འདན་ཐུབ་བསྟན་སྡེ་དགོན་བཤད་སྒྲུབ་དར་རྒྱས་གླིང་ལ་སྡེ་དགོན་དགོན་པ་དང་། བདེ་དགོན་དགོན་དང་། སྡེ་དགོངས་དགོན་ཞེས་འབྲི་སྲོལ་གཞན་ཡང་མཆིས། དགོན་པ་དེ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ལོ་ཆུང་གྲོང་རྡལ་དབོན་ཐོག་གྲོང་ཚོ་ལ་གནས་ཤིང་། དེའི་མཚོ་འཕགས་སྨི་༣༨༠༠ཙམ་ཡིན། སེར་ཤུལ་རྫོང་གི་ལྟེ་བ་འཇུ་སྒར་གྲོང་རྡལ་ནས་བར་ཐག་སྤྱི་ལེ་༨༨ཙམ་དང་། ལོ་ཆུང་གྲོང་རྡལ་དང་བར་ཐག་སྤྱི་ལེ་༦ཙམ་ཡོད། བོད་བརྒྱུད་ནང་བསྟན་གྱི་རི་བོ་དགེ་ལྡན་པའི་ལུགས་འཛིན་པའི་དགོན་པ་ཞིག་ཡིན་ལ། དགོན་པའི་ལོ་རེའི་དུས་མཆོད་དང་། ཆོ་ག་ཆོས་སྤྱོད། མཐོང་བ་བརྒྱུད་པའི་ཕྱག་ལེན་དང་བཅས་ཐམས་ཅད་ནི་མ་དགོན་འདན་ཆོས་འཁོར་དགོན་པ་ལྟར་ཡིན། དགོན་པ་དེ་སྤྱི་ལོ་༡༩༨༣ལོར་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་སྟེ་དགོན་སྒོ་ཕྱེས་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རིམ་པའི་རིག་དངོས་སྲུང་སྐྱོང་གི་གཙོ་གནད་སྡེ་ཚན་གྱི་གྲས་སུ་ཚུད་ཡོད་པ་རེད། དགོན་པ་དེ་འབུར་གཤོང་ཞིག་གི་སྒང་ལ་ཆགས་ཏེ། སྒོ་ནི་ལྷོ་ལ་ཕྱོགས་ཤིང་ཕུ་བྱང་ལ་བསྟན་ཡོད། རི་འདབས་ཀྱི་འབྲི་ཆུ་གསེར་ལྡན་སྔོན་མོ་དལ་གྱིས་འབབ་པའི་ཉེ་འགྲམ་དུ་དབོན་ཐོག་གྲོང་ཚོ་ཆགས་ཡོད། གྲོང་མི་དེ་ཚོས་ཞིང་འདེབས་པ་དང་། སྒོ་ཕྱུགས་འཚོ་སྐྱོང་བྱེད་པ་བཅས་ཞིང་མ་འབྲོག་གི་འཚོ་གནས་སུ་མཆིས། གྲོང་ཚོ་དང་དགོན་པ་གཉིས་གནའ་ནས་བཟུང་གཅིག་ཕན་གཅིག་གྲོགས་སུ་ཆགས་ནས་དབེན་ཐོག་སྡེ་པའི་ལྷ་སྡེ་མི་སྡེ་ཞེས་པ་ཡོངས་སུ་གྲགས།
སྡེ་དགོན་དགོན་པ་དེ་ཐོག་མར་འབའ་རོམ་པ་དར་མ་དབང་ཕྱུག(༡༡༢༧—༡༡༩༩)གི་དངོས་སློབ་འགྲོ་མགོན་ཏི་ཤྲཱི་རས་པས་ད་ལྟའི་སྡེ་དགོན་དགོན་པ་ཆགས་གནས་འདིར་འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་རི་ཁྲོད་ཅིག་འཛིན་སྐྱོང་མཛད་པ་དང་། དེ་ནས་ས་སྐྱ་གོང་མ་རྣམ་ལྔའི་ཡ་གྱལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