དེའང་འདན་ཁོག་གི་ལུང་པ་འདིར་བོད་ཀྱི་ལོ་རྒྱུས་ཐོག་སྐད་གྲགས་ཧ་ཅང་ཆེ་བའི་མི་སྣ་མང་པོ་བྱོན་མྱངས་ཤིང་། དཔེར་ན། བསྟན་པ་སྔར་དར་ལ་ལྡན་མ་རྩེ་མང་དང་། ཕྱི་དར་ལ་རྣལ་འབྱོར་དབང་ཕྱུག་དཔལ་ལྡན་དགོན་པ་བ། ལྷ་ལུང་དཔལ་གྱི་རྡོ་རྗེ། བླ་མ་སེ་བཙུན་པ། པཎྜི་ཏ་་ཏི་ཛྙཱ་ན། ཁུ་རྔོག་འབྲོམ་གསུམ། དམར་གཡོ་གཙང་གསུམ། བླ་ཆེན་དགོངས་པ་རབ་གསལ། སྐྱུ་ར་ཨ་སེང་། ཁམས་པ་ཨ་སེང་། འགྲོ་མགོན་ཏི་ཤྲཱི་རས་པ། འགྲོ་མགོན་ཆོས་འཕགས། སྒ་ཨ་གཉེན་དམ་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྤྱན་སྔ་ཆོས་ཀྱི་གྲགས་པ། རྒྱལ་བ་བསོད་ནམས་རྒྱ་མཚོ། པན་ཆེན་སངས་རྒྱས་མཉན་པ། གཏེར་སྟོན་ཉི་མ་གྲགས་པ། འདན་ལོ་ཚུལ་ཁྲིམས་རིན་ཆེན། རྫ་དཔལ་སྤྲུལ། མི་ཕམ་ཕྱོགས་ལས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ། ཀརྨ་པ་རང་བྱུང་རིག་པའི་རྡོ་རྗེ། ཞྭ་དམར་མི་ཕམ་ཆོས་ཀྱི་བློ་གྲོས། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ་སོགས་སྐྱེས་ཆེན་དམ་པ་དུ་མ་འཁྲུངས་ཤིང་། ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་པའི་གནས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་། དྲན་ཐང་རི་ཁྲོད། ལོ་ལྡན་སྒྲུབ་ཕུག །སེངྒེ་གནམ་རྫོང་། པདྨ་ཤེལ་ཕུག་སོགས་སུ་བཞུགས་པས་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བརྙེས་ཏེ། བོད་གངས་ཅན་གྱི་ལྗོངས་ལ་མིང་ཡོད་མཁན། གྲགས་ཆེ་བ། མཛད་རྗེས་ཧ་ཅང་ཆེ་བ་དག་ལས་ཚབ་བྱེད་འགའི་མཛད་རྣམ་ཞུ་བ་སྟེ།
ལོ་ཆེན་ལྡན་མ་རྩེ་མང་།ལོ་ཆེན་ལྡན་མ་རྩེ་མང་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་དཀྱིལ་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཙམ་དུ་འབྲི་ཆུའི་སྟོད་རྒྱུད་ཁམས་ཀློང་ཐང་ངམ་འདན་མའི་ཡུལ་དུ་སྐུ་འཁྲུངས། དྲན་འཁོར་དུ་ཁོང་གི་མཚན་ནས་དྲངས་པའི་ལོ་ལྡན་སྒྲུབ་ཕུག་ཅེས་པའི་ཕུག་པ་དང་། ཁྲི་སྲོང་སྐབས་རྗེ་འབངས་ཉེར་ལྔའི་ཡ་གྱལ་དང་། ཡི་གེ་འབྲི་བ་ལ་མཁས་པ་ཕུལ་དུ་བྱུང་བ་ཞིག་སྟེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གཏེར་སྟོན་བརྒྱ་རྩའི་རྣམ་ཐར་ལས།“ལྡན་མ་རྩེ་མང་ནི་ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་གྲགས་ཏེ། མིང་དངོས་རྩེ་མང་ངོ་། །ཡི་གེ་འབྲི་བ་ལ་མཁས་པ་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་པའི་བྲིས་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་བ་ཆེ་བ་གསུམ་དང་ཆུང་བ་གསུམ་དུ་གྲགས་པའི་མཆན་བུའི་ལོ་ཙཱ་ཡིན། སློབ་དཔོན་ཆེན་པོ་ལས་གསང་སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་བས་ཆོས་ཐམས་ཅད་ལ་མི་བརྗེད་པའི་གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་འདི་ཡིན་པར་འཁོད་དེ། ཁོ་བོས་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་འདིའི་ཕྱག་བྲིས་ལྷོ་བྲག་སྨྲ་བོ་ཅོག་གི་གཞིས་ཀར་བཞུགས་པ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ། །”ཞེས་དང་། དུང་དཀར་ཚིག་མཛོད་ལས།“ཕལ་ཆེར་ཁྲི་སྲོང་ལྡེ་བཙན་དུས་ཀྱི་ཡིག་མཁན་ཆེན་མོ་ཞིག་ཡིན་པ་དང་། ཁོང་གིས་བོད་ཡིག་གི་དབུ་མེད་ལ་བཀས་བཅད་གནང་ནས་ད་ལྟ་བར་དར་བའི་དབུ་མེད་དེ་ནི་ལྡན་ལུགས་ཀྱི་བརྒྱུད་པ་ཡིན།”ཞེས་གསུངས་སོ། །
