཞི་ཁམས་གཞུང་ལམ་གྱི་རྒྱུད་དུ་གཏོགས། གོ་མིན་སྲིད་གཞུང་བཙུགས་པ་དང་གཞུང་ལམ་མེད་པར་བཏང་པས། འདན་ཁོག་ཐད་ཀར་ཞི་ཁམས་ཞིང་ཆེན་གྱི་མངའ་ཁོངས་སུ་ཚུད། དེའི་དུས་སུ་ཀརྨ་པ་རིག་པའི་རྡོ་རྗེ་དང་། ཞྭ་དམར་པ་སྐུ་ཕྲེང་བཅུ་བཞི་པ་མི་ཕམ་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ་སོགས་འདན་ཁོག་ཏུ་སྐུ་འཁྲུངས།
བརྒྱད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་འདན་མ།
ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་༡༩༥༠ལོར་འདན་ཁོག་ནི་ཞི་ཁམས་ཞིང་ཆེན་བོད་རིགས་རང་སྐྱོང་ལྗོངས་ཀྱི(西康省藏族自治区)ཁོངས་སུ་གཏོགས། ༡༩༥༥ལོའི་ཟླ་བ་༡༠པར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི(四川省甘孜藏族自治州)ཁོངས་སུ་གཏོགས། ༡༩༧༨ལོར་འདན་ཁོག་རྫོང་བཤིག་ནས་ཆུས་༤དང་ཡུལ་ཤོག་༡༣ ཁག་དབྱེ་ནས་སེར་ཤུལ་དང་སྡེ་དགེ་རྫོང་དུ་བགོས། དེ་དང་དུས་མཚུངས་སུ་ལོ་ཆུང་ཆུས་བཙུགས། ༡༩༩༢ལོའི་ཟླ་བ་༡༡པར་ལོ་ཆུང་གྲོང་རྡལ་བཙུགས། །