་བློ་གྲོས་རྒྱལ་མཚན(༡༢༣༥—༡༢༨༠)བོད་རབ་བྱུང་བཞི་པའི་ཤིང་གླང་ལོ་སྟེ་སྤྱི་ལོ་༡༢༦༥ལོར་ཡོན་གོང་མའི་ཕོ་བྲང་དུ་ཕེབས་ཐེངས་དང་པོའི་ཡར་ལམ་མེ་ཡོས་ལོར་འདན་ཁོག་སོགས་ལ་ས་དགོན་མང་པོ་གསར་དུ་ཕྱག་བཏབ་པ་དང་སྔོན་གྱི་ཆོས་བརྒྱུད་གཞན་པ་མང་པོ་ས་དགོན་དུ་བསྒྱུར་བ་ལས་དགོན་འདི་ས་སྐྱ་པར་བསྒྱུར་ཏེ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པར་མངོན། དེ་ནས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི(སྤྱི་ལོ་༡༢༥༧—༡༤༢༠)རྨིས་ལྟས་གནས་མཆོག་འདིར་དགོན་པ་ཞིག་བཏབ་ན་བསྟན་པ་རྒྱས་ཤིང་འགྲོ་རྣམས་བདེ་ལ་འགོད་པའི་སྐྱེས་བུ་དམ་པ་འབྱུང་བ་དང་། རྗེ་ཉིད་ཀྱི་མཚན་ཨ་རྟགས་མ་ཞེས་པ་གནང་བ་ལྟར་དབོན་ཐོག་སྟོང་དཔོན་བླ་མ་རསྨི་དྷཱ་ཛས་རབ་བྱུང་བདུན་པའི་ས་མོ་ཕག་ལོ་སྟེ་སྤྱི་ལོ་༡༤༡༩ལོའི་སྔོན་ཙམ་ཞིག་ལ་སྔོན་གྱི་ས་དགོན་དེ་དགེ་ལུགས་པའི་གྲུབ་མཐའི་ཆོས་བརྒྱུད་དུ་བསྒྱུར་ཏེ་འདོན་ཕྱག་ལེན་ས་དགེ་འདྲེས་མ་ལྟ་བུར་ཆགས་པར་གྲགས། དེ་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་དགུ་པ་ངག་དབང་ལུང་རྟོགས་རྒྱ་མཚོ(སྤྱི་ལོ་༡༨༠༥—༡༨༡༥)དེང་བོད་རང་སྐྱོང་ལྗོངས་འཇོ་མདའ་རྫོང་འདན་ཁོག་ཡུལ་ཤོག་ཆོས་འཁོར་གྲོང་ཚོ་ལ་སྐུ་འཁྲུངས། དབོན་ཐོག་དཔོན་གྱིས་དགོན་པའི་ལྷ་སྡེ་མི་སྡེ་བཅས་ཁོང་ལ་ཕུལ་བ་ནས་བཟུང་དགོན་འདི་འདན་ཆོས་འཁོར་དགོན་གྱི་བུ་དགོན་དུ་གྱུར་ནས་ད་བར་དུ་ཆོས་བརྒྱུད་དགེ་ལྡན་རང་ལུགས་འཛིན། ཆོས་བརྒྱུད་ས་དགེ་རིམ་བྱུང་སྐབས་ནས་ཐོག་མར་དྲུང་ནམ་མཁའ་ལེགས་པ་སོགས་ནས་བླ་མ་བྱང་ཆུབ་སྐུ་ཕྲེང་རིམ་བྱོན་དང་། ངག་དབང་རྣམ་རྒྱལ་བཅས་ཀྱིས་དཔེ་རྙིང་སྲུང་སྐྱོབ་བཅས་ལ་མཛད་ཕྲིན་དང་འགྲོ་དོན་བསམ་གྱིས་མི་ཁྱབ་ལ། སྔ་ཕྱི་ས་གཡོ་མེ་དགྲའི་འབྱུང་བས་འཇིགས་པའི་ཚེ་སྡེ་དགོན་དགོན་པའི་ལྷ་སྡེ་མི་སྡེ་ཡོངས་ཀྱིས་ཕྱར་བ་གྲུ་བཏེགས་ཀྱིས་དགོན་པ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