ཨ་རོ་ཡེ་ཤེས་འབྱུང་གནས།
ཨ་རོ་ཡེ་ཤེས་འབྱུང་གནས་ནི་བཻ་རོ་དང་གཉགས་གཉིས་ཀྱི་སློབ་མ་ཡིན། འདན་རྣམ་རྒྱལ་གླིང་དུ་ཨ་རོ་ཚང་ཞེས་པའི་ཁྱིམ་ཚང་ཞིག་ཀྱང་ཡོད། ཨ་རོ་ཞེས་པ་ཁ་ནས་ཨ་ཨ་ཟེར་ཞིང་རྒྱུན་དུ་ཟས་ལ་སྤྱད་ནས་རོ་དང་འདྲ་བར་ཉལ་བར་བྱེད་པས་ཨ་རོ་བཏགས་པ་མ་ཡིན་པར་གཞན་འབོད་པའི་ཚེ་ཁ་ནས་ཨ་རོ་ཨ་རོ་ཞེས་འབོད་པས་ཨ་རོ་བཏགས། ཁོང་འདན་མའི་འདོམ་ཐོག་གམ་འདོམ་པར་འཁྲུངས། ཕྱིས་སུ་ཀློང་ཐང་དུ་བཞུགས་ནས་བསྟན་པ་སྤེལ། ཁོང་གིས་རྫོགས་ཆེན་སེམས་སྡེའི་བསྟན་བཅོས་ཐེག་ཆེན་རྣལ་འབྱོར་བྱ་བ་མཛད་པ་ཕྱིས་སུ་ཇོ་བོ་རྗེ་བོད་དུ་ཕེབས་སྐབས་གཟིགས་པས་ཚིག་དོན་གྱི་ཆ་ཕུན་སུམ་ཚོགས་པ་གངས་རིའི་ཁྲོད་ན་འགྲན་ཟླ་དང་བྲལ་བའི་བསྟན་བཅོས་སུ་བསྔགས་པར་མཛད་དོ་ཞེས་ཞེ་ཆེན་ཆོས་འབྱུང་དུ་གསལ།
པཎྜ་ཏ་སྨིཏི་ཛྙཱ་ན།
ཁོང་གི་མཚན་ཆ་ཚང་རྒྱ་གར་སྐད་དུ་་ཏི་ཛྙཱ་ན་ཀཱིརྟི་སྟེ་བོད་སྐད་དུ་དྲན་པ་ཡེ་ཤེས་གྲགས་པ། བཀའ་བསྟན་འགྱུར་གྱི་དཀར་ཆག་གི་མཛད་བྱང་དུ་་ཏི་ཛྙཱ་ན་ཀཱིརྟི་ཞེས་པའི་སྔོན་དུ་མ་ཧཱ་པཎྜི་ཏ་དང་། སློབ་དཔོན། མཁན་པོ། ཇོ་བོ་ཞེས་སོགས་གང་བདེ་སྦྱར་ཡོད་པས། རྒྱ་གར་དུ་ཁོང་ལ་མཁས་པ་ཆེན་པོ་ཡིན་པའི་གདེང་འཇོག་ཚད་མེད་པ་ཡོད་པ་ངང་ངམ་ཤུགས་ཀྱིས་མཚོན་ཐུབ། ཁམས་སུ་ཕེབས་རྗེས་དྲན་ཐང་དྲན་པ་ཡེ་ཤེས་ཞུ་བ་ལས། གྲགས་པ་ཞེས་པའི་ཚིག་དེ་ཕལ་ཆེར་ཞུ་མཁན་མེད་པ་འདྲ།
ཁོང་ནི་རྒྱ་གར་གྱི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྲས་སུ་སྤྱི་ལོ་༩༧༢ཆུ་ཕོ་སྤྲེལ་ལོར་སྐུ་འཁྲུངས། དྲན་ཐང་དགོན་དུ་བོད་རབ་བྱུང་དང་པོའི་ཤིང་ཕོ་སྤྲེལ་སྟེ་སྤྱི་ལོ་༡༠༤༤ལོར་སྐུ་མྱ་ངན་ལས་འདས་པའི་ཚུལ་སྟོན་པར་གྲགས། ཁོང་སྐུ་ན་ཆུང་དུས་ནས་རྒྱལ་སྲིད་ལ་མ་ཆགས་པར་རབ་ཏུ་བྱུང་སྟེ། རྒྱ་གར་དུ་དཔལ་ནཱ་རོ་པ་ཆེན་པོ་ལས་གདམས་ངག་གསན་ཏེ། སྒྲུབ་པ་མཐར་ཕྱིན་པ་མཛད་པས་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར། དཔལ་ནཱ་ལེནྜ་གཙོས་པའི་ཆོས་སྡེ་མང་པོར་བཞུགས། བརྡ་སྤྲོད་སློབ་དཔོན་ནོར་བཟང་གྲགས་པ་ལ་བསྟེན་ནས་བརྡ་སྤྲོད་པའི་གཞུང་ལུགས་མཐར་ཕྱིན་པར་བསླབས། ཤན་ཏི་པ་དང་། ཡེ་ཤེས་སྙིང་པོ་སོགས་མཁས་གྲུབ་གཉིས་ལྡན་གྱི་སློབ་དཔོན་དུ་མ་བསྟེན་ནས་སྒྲ་ཚད་སོགས་རིག་པའི་གནས་དང་། འདུལ་མངོན་གཙོ་བོར་གྱུར་པའི་སྡེ་སྣོད་རྒྱུད་སྡེ་ཐམས་ཅད་ལ་སྦྱོང་པ་མཐར་སོན་ཏེ་ཕྱི་ནང་གི་ཤེས་བྱ་ཐམས་ཅད་ཐུགས་སུ་ཆུད་པས་མ་ཧཱ་པཎྜི་ཏའི་མཚན་ཡོངས་སུ་གྲགས་ཏེ། སློབ་མའང་གདུགས་ཐོགས་པ་ལྔ་བརྒྱ་ཙམ་འདུས་ཤིང་བསྟན་པ་ལ་བྱ་བ་ཆེར་མཛད། མུ་སྟེགས་པའི་པཎྜི་ཏ་གཞན་གྱིས་མ་ཐུབ་པ་རྩོད་པའི་ཁྱུ་མཆོག་གཅིག་པཎ་ཆེན་འདིས་ཕམ་པར་མཛད་པ་གྲགས།
དུས་རབས་བཅུ་གཅིག་པའི་མགོ་ཙམ་ལ་ལེགས་བྱ་དང་བོད་སྐད་གཉིས་ཀ་ཤེས་མཁན་བལ་པོའི་ལོ་ཙཱ་བ་པདྨ་རུ་རྩེའམ་རྨ་རུ་རྩེས་པཎྜི་ཏ་་ཏི་དང་ཕྲ་ལ་རིང་བ་གཉིས་རྒྱ་གར་ནས་བོད་དུ་སྤྱན་དྲངས། ལམ་བར་དུ་ལོ་ཙཱ་བ་ཕོ་བའི་སྐྲན་ནད་ཀྱིས་གྲོངས་ནས་་ཏིས་བོད་སྐད་མ་མཁྱེན་པའི་རྐྱེན་གྱིས་གཙང་རྟ་ནག་རྒྱང་མཁར་དུ་མི་ཚང་ཞིག་གི་ལུག་རྫི་མཛད་དགོས་བྱུང་། འཚོ་བ་བཀྲེན་པ་སོགས་དཀའ་སྡུག་ཚད་མེད་མྱོང་བའི་སྐབས་སུ་ངུ་བྲོ་བ་གསུམ་དང་། དགོད་བྲོ་བ་གསུམ་བྱུང་བར་གྲགས། ཉིན་ཞིག་ལུང་པ་དེའི་མི་ཚོས་ལོ་ཙཱ་བ་ཞེས་པའི་མི་ཞིག་སེར་ཕྲེང་བསྒྲིགས་ཏེ་ཕེབས་བསུ་