་པར་མ་ཟད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ནས་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལམ་སྟོན་གནང་བ་ལྟར་རིམ་པ་ཁག་གི་སྲིད་གཞུང་གིས་གལ་ཆེའི་རིག་དངོས་ལ་སྲུང་སྐྱོང་བྱས་ཏེ་སྡེ་དགོན་དགོན་པའི་གནའ་དཔེ་རྩ་ཆེན་ལ་སྲུང་སྐྱོང་བྱས་དང་བྱེད་བཞིན་པའོ། །
སྡེ་དགོན་དགོན་པའི་རིག་དངོས་ལས་དཔེ་རྙིང་རྩ་ཆེན།
དགོན་པའི་དཔེ་རྙིང་རྩ་ཆེན་ནི། དགོན་པ་དེའི་གཙོ་ཁང་ནང་དུ་རྗེ་ཡབ་སྲས་གསུམ་གྱི་གསེར་སྐུ་གསར་བཞེངས་ཀྱི་གཡས་གཡོན་གཉིས་སུ་དཔེ་ཁྲི་གདུང་ཐུག་མར་དཔེ་ཆ་དུམ་པས་གང་འདུག །ལྷ་གཉེར་བ་དག་གིས་འདིར་བཞུགས་ཀྱི་དཔེ་ཆ་ནི་སྔོན་སྡེ་དགེའི་མདུན་བློན་འདན་དབོན་ཐོག་ཚང་ལ་སྡེ་དགེ་ཚང་གིས་པར་ཕུད་དུ་གནང་བའི་ཤེར་ཕྱིན་བརྒྱད་སྟོང་སུམ་བིད་དང་། འབུམ་རྒན་མ། བཀའ་བསྟན་འགྱུར་བཅས་ཀྱི་དཔེ་རྙིང་དང་། དབོན་ཐོག་དཔོན་གྱིས་བདག་སྐྱོང་གནང་ནས་བྲིས་པའི་རྒྱལ་བའི་བཀའ་འགྱུར་གསེར་དངུལ་བྲིས་མ་ཆ་ཚང་གཅིག་དང་།
ཤེར་ཕྱིན་འབུམ་པ་བཅས་གསེར་བྲིས་མ་འགའ། གཞན་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སོགས་ཡོད་ཚུལ་ངོ་སྤྲོད་བྱས་པ་དང་། ཁོ་བོ་ལའང་སྡེ་དགེའི་པར་གཞི་བཀའ་བསྟན་འགྱུར་སོགས་ལ་ཆ་རྒྱུས་ཕྲན་བུ་ཡོད་པས། བཀའ་འགྱུར་དུམ་པ་རེ་གཉིས་དང་ཤེར་ཕྱིན་བརྒྱད་སྟོང་སུམ་བིད་བཅས་ལ་ཞལ་ཕྱེས་ནས་ཕྱོགས་ཙམ་མཇལ་བས་དེ་དག་ནི་སྡེ་དགེའི་པར་གཞིའི་དཔེ་རྙིང་འཁྲུལ་མེད་ཡིན་པ་སྟེ། བརྒྱད་སྟོང་སུམ་བིད་སྤྱི་ལོ་༡༧༠༤ལོར་དང་། འབུམ་རྒན་མ་སྤྱི་ལོ་༡༧༡༨ལོར། བཀའ་འགྱུར་སྤྱི་ལོ་༡༧༣༣ལོར། བསྟན་འགྱུར་སྤྱི་ལོ་༡༧༤༤ལོར་བཅས་རིམ་བཞིན་པར་དུ་བརྐོས་གྲུབ་པས། པར་ཕུད་དུ་གནང་བའི་དཔེ་རྙིང་ཡིན་པའི་དབང་དུ་བཏང་ན་ལོ་སུམ་བརྒྱ་གཡས་གཡོན་གྱི་ལོ་རྒྱུས་ཡོད་ལ། དེ་དག་གི་པར་གཞི་ད་བར་དུ་སྡེ་དགེ་པར་ཁང་དུ་བཞུགས་སུ་གསོལ་ནའང་སྐབས་དེར་པར་དུ་བཏབ་པའི་དཔེ་རྙིང་ཤིན་ཏུ་དཀོན་པ་དང་