བྱེད་པ་དང་འབྲེལ་ཆོས་སྟོན་གྱི་མཛད་སྒོར་སྤེལ་བ་སྨྲི་ཏིས་མཐོང་བ་དང་། རང་ཉིད་རྒྱ་གར་དུ་པཎྚི་ཏ་དངོས་ཡིན་པར་མ་ཟད་སྙན་པའི་གྲགས་པ་ཆེ་བ་ཞིག་ཡོད་ནའང་། ཡུལ་དུས་ཁོར་ཡུག་གི་རྐྱེན་པས་གྲོང་མིའི་གཡོག་པོ་ལུག་རྫི་བྱེད་པའི་གནས་བབ་ལས་མ་ཐོབ་པར་ཐུགས་སྐྱོ་ནས།“རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་མ་མཐོང་ནས། །དྭངས་པའི་མཚོ་ནང་འདི་ན་ཟླ་བ་ཞེས། །གཟུགས་བརྙན་མཚན་མར་འཛིན་པ་བྱིས་པའི་བློ། །”ཞེས་པའི་སྙན་ཚིག་ཤློ་ཀ་འདི་བྲིས་ནས་མི་ཚང་དེའི་སྒོའི་ཡར་ཐེམ་ལ་སྦྱར་ཡོད་པ་་ཏིའི་སློབ་མ་དཔྱལ་ལོ་ཙཱ་བ་བསོད་ནམས་རྒྱལ་མཚན་གྱིས་རང་གི་བླ་མའི་ཡིག་གཟུགས་ཡིན་པ་ཤེས་ནས་རེ་བསྒུགས་བྱས་ཏེ་རྙེད། མཐར་མི་ཚང་དེ་ལ་གསེར་སྦྱིན་ནས་བླུས་ཏེ་སྨན་ལུང་དུ་སྤྱན་དྲངས་ནས་ཆོས་ཞུས། གཞི་ནས་མཛད་འཕྲིན་སྐྱོང་བའི་གོ་སྐབས་ཐོབ།
སྤྱི་ལོ་༡༠༡༠ལོ་གཡས་གཡོན་ལ་དཔྱལ་ལོ་ཆེན་པོས་་ཏི་མདོ་ཁམས་འདན་མར་གདན་དྲངས་ཏེ། འབྲོམ་སྟོན་པ་སོགས་སློབ་མ་ཁ་ཤས་ལ་སྒྲ་རིག་པ་བསླབ་པ་གནང་། ཁམས་ཀློང་ཐང་ཆོས་གྲྭ་རུ་མངོན་པ་མཛོད་ཀྱི་བཤད་པ་མཛད་པས་བསྟན་པ་ཕྱི་དར་གྱི་རྩ་བ་ཚུགས། རྣལ་འབྱོར་རྒྱུད་ལས་གསང་བ་འདུས་པའི་རྒྱུད་ཕྱི་མ་ཡེ་ཤེས་ཞབས་ཁམས་ལུགས་སུ་གྲགས་པ་སྤེལ། འགྱུར་རྩོམ《སྨྲ་སྒོ་མཚོན་ཆ།》དང་《བཀའ་བསྟན་འགྱུར།》ཁྲོད་དུ་མང་པོ་ཡོད། སྐྱེ་རྒུ་འཛོམ་ཉག་མཆོད་རྟེན་དང་། སྨི་ཏིའི་སཱཙྪ། ་ཏི་སྐུ་ང་འདྲ་མ་སོགས་ད་ལྟའང་མཇལ་རྒྱུ་ཡོད་པ་སོགས་དྲན་ཐང་དགོན་པའི་རིག་དངོས་རྩ་ཆེན་སོགས་ལས་ཤེས་པ་བྱའོ། །
ཇོ་བོ་སེ་བཙུན་པ།
བླ་མ་སེ་བཙུན་པའི་མཚན་དངོས་སེ་བཙུན་གཞོན་ནུ་དབང་ཕྱུག་ཟེར། ཕྱིས་སུ་མཁས་པ་ཆེན་པོར་གྱུར་ནས་ཇོ་བོ་སེ་བཙུན་པའང་ཟེར། ཁོང་གི་མཚན་གྱི་ཐོག་མ་སེ་ཞེས་པ་རུས་མིང་དུ་འདོད་མཁན་ཡོད་མོད། ཡུལ་མིའི་ངག་རྒྱུན་དུ་ཁོང་གི་འཁྲུངས་ཡུལ་འདན་སྐེད་སེང་ཡིན་པར་གྲགས་ཏེ། སེ་ནི་སེང་ཞེས་པ་སྒྲའི་ཟུར་ཆག་པར་སྣང་། ཁོང་ནི་སོག་མོ་མི་དྲུག་གི་ནང་ཚན། ཡང་གོང་། འལ། སྣུབས། ཅོག་རོ་བཞི་ལ་བསྟེན་ནས་མཁས་པ་ཆེན་པོར་གྱུར་ནས་ཕྱིས་སུ་ཇོ་བོ་སེ་བཙུན་པ་ཞེས་གྲགས་པ་བྱུང་། ཁོང་ཁམས་ནས་ལྷོ་བལ་དུ་བྱོན་ནས་ཕྱི་རོལ་པའི་ཨ་ཙ་ར་ཞིག་དང་རྩོད་པས་དེ་ཕམ། ཕྱི་རོལ་པས་ངན་བྱེད་དོ་སྙམ་ནས་སེ་བཙུན་ཕྱིར་ལོག་ནས་ཁམས་ཀློང་ཐང་དུ་འདུལ་བྱ་བསྐྱངས། ཁུ་སྟོན་གཡུང་དྲུང་བརྩོན་འགྲུས། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། ཞང་སྟོན་བྱང་ཆུབ་རྒྱལ་མཚན། འབྲེ་ཤེས་འབར་སོགས་སློབ་མ་མང་དུ་བསྐྱངས། 《 དེབ་ཐེར་སྔོན་པོ།》ལས་མངོན་པ་གོང་མའི་བཤད་པ་ཡང་སེ་བཙུན་ལ་ཐུག་པར་གསུངས། ཁོང་གི་གདན་ས་གཙོ་བོ་ནི་ཁམས་སུ་ཀློང་ཐང་སྒྲོལ་མ་ལྷ་ཁང་ཡིན་ལ། རྩེ་མཐོ་པདྨ་རི་བོའི་འདབས་སུ་རི་བོང་དགོན་པ་ཞེས་པ་ཞིག་ཕྱག་བཏབ་ཀྱང་ས་གཡོས་འཇིག་པར་གྲགས།
འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
བཀའ་གདམས་པའི་མེས་པོ་ཁུ་རྔོག་འབྲོམ་གསུམ་གྱི་ཡ་གྱལ། རྗེ་འདི་ཉིད་ཡབ་རྟ་གསུམ་སྐུ་གཤེན་དང་ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་རབ་བྱུང་གོང་གི་ཤིང་འབྲུག་གམ་ཤིང་སྦྲུལ་ཏེ་སྤྱི་ལོ་༡༠༠༤འམ་༡༠༠༥ལོར་འཁྲུངས། དགུང་ལོ་བཅུ་གསུམ་ཙམ་ལ་དགེ་གཤེས་གཡུང་ཆོས་མགོན་བྱ་བས་ཀློག་ཡིག་བསླབས། དགུང་ལོ་བཅུ་བདུན་སོན་པ་ན་ཇོ་བོ་སེ་བཙུན་ཁམས་ནས་རྒྱ་བལ་དུ་བྱོན་པ་དང་མཇལ་བས་དད་པ་སྐྱེས་ཏེ་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གདམས་པ་ཞུས། དེ་ནས་འབྲོམ་གྱིས་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་རྒྱལ་བའི་འབྱུང་གནས་སུ་གསོལ། དགུང་ལོ་བཅུ་དགུ་པར་བླ་མ་སེ་བཙུན་མཇལ་བར་མདོ་ཁམས་འདན་མའི་ཡུལ་དུ་ཚོང་པ་དང་འགྲོགས་ནས་བྱོན་ཏེ་སེ་བཙུན་དང་མཇལ་འཛོམས་བྱུང་བ་དེ་ནས་བཟུང་བསམ་སྤྱོད་གཉིས་ཀྱི་སྒོ་ནས་བླ་མར་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་གཞུང་མཐའ་ཡས་པ་ལ་སྦྱང་བརྩོན་མཐར་ཕྱིན་པ་གནང་ཞིང་། དགེ་འདུན་མང་པོའི་ཁྲོད་དུ་བགྲོ་གླེང་མཛད་པར་སུས་ཀྱང་ལན་འདོན་པའི་སྤོབས་པར་མ་ནུས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྲགས། དེའི་དུས་སུ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལེགས་པའི་ཤེས་རབ་གཉིས་ཀྱང་ཀློང་ཐང་སྒྲོལ་མ་ལྷ་ཁང་གི་ཆོས་གྲྭ་དུ་མཉམ་དུ་བཞུགས་པས་ཁུ་རྔོག་འབྲོམ་གསུམ་གྱིས་བླ་མ་སེ་བཙུན་ལས་སྡེ་སྣོད་རྣམས་གསན་པས་མཁས་པར་མཁྱེན་ཏེ་སྤྱི་སྐད་ལ་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཐོག་མར་ཁམས་འདན་མ་ནས་གྲགས་པ་ཡིན། དེ་ནས་འབྲོམ་གྱིས་པཎྜི་ཏ་ཚེར་མ་དང་་ཏི་གཉིས་ཀྱང་དེར་བྱོན་པ་ལས་སྒྲ་རིག་པ་དང་སཾསྐྲི་ཏའི་སྐད་ཡིག་བསླབས་པས་ལེགས་པར་མཁྱེན། དེ་ལྟར་འབྲོམ་གྱིས་མདོ་ཁམས་སུ་བླ་མ་སེ་བཙུན་གྱི་སྤྱན་སྔར་ཁྱོན་ལོ་ཉི་ཤུ་བཞུགས་ཤིང་། མཁས་པའི་ཕུལ་དུ་ཕྱིན་ནས་དགེ་བསྙེན་ཆོས་འཕེལ་དུ་གྲགས་པ་བྱུང་། རབ་བྱུང་དང་པོའི་ཆུ་རྟའམ་ཤིང་སྤྲེལ་ཏེ་སྤྱི་ལོ་༡༠༢༤འམ་༡༠༤༤ལོར་ཇོ་བོ་རྗེ་ཨ་ཏི་ཤ་མངའ་རིས་སུ་ཕེབས་པ་གསན་ཏེ་སྤུ་རངས་སུ་ཇོ་བོ་དང་མཇལ་ཏེ་བླ་མར་བསྟེན། འབྲོམ་ནི་དགེ་བསྙེན་ཡིན་ཡང་བསླབ་ཁྲིམས་བསྲུང་བ་ལ་དགེ་སློང་ལས་ལྷག་པར་མཛད། མཐར་དགུང་ལོ་དྲུག་ཅུ་བཞེས་པ་རབ་བྱུང་དང་པོའི་ཆུ་ཡོས་སམ་ཤིང་འབྲུག་སྟེ་སྤྱི་ལོ་༡༠༦༣འམ་༡༠༦༤ལོར་རྭ་སྒྲེང་དུ་སྐུ་གཤེགས།
རྔོག་ལེགས་པའི་ཤེས་རབ།
སེ་བཙུན་གྱི་སློབ་མ་རྔོག་ལེགས་པའི་ཤེས་རབ་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི《 ཆོས་འབྱུང་ཡོངས་འདུ་ལྗོན་བཟང་།》ལས།“འཇམ་དབྱངས་སྤྲུལ་པར་གྲགས་པའི་རྔོག་སྟོན་ལེགས་པའི་ཤེས་རབ་ཅེས་པ་ཡར་འབྲོག་ཏུ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་རྔོག་གི་བརྒྱུད་རྡོར་གཞོན་གྱི་བུར་འཁྲུངས་ཏེ་འབྲི་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་ནས་ཁམས་ནས་སེ་བཙུན་ལས་ཀྱང་ཆོས་གསན་ཞིང་།”གསུངས་པ་ལྟར། འབྲི་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་ཞིང་། ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་མཉམ་དུ་ཀློང་ཐང་དུ་བྱོན་ནས་བླ་མ་སེ་བཙུན་ལ་ཆོས་མང་དུ་གསན་པས་མཁས་པར་གྱུར། ཕྱིས་སུ་ནག་ཚོ་ལོ་ཙཱ་བ་དང་མཉམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་གདན་དྲངས་ཏེ་དེའི་ཐུགས་སྲས་སུ་གྱུར། ཇོ་བོས་ལུང་བསྟན་ལྟར་རབ་བྱུང་དང་པོའི་ཆུ་གླང་སྟེ་༡༠༧༣ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ། གྲྭ་ལྔ་བརྒྱ་ཙམ་འདུས། འཆད་ཉན་ཤིན་ཏུ་དར་བར་མཛད། སློབ་མ་དབོན་པོ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་སོགས་མང་དུ་བྱོན། དབུ་མ་སྙིང་པོའི་ཊཱི་ཀ་སོགས་བརྩམས་ཆོས་ཀྱང་མང་དུ་བཞུགས་སོ། །
ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་།
སེ་བཙུན་གྱི་སློབ་མ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ནི་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི 《 དཀའ་གདམས་ཆོས་འབྱུང་།》ལས།“དགེ་བཤེས་ཁུ་སྟོན་ནི་ཡུལ་ཡར་ཀླུངས། མཚན་བརྩོན་འགྲུས་གཡུང་དྲུང་། ལྕགས་མོ་ཕག་ལ་སྐུ་འཁྲུངས་ཏེ་ནག་ཚོ་དང་འཁྲུངས་ལོ་གཅིག །ཁོང་དང་རྔོག་ལེགས་པའི་ཤེས་རབ་བང་སྟོན་གསུམ་གྱིས་ཁམས་སུ་བྱོན་ཏེ། ཇོ་བོ་སེ་བཙུན་ལ་ཆོས་མང་དུ་གསན། མགར་མི་ཡོན་ཏན་གཡུང་དྲུང་ལ་མངོན་པ་བསླབས་ཏེ་མཁས་པར་མཁྱེན།”ཞེས་པ་ལྟར། རྔོག་ལེགས་པའི་ཤེས་རབ་སོགས་དང་ལྷན་དུ་ཀློང་ཐང་དུ་བྱོན་ནས་བླ་མ་སེ་བཙུན་ལས་ཆོས་མང་དུ་གསན། མགར་མི་ཡོན་ཏན་གཡུང་དྲུང་ལ་མངོན་པ་བསླབས་ནས་མཁས་པར་མཛད། 《 མངོན་པ་ཀུན་བཏུས།》ཀྱི་བཤད་པ་ཡང་ཁུ་སྟོན་ལ་ཐུག་སྐད་གདའ། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་མཛད་པའི《 ཆོས་འབྱུང་ཡོངས་འདུ་ལྗོན་བཟང་།》ལས།“ཡར་ཀླུངས་ཀྱི་ཁུ་སྟོན་བརྩོན་འགྲུས་ཕྱག་རྡོར་གྱི་སྤྲུལ་བར་གྲགས་ཤིང་ནག་ཚོ་དང་ལོ་མཉམ་སྐུ་བསོད་ཆེ་བ་ངས་སེ་བཙུན་དང་འགར་མི་ཡོན་ཏན་གཡུང་དྲུང་སོགས་ཀྱང་བསྟེན་ནས་ཕར་ཕྱིན་ལ་མཁས་པར་གྲགས་ཏེ་གསེར་ཁང་སོགས་གྲྭ་གསུམ་ཡོད་པའི་ཐང་པོ་ཆེར་འགྲོ་དོན་མཛད་ཅིང་། ”ཞེས་ཀྱང་གསུངས། ཁོང་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ་གསུམ་ལ་ཁུ་རྔོག་འབྲོམ་གསུམ་ཟེར། འགར་མི་ནི་དབུས་ཀྱི་སྟོན་པ་ཆེན་པོ་བཅུ་གཅིག་གི་ཡ་གྱལ་ཡིན་ཚུལ་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས《ཆོས་འབྱུང་ཡོངས་འདུ་ལྗོན་བཟང་།》ལས་བཤད། མཚན་དངོས་ཡོན་ཏན་གཡུང་དྲུང་ཟེར། ཀློང་ཐང་དུ་ཡུན་རིང་བཞུགས
བླ་ཆེན་དགོངས་པ་རབ་གསལ།
བླ་ཆེན་ཀློང་ཐང་དུ་ཕེབས་སྐབས་རྟེན་རབ་བྱུང་ཡིན་ཞིང་། དགོས་པ་བསྙེན་རྫོགས་ཀྱི་ཆེད་དུ་ཡིན་ལ། ལོ་རྒྱུས་སྨྲ་བ་ཁ་ཅིག་ལྟར་ན་ཁོང་དགུང་གྲངས་བཅུ་དྲུག །ཁ་ཅིག་ལྟར་ན་ཉེར་གཉིས། འགའ་ཞིག་ལྟར་ན་ཞེ་དགུ་སོགས་བཤད་ཚུལ་མང་། ཁོང་གི་བསྙེན་པར་རྫོགས་པའི་ས་ཆ་ལ། འགའ་ཞིག་དར་རྩེ་མདོ་དང་། འགའ་ཞིག་དན་ཏིག་ཏུ་འདོད་པ་ཡོད་མོད། དོན་དུ་ཀློང་ཐང་ཡིན་པར་སེམས་ཏེ། ད་ལྟར་འདན་ཁོག་ལྷོ་རྒྱུད་དུ་ཡོད་པའི་མཁར་དཀར་པོ་ཞེས་པའི་དགོན་རྙིང་དེ་བླ་ཆེན་གྱི་བསྙེན་པར་རྫོགས་པའི་ས་གནས་ཡིན་པའི་ངག་སྒྲོས་དེང་སང་གི་བར་དུ་གནས་དེར་ཡོད་པའི་ཕྱིར་དང་། དེ་རྗེས་ཁོང་གིས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་ནས་དེ་དག་བསྐོ་བཞག་གནང་ས་དང་། དེ་ནས་བྱིངས་པོ་ཚོ་ཡར་ཡོང་ས། ལོ་ཆེན་གྱིས་འདུལ་བ་བཤད་ས། ཀླུ་མེས་འདུལ་བ་ཉན་ས། དེའི་དུས་སུ་ལོ་སྟོན་གྱིས་རྦ་རག་གི་གཅུང་གཉིས་ལ་རབ་བྱུང་གི་སྡོམ་པ་གནང་ས། ལོ་སྟོན་འདན་མའི་ཚོང་པ་དང་འགྲོགས་ནས་དབུས་གཙང་དུ་ཡར་འགྲོ་ས། དེའི་ཕྱི་ལོར་བླ་ཆེན་གྱིས་ཀླུ་མེས་ལ་མཆོད་གནས་སུ་དབུ་ཞྭ་གནང་ས་སྟེ། དེ་ཐམས་ཅད་ཀློང་ཐང་ཡིན་ཚུལ་བུ་སྟོན་རིན་པོ་ཆེས་གསུངས་ཤིང་། གཞན་ཡང་བླ་ཆེན་གྱི་མཁན་བུ་ཁམས་ཀྱི་སོག་མོ་མི་དྲུག་ཡིན་ལ། དེ་དག་གི་ནང་ཚན་མཁས་པ་མི་བཞིའི་སློབ་མ་སེ་བཙུན་དང་འགར་མི་གཉིས་ཡིན་ཞིང་། སེ་བཙུན་གྱི་ཕ་ཡུལ་ཡང་འདན་མ་རང་ཡིན་པའི་ཕྱིར། འདི་བུ་སྟོན་རིན་པོ་ཆེའི་གསུང་དང་མཐུན་པ་ཡིན། སྟག་ཚང་ལོ་ཙཱ་བས།“དམར་གཡོ་གཙང་དང་བླ་ཆེན་གྱིས། །ཁམས་སུ་མར་མེ་ཅུང་ཟད་གསོས། །”ཞེས་པའི་ཁམས་ཀྱང་འདི་ཡིན་ལ། 