། དེ་བས་དཔེ་རྙིང་དེ་དག་གི་ཤོག་སྣག་གི་རྒྱུ་སྤུས་དང་། ལྡེབ་འདབ་ཀྱི་ཁ་ཞེང་གི་ཚད། ཡི་གེའི་གསལ་ཆ་བཅས་གང་ལ་བལྟས་ཀྱང་སྐབས་དེའི་པར་འདེབས་ཀྱི་ལག་རྩལ་དང་པར་གཞི་རིག་པ་སོགས་ལ་ཞིབ་འཇུག་གི་རིན་ཐང་དང་། རིག་དངོས་དང་ཉར་ཚགས་བྱ་བའི་རིང་ཐང་ཡང་ཆེན་པོ་ཡོད་པར་མ་ཟད། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བ་མཐུ་དང་ལྡན་པའོ། །
སྡེ་དགོན་དགོན་པའི་རྒྱལ་བའི་བཀའ་འགྱུར་གསེར་དངུལ་བྲིས་མ།
བཀའ་འགྱུར་ནི་རྒྱལ་བའི་གསུང་དྲི་མ་མེད་པ་བཀའ་སྡེ་སྣོད་གསུམ་དང་། རྒྱུད་སྡེ་བཞི་ཐོག་མར་བོད་དུ་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་ལ་ཟེར། གོང་དུ་ཞུས་པ་ལྟར་མུ་མཐུད་ནས་དཔེ་ཁྲིའི་སྟེང་གི་རྒྱལ་བའི་བཀའ་འགྱུར་གསེར་དངུལ་བྲིས་མ་ལས་དུམ་པ་གཅིག་གི་ནང་ཤོག་བུ་དང་། གསེར་བྲིས། ཡིག་གཟུགས་ལ་བལྟས་པར་མ་ཟད། ཕྱིའི་གླེགས་ཤིང་དང་། གླེགས་ཐག །གླེགས་རས། གླེགས་ཆབ་སོགས་ཀྱི་བཟོ་ལས་ཀྱི་ལག་རྩལ་ལ་བལྟས་པས་དེང་དུས་ཀྱི་མིས་དེ་འདྲའི་ཞིབ་ལས་དང་སྤུས་དག་ཐོན་དཀའ་བ་སྟེ། དེ་དག་ནི་བྲིས་འབུར་བརྐོས་བླུགས་ཀྱི་ལག་ཤེས་དང་། ཤོག་ལས། སྣག་ལས། ལྕགས་ལས། ཤིང་ལས་དང་། འཚེམ་དྲུབ། རིན་ཆེན་སྣ་ཚོགས་ཀྱི་ཚོན་ཕབ་སྦྱོར་སོགས་བཟོ་རྩལ་གྱི་བརྒྱུད་རིམ་དུ་མ་ལས་ཐོན་པའི་ཕུལ་བྱུང་གི་བཟོ་རྩལ་གྱི་ཐོན་རྫས་ཡིན་པར་གཞལ་དུ་དཀའ་བའི་དངོས་པོའི་རིན་ཐང་མཚོན་ཐུབ་ལ། མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་ལ་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་པ་མཚོན་པར་མ་ཟད། གླེགས་ཤིང་ཕྱི་ནང་གི་བརྐོས་རིས་ཀྱི་ནང་དོན་ལའང་ལོ་རྒྱུས་དང་འབྲེལ་བའི་ཞིབ་འཇུག་གི་རིན་ཐང་ཆེན་པོ་ཡོད་སྐད་དོ། །
དེ་ལྟ་བུའི་གསེར་དངུལ་བྲིས་མའི་བཀའ་འགྱུར་ཞེས་པ་འདིར་དུམ་པ་ཆེན་པོ་ཆིག་བརྒྱ་བཅུ་གསུམ་འདུག་ཅིང་ལ་ལའི་ནང་དུ་པོད་གཉིས་རེའང་དུམ་ཐུམ་གཅིག་བྱས་པར་ཤེར་ཕྱིན་བརྒྱད་སྟོང་དང་འབུམ་སོགས་ལྷག་མ་ཆ་རེ་ཟུང་འདུག་གསུངས། དུམ་པ་ལ་ལའི་མཇུག་བྱང་དུ་ཡུལ་དབོན་ཐོག་ཏུ་རང་སྡེའི་ཚེ་འདས་ལ་ཆོས་སྐལ་དང་། ཡུལ་སྡེ་སྤྱིའི་རིམ་གྲོ་ལའང་བྲིས་ཞེས་པ་དང་། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་རང་རྣམ་ལས། སྨད་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་འབྲི་ཀླུང་གསེར་ལྡན་དལ་གྱིས་འབབ་པའི་ཉེ་འགྲམ་ལྡན་ས་དཀར་བསམ་འགྲུབ་གླིང་གི་ཉེ་འདབས་སུ་འཁྲུངས། རུས་ནི་ཞང་པ་ཞེས་གྲགས་པ་སྟེ་རུས་མཚན་དེ་ལས་མཆེད་པའི་མི་བརྒྱུད་རྣམས་ནི་སློབ་གཉེར་ཆེ་བ་དང་། བཟོ་གནས་ཡིག་རྩིས་ལ་སོགས་པ་ལ་མཁས་པའི་རིགས་མང་དུ་བྱུང་བ་དང་། སྔོན་བྱུང་མཁས་པ་མི་དྲུག་ཏུ་གྲགས་པའི་ནང་གསེས་བྲིས་ཆུང་ཞེས་བྱ་བ་ཡི་གེ་འབྲི་བ་ལ་ཤིན་ཏུ་མཁས་པ་མང་ཞེས་གླེང་བ་ལ་བལྟས་ན་དེ་སྐོར་འདན་ཁོག་ཏུ་ལྷ་བཟོ་དང་བྲིས་པ་མང་པོ་ཡོད་མྱངས་པ་ཤེས་ཐུབ། དེས་ན་ལོ་རབས་དུ་མ་ལ་གསོག་འཇོག་བྱས་པའི་དཔེ་རྙིང་དབོན་ཐོག་མི་སྡེ་ལྷ་སྡེས་ཚགས་ལེན་འགན་འདེགས་ཕྱར་བ་གྲུ་འདེགས་ཀྱིས་སྲུང་སྐྱོབ་བྱས་ཐུབ་ཡོད་པ་ནི་ས་གནས་དེ་གའི་རིག་དངོས་ལ་སྲུང་སྐྱོབ་བྱས་པ་ཙམ་མ་ཡིན་པ་འགྲོ་བ་མིའི་རིགས་ཀྱི་རིག་དངོས་སྲུང་སྐྱོབ་བྱས་པ་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པ་རེད།
སྡེ་དགོན་དགོན་པའི་བཀའ་འགྱུར་གསེར་དངུལ་བྲིས་མ།
བོད་ཀྱི་དགོན་སྡེ་ཁག་ལ་བསྟན་བཅོས་གསེར་དངུལ་བྲིས་མ་མང་པོ་ཡོད་མྱངས་ནའང་དེང་སང་ཞལ་དུ་བཞུགས་ཡོད་པ་ནི་དཀོན་པོ་ཡིན། གསེར་བྲིས་མ་འདིའི་རྒྱུ་དངོས་ལ་དཔྱད་ན་དུས་རབས་བཅོ་བརྒྱད་པའི་མགོ་ཙམ་ནས་རིམ་བཞིན་སྡེ་དགོན་དགོན་དུ་བྲིས་པ་དང་། བྲིས་པ་མང་པོ་ལག་འདྲེས་ཡོད་པ་དངོས་དང་ཤུགས་ལས་ཤེས་ཐུབ། དུམ་པའི་གྲངས་དང་ལྡེབ་ཀྱི་ཡིག་ཕྲེང་མང་ཉུང་ལ་དཔྱད་ན་བཀའ་འགྱུར་ཆ་ཚང་གཅིག་ཡོད་པ། དཔེར་ན་སྡེ་དགེའི་པར་གཞིའི་བཀའ་འགྱུར་ལ་དཀར་ཆག་དུམ་པ་གཅིག་བཅས་ཁྱོན་དུམ་པ་༡༠༣ལ་ཤོག་ལྡེབ་༣༣༡༡༠ཡོད་པ་དང་། དེ་དང་བསྡུར་ཏེ་ཚོད་རྩིས་བྱས་ན་མང་ཉུང་ཕལ་ཆེར་འདྲ་པོ་རེད། འབྲི་གཞིའི་ཁྱད་ཆོས་ནི་བོད་བཟོའི་ཤོག་ནག་སྤུས་ལེགས་མཐུག་ཚད་༠.