《 རྒྱལ་རབས་གསལ་བའི་མེ་ལོང་།》ལས།“ད་ལྟ་དབུས་གཙང་ན་རབ་ཏུ་བྱུང་བ་མེད་དོ། །ཆུ་བོ་རི་དང་ཡེར་པ་ལ་སོགས་ནས་ཁམས་སུ་བྲོས་པའི་རབ་བྱུང་མང་པོ་ད་ལྟ་ཁམས་ན་ཡོད་ཐག་ཆོད་འདུག་ཟེར་བས། རབ་ཏུ་དགའ་སྟེ། ལུས་དང་སྲོག་ལ་མ་བལྟས་པར་བྱིས་པ་དེས་ཁམས་སུ་ཕྱིན་པས།” ཞེས་པའི་ཁམས་ཀྱང་འདི་ཡིན་ཞིང་། 《 གཏེར་ལུང་།》 ལས།“བསྟན་པའི་མེ་རོ་ཁམས་ནས་བསླངས། །”ཞེས་པའི་ཁམས་ཀྱང་འདི་ཡིན་པས། འདི་ཤེས་ན་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་དེབ་ཐེར་དང་ཆོས་འབྱུང་རྣམས་ལས་བྱུང་བའི་ཁམས་ཞེས་པའི་ཐ་སྙད་ལ་ཡང་དཀྱོག་བཤད་དེ་ཙམ་མི་དགོས་པར་ཡོངས་གྲགས་ཀྱི་ཁམས་ཏེ་མདོ་དབུས་ཁམས་གསུམ་གྱི་ཁམས་ལ་ཐད་ཀར་ངོས་འཛིན་པས་ཆོག་གོ །འགོས་ལོ་གཞོན་ནུ་དཔལ་གྱི《 དེབ་སྔོན།》ལས།“དེ་ནས་དབུས་སུ་ཞང་ཆེན་པོ་དགེ་བ་བཞུགས་པའི་སྤྱན་སྔར་ཆོས་ཉན་དུ་འབྱོན་པར་བཞེད་ནས། མདོ་ཁམས་གློང་ཐང་འཇིག་རྟེན་སྒྲོལ་དུ་བྱོན་ཙ་ན། མང་ར་གཡུ་མཚོ་ཞེས་བྱ་བ་དབུས་ནས་རྒྱལ་པོས་ཕོ་ཉ་མངགས་ནས་བྱུང་བ་ན་རེ། དབུས་སུ་མུ་གེ་ཆེན་པོ་བྱུང་བས་བཙུན་པ་ཁྱོད་ཀྱི་གཤུལ་ཡང་མི་ཕྱེད། ཀྭ་འོད་མཆོག་གྲགས་པ་ཞེས་བྱ་བ་དེ་ལྷོ་བལ་དུ་ཆོས་མང་པོ་གསན་ནས་ཁམས་སུ་བྱོན་ནོ་ཞེས་ཟེར་རོ། །
དེ་གསན་ནས་སླར་ལོག་སྟེ།”ཞེས་བླ་ཆེན་ཀློང་ཐང་དུ་བྱོན་པའི་ཚེ་ཁོང་ཀློང་ཐང་དུ་དུས་ཚོད་ཡུན་རིང་མ་བཞུགས་པ་ལྟ་བུར་བཤད་ནའང་བླ་ཆེན་ཀློང་ཐང་དུ་ཡུན་རིང་པོར་མ་བཞུགས་ན་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་སྔར་གྱི་བྱ་བཞག་དེ་དག་མི་འགྲུབ་ཅིང་། ཁོང་གིས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་པའི་དུས་སུ་བླ་ཆེན་རང་ཉིད་བསྙེན་པར་རྫོགས་ནས་ལོ་ལྔ་ལོན་པ་བུ་སྟོན་རིན་པོ་ཆེས་གསུངས་ཤིང་། འགོས་ལོ་རང་ཉིད་ཀྱིས་ཀྱང་། བླ་ཆེན་ཀློང་ཐང་དུ་བྱོན་པའི་ཚེ་རྒྱལ་པོའི་ཕོ་ཉ་མངགས་ནས་ཡར་དབུས་གཙང་དུ་བྱོན་མ་བཅུག་པར་བཤད་པས། དེ་ལྟར་ན། དེའི་སྔོན་དུ་རྒྱལ་པོས་བླ་ཆེན་ཀློང་ཐང་དུ་ཡོད་པར་ཤེས་དགོས་ཤིང་། ཤེས་ནས་ཕོ་ཉ་མངགས་དགོས་ལ། དེ་སྐབས་གནས་བབ་ཀྱིས་འགྲིལ་འགྲུལ་མེད་སྟབས་ཡར་འགྲོ་མར་འོང་ལ་ཡང་དུས་ཚོད་མང་པོ་དགོས་པས། དེས་ཀྱང་བླ་ཆེན་ཀློང་ཐང་དུ་ཡུན་རིང་བཞུགས་པར་གྲུབ་བོ་སྙམ་སྟེ་དཔྱད་དོ། །
སྒ་ཨ་གཉེན་དམ་པ།
མཚན་གཞན་སྒ་ཨ་གཉན་དང་། ཨ་གཉེན་དམ་པ། སྒ་ཨ་མྱེ་དམ་པའང་ཟེར། ཁོང་ནི་ལྡན་སྟོད་སྨད་གསུམ་དུ་གྲགས་པ་ལས་ལྡན་སྟོད་ཀྱི་ས་ཡི་ཆར་བོད་རབ་བྱུང་བཞི་པའི་ལྕགས་ཕོ་སྟག་སྟེ་སྤྱི་ལོ་༡༢༣༠ལོར་སྐུ་འཁྲུངས། དམ་པ་དེ་ཉིད་ཀྱི་ཡབ་ཆུང་དུས་ནས་གཤེགས་ཏེ་ཨ་ཁུ་ལ་བསྟེན་ནས་ཡོན་ཏན་གྱི་གཞི་མ་བསླབ་ཁྲིམས་ཡིན་པར་གཟིགས་ནས། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་ཆོས་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་དྲུང་དུ་བྱོན་ཏེ། དགེ་ཚུལ་གྱི་སྡོམ་པ་བཞེས་ནས་མཚན་ཀུན་དགའ་གྲགས་པ་གསོལ། ལོ་བཅུ་གཉིས་ཙམ་ནས་བཟུང་ཡི་གེ་འབྲི་ཀློག་དང་ས་སྐྱ་པའི་འདོན་ཆོག་ལ་སློབ་སྦྱོང་བྱས་ཏེ་དཀའ་ཚེགས་མེད་པར་ཤེས་ཏེ་གྲྭ་མང་ནང་ནས་འབུར་དུ་ཐོན། སློབ་དཔོན་གྱི་བཀའ་ལྟར་རྒྱ་གར་དུ་སོང་ནས་མཁས་པ་མང་པོའི་ཞབས་ལ་བཏུད་ཅིང་། ལེགས་སྦྱར་དང་མདོ་སྔགས་ལ་གསན་སྦྱོང་མཛད་དེ་སླར་དཔལ་ལྡན་ས་སྐྱར་ཚུལ་ཕེབས། དེ་ནས་ས་པཎ་དང་མཉམ་དུ་ཧོར་ཡུལ་དུ་ཕེབས་ཏེ། ས་པན་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས་ནས་གསན་བསམ་རྒྱ་ཆེན་མཛད། ཧོར་རྒྱལ་པོ་གོ་དན་དང་ལིང་ཅུ་རྩེར་མཇལ་འཕྲད་མཛད། དགུང་ལོ་ཉེར་བཞི་ཐོག་ནས་དགྱེས་རྡོར་སོགས་འཆད་ཁྲིད་གནང་སྟེ་ཀུན་གྱིས་བསྟོད་པའི་གནས་སུ་གྱུར། འགྲོ་མགོན་འཕགས་པ་ཡོན་གོང་མའི་རྒྱལ་སར་ཕེབས་སྐབས་ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལི་སེ་ཆེན་ཧན་ལ་ངོ་སྤྲོད་མཛད་པར་བརྒྱུད། འཕགས་པས་སྒ་ཨ་གཉན་དམ་པ་ལ་ཆོས་དུང་དང་། སྐུ་རྟེན་ལ་གསེར་གྱི་གུར་ལྕམ་དྲལ་། གསུང་རྟེན་ལ་མན་ངག་གི་བེའུ་བུམ། ཐུགས་རྟེན་ལ་གནམ་ལྕགས་རྡོ་རྗེ། བཅུ་དྲུག་ལྟག་ཀྱི་ཌཱ་མ་རུ་དང་ཐེག་ཆེན་རྡོ་དྲིལ་སོགས་གནང་ནས་ཉིད་ཀྱི་བླ་ཚབ་ཏུ་བསྐོས། དེ་ནས་འཕགས་པ་མཆོད་ཡོན་གྱི་བཀའ་ལྟར་དམ་པ་ཉིད་ཁམས་སུ་ཕེབས་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པ་ལས། སྒ་ལེན་དགོན་དང་། ཁྲི་ཚོ་དགོན། སྡེ་མགོན་ཁང་བཅས་ད་ལྟ་ཡང་བཞུགས་སུ་གསོལ། གོང་མ་སེ་ཆེན་ཧན་གྱི་གདན་ཞུས་ལྟར་ཕེབས་ཏེ་རི་བོ་རྩེ་ལྔའི་ཟུག་ལིང་(寿宁)དགོན་དུ་བཞུགས་ཏེ་ཡོན་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ་༡༢༧༢ལོར་རྒྱལ་པོའི་དབུའི་མཆོད་གནས་སུ་བཀུར། ཁྲི་ལོ་བཅུ་དགུ་སྟེ་སྤྱི་ལོ་༡༢༨༢ལོར་དམ་པ་ཉིད་མི་ཉག་བརྒྱུད་ནས་ལང་ཐོ་ལ་ཕེབས་ཏེ་ཆོས་འཁོར་བསྐོར། དེ་ནས་སྒ་ཁོག་ཏུ་ཡར་ཕེབས་ཏེ། སྐལ་བཟང་དགོན་དུ་ལོ་མང་རིང་ལ་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་ས་གླང་སྟེ་སྤྱི་ལོ་༡༢༨༩ལོར་གོང་མའི་རྒྱལ་སར་སླར་ཡང་ཕེབས་ཁར་སྨན་སྐུ་ཞིག་བཞེངས་ནས་མཚན་ང་འདྲ་མར་གསོལ། ཁྲི་ལོ་སུམ་ཅུ་པ་སྟེ་སྤྱི་ལོ་༡༢༩༣ལོར་གོང་མ་སེ་ཆེན་ཧན་གྱི་ཀོང་ནད་བཅོས་ཀ་བྱས་ཏེ་ནད་དྲག་པའི་བྱ་དགར་རི་བོ་རྩེ་ལྔར་སྒེར་གྱི་དགོན་པ་བཏབ་སའི་ས་ཆ་གནང་། ཁྲི་ལོ་སོ་གཅིག་པ་སྟེ་སྤྱི་ལོ་༡༢༩༤ལོར་ཡོན་གོང་མའི་རྒྱལ་པོ་ཁྲེན་ཙང་(元成宗)ཁྲི་སྟོན་ལ་པེ་ཅིང་དུ་གདན་ཞུས་བྱས་ཏེ། དགོན་པའི་གྲྭ་བཙུན་གྱི་དཔྱ་ཁྲལ་མཇལ་མི་དགོས་པའི་གནང་བར་ཐོབ། དེ་ནས་དཱ་དེ་(大德)ཁྲེན་ཙང་ཁྲི་ལོ་བདུན་པ་སྟེ་སྤྱི་ལོ་༡༣༠༣ལོར་གོང་མས་སྨན་དཔྱད་རིམ་གྲོ་རྒྱ་ཆེན་མཛད་ཀྱང་མ་ཕན་པ་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས། ལོ་དེར་རྟོག་པའི་ཤེས་རབ་ཀྱི་བྱང་སེམས་ཁྱབ་པའི་སྤྱི་བོའི་བླ་མ་དམ་པ་(“大觉普慈广照无上胆巴”)ཞེས་པའི་མཚན་གསོལ། ཕྱིས་སུ་ཡོན་རིན་ཙུང་(元仁宗)གིས་ཧོང་ཚན་(皇庆)ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ་༡༣༡༣ལོར་དམ་པ་ཏི་ཤྲཱི་སྟེ་རིག་ཀུན་ཁྱབ་བདག་རྡོ་རྗེ་དམ་པ་ཏི་ཤྲཱི་ཞེས་པའི་མཚན་གསོལ་ནས་འབྲུག་དགྱེས་(龙兴)དགོན་དུ་དམ་པའི་རྡོ་རིང་བཙུགས་སོ། །ཁོང་གི་གསུང་ཚོགས་ཀྱང་དཔལ་ནག་པོ་ཆེན་པོའི་སྒྲུབ་ཐབས་སོགས་ཤོག་དྲིལ་མང་པོ་དང་། པུ་ཏྲིའི་སྒྲུབ་ཐབས་རྒྱས་འབྲིང་བསྡུས་གསུམ་སོགས་ད་ལྟའང་སྒ་ལྡན་ཏྲེ་སོགས་ཀྱི་དགོན་ཁག་ཏུ་བཞུགས་སུ་གསོལ།
འདན་ལོ་ཚུལ་ཁྲིམས་རིན་ཆེན།
གནས་ལྔ་རིག་པའི་པཎྚི་ཏ་ཆེན་པོ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་མཆོག་ནི། སྨད་མདོ་ཁམས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་འབྲི་ཀླུང་གསེར་ལྡན་དལ་གྱིས་འབབ་པའི་ཉེ་འགྲམ་འདན་ནམ་ལྡན་ཁོག་ས་དཀར་བསམ་འགྲུབ་གླིང་གི་ཉེ་འདབས་སུ། བོད་རབ་བྱུང་བཅུ་གཉིས་པའི་མེ་མོ་གླང་ལོ་སྟེ་སྤྱི་ལོ་༡༦༩༧ལོར་ཡབ་ལྷ་བཟོ་ངག་དབང་ཆོས་འཕེལ་དང་། ཡུམ་བུ་མོ་བུ་ཆོག་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་འཁྲུངས།
སྐུ་ཆུང་དུས་མིང་ལ་རྟ་མགྲིན་གཟུངས་ཞེས་བཏགས། དགུང་ལོ་བདུན་སོན་པར་ཁུ་བོ་ལས་ཡི་གེ་འབྲི་ཀློག་དང་། ཁྲོ་བོ་འཚོ་བྱེད་ལྷ་མགོན་དང་ཀུན་དགའ་བསམ་འགྲུབ་གཉིས་ཀྱི་མདུན་སྔགས་ཀློག་ཐབས་བཅས་བསླབས་པས་དཀའ་ཚེགས་མེད་པར་མཁྱེན། ཡབ་ལས་སྐུ་གཟུགས་ཀྱི་ཆ་ཚད་དང་གཟུགས་རིས་རྣམས་ཀྱི་རི་མོ་བསླབས་པས་དཀའ་ཚེགས་མ་དགོས་པར་ཆེ་ལང་ཙམ་ལོབས། དགུང་གྲངས་བཅུ་གཅིག་པ་དྲུང་པ་ཀུན་དགའ་རྒྱ་མཚོའི་མདུན་དུ་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མིང་ཀུན་དགའ་བསོད་ནམས་ཞེས་པར་བསྩལ། དགུང་གྲངས་ཉེར་དགུ་པ་ཤིང་མོ་སྦྲུལ་ཏེ་སྤྱི་ལོ་༡༧༢༥ལོར་དབུས་གཙང་ཕྱོགས་སུ་ཕེབས་ཏེ་ངོར་མཁན་ཆེན་ཚུལ་ཁྲིམས་ལྷུན་གྲུབ་དང་མཁན་ཆེན་བཀྲ་ཤིས་ལྷུན་གྲུབ་སོགས་ཀྱི་མདུན་ནི་གུ་ཆོས་དྲུག་དང་ཀྱཻ་རྡོར་ལམ་དབང་རྒྱུད་དབང་གསུང་ངག་ལམ་འབྲས་སོགས་གསང་ཆེན་རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་ཡན་ལག་དང་བཅས་པ་ཞིབ་ཅིང་ཕྲ་བ་གསན་པས། རྒྱུད་སྡེ་རྒྱ་མཚོ་ལྟ་བུ་མངའ་དབང་འབྱོར།
མེ་མོ་སྦྲུལ་སྟེ་སྤྱི་ལོ་༡༧༣༧ལོ་ནས་ཆོས་རྒྱལ་བསྟན་པ་ཚེ་རིང་གི་བཀའ་ལྟར་བསྟན་འགྱུར་པར་གསར་སྐྲུན་མཛད་པའི་ཐོག་མཐའ་བར་གྱི་གཙོ་འགན་བཞེས་ཏེ་མཚན་ཡང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ཆགས།
ཤིང་མོ་གླང་སྟེ་སྤྱི་ལོ་༡༧༤༥ལོར་ས་སྐྱོང་བླ་མ་ཕུན་ཚོགས་བསྟན་པས་པར་ཁང་རྙིང་པ་ལ་བརྟེན་ནས་བསྟན་འགྱུར་རིན་པོ་ཆེའི་པར་གྱི་ཚོགས་རྣམས་བཞུགས་སུ་གསོལ་བའི་གཙུག་ལག་ཁང་བཅས་རྒྱ་བསྐྱེད་ཅིང་གསར་བསྐྲུན་མཛད་པའི་ནང་གི་ལྡེབས་རིས་རྣམས་འབྲི་བའི་འགོ་ཚུགས་པ་ན་ཞུ་ཆེན་མཆོག་ནས་ལྷ་བཀོད་དང་ལས་གཞིའི་སྤྱིའི་འགན་ཁུར་བར་མཛད།
ཁོང་ཉིད་ནས་བོད་ཀྱི་རིག་གནས་སྤྱིའི་དོན་ཁོ་ནར་དགོངས་པ་བཞེས་པ་ལས་གྲུབ་མཐའི་ཕྱོགས་ཞེན་གཏན་ནས་མེད་པར་བརྟེན། དེང་སང་སྡེ་དགེ་པར་ཁང་དུ་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་མང་པོའི་གསུང་རབ་དང་བོད་ཀྱི་རིག་གནས་ཆེ་ཕྲ་ཚང་མའི་པར་ཤིང་རྙིང་པ་ཁྲི་ཉེར་གསུམ་ལ་ཉེ་བར་བཞུགས་ཤིང་འཛམ་གླིང་དུ་སྙན་གྲགས་ཀྱིས་ཁྱབ་པ་འདི་ཡང་ཁོང་གི་མཛད་སྤྱོད་བཟང་པོ་དང་འབྲལ་ཐབས་མེད་པ་ཡིན།
རབ་བྱུང་བཅུ་གསུམ་པའི་ཤིང་རྟ་ལོ(༡༧༧༤)ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་སྡེ་དགེ་མི་དབང་ཆེན་པོ་དང་ཞལ་སློབ་ཀུན་ལ་ཕྱིས་འབྱུང་གི་སྐོར་ཞལ་ཆེམས་ལེགས་པར་གནང་སྟེ་སྐུ་དཀྱིལ་དྲང་པོར་བསྲངས་ཏེ་ཞི་དབྱིངས་སུ་མནལ་བའི་ཚུལ་མཛད་དོ། །
གྲུབ་ཆེན་ངེད་ཕུ་པ།
གྲུབ་ཆེན་ངེད་ཕུ་པ་ནི་བོད་རབ་བྱུང་དང་པོའི་ཡན་མན་དུ་འདན་དྲན་ཐང་སིདྡྷ་ཚང་དུ་སྐུ་འཁྲུངས། ཕ་མེས་ཀྱི་རྒྱུད་པ་མ་ཉམས་པར་ད་ལྟ་དྲན་ཐང་དུ་ཡོད། ཁོང་གི་མཚན་གྱི་རྣམ་གྲངས་ལ་འདན་མ་སྐུ་ཆེན། བསྟན་འཛིན་བཟང་པོ། ཤེས་རབ་རྡོ་རྗེ། དཔལ་ཆེན་ངེད་ཕུ་པ་སོགས་མཚན་གྱི་རྣམ