༥mmཡོད་པ་དང་། ཤོག་ངོས་ཀྱི་སྲིད་ཞེང་༡༤x༡༩.༥cmདང་། རྐྱང་ཐིག་ནང་ཁོང་གི་སྲིད་ཞེང་༦༠x༡༢cmཡིན་པ་དང་། དབུ་ཁོང་ཕུད་པའི་ཤོག་ངོས་རེ་ལ་བོད་ཡིག་དབུ་ཅན་ཡིག་ཕྲེང་༨རེ། ཕྲེང་རེ་ལ་ཆ་སྙོམས་ཚེག་ཁྱིམ་༤༣ཙམ་གསེར་དངུལ་བརྗེ་རེས་བྱས་ནས་བྲིས་འདུག་ལ། དུམ་པ་སོ་སོའི་དབུ་ལྡེབ་ཀྱི་གཡས་གཡོན་གཉིས་ལ་རྡོ་ཚོན་གྱིས་དབུ་ལྷ་ཤིན་ཏུ་ཉམས་ཅན་རེ་བྲིས་འདུག །དེ་ལྟར་དཔེ་རྙིང་རྩ་ཆེན་དེ་དག་ཆ་ཚང་སྲུང་སྐྱོབ་བྱས་ཐུབ་ཡོད་ནའང་བྲག་ཕུག་ཏུ་སྐུང་སྐབས་ཆར་རླུང་གིས་ཉེས་པས་དུམ་པ་འགའ་རེའི་དབུ་དང་མཇུག་ལྡེབ་ཐོར་བརླགས་སོང་བ་བསྐྱར་གསོ་བྱེད་དཀའ་བར་གྱུར་འདུག
བཀའ་འགྱུར་གསེར་དངུལ་བྲིས་མ་མུ་མཐུད་སྲུང་སྐྱོབ་བྱ་བ།
གོང་ཞུས་ལྟར་དགོན་པ་རང་ཉིད་ལ་དཔེ་རྙིང་རྩ་ཆེན་དེ་དག་སྲུང་སྐྱོབ་བྱ་བའི་འདུ་ཤེས་བརྟན་པོ་ཡོད་པ་དང་ཐབས་ཤེས་ཀྱང་སྣ་ཚོགས་ཀྱིས་སྲུང་སྐྱོབ་བྱས་དང་བྱེད་བཞིན་པ་ཡིན་ཀྱང་། དུས་རབས་གསར་པའི་ཆ་རྐྱེན་དང་བསྟུན་ན་སྲུང་སྐྱོབ་བྱེད་སྟངས་ཅུང་རྗེས་ལུས་ཡིན་པ་དང་། གནའ་དཔེ་རང་ངོས་ནས་ཀྱང་ཁོར་ཡུག་གི་དྲོད་ཚད་དང་བརླན་ཚད་གཏན་འཇགས་མ་ཡིན་པས་འབུ་ཕྲ་དང་། ཉི་འོད། རྡུལ་ཕྲ་རབ་སོགས་ཀྱི་མི་མངོན་པའི་གནོད་སྐྱོན་གྱིས་དཔེ་ཆའི་བཟོ་ལྟ་ཤོར་བ་དང་། ཆག་སྐྱོན་དང་ཡི་གེ་ཡལ་ནས་ཡིག་འབྲུ་མཐོང་མི་ཐུབ་པར་གྱུར་པས་དཔེ་ཆ་འཇོག་སའི་ཁོར་ཡུག་ལེགས་པོ་བསྐྲུན་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་དང་། ད་ཡོད་ཀྱི་གནའ་དཔེ་སྤྱིའི་དཀར་ཆག་དང་ནང་དོན་གནད་བསྡུས་བྲིས་ནས་ནང་དོན་དང་ཆོས་ཚན་གང་ཡོད་ཤེས་པར་བྱ་སྟེ་ཆེད་ལས་མཁས་ཅན་དང་རིམ་ཁག་སྲིད་གཞུང་ལ་ཕུལ་ནས་སྔ་ལས་ལྷག་པའི་སྒོ་ནས་སྲུང་སྐྱོབ་བྱ་རྒྱུ་དང་རིག་དངོས་ཀྱི་རིམ་པ་གཏན་འཁེལ་གྱི་བྱ་བའི་ལས་རིམ་ལ་སྔོན་འགྲོའི་ཆ་རྐྱེན་བསྐྲུན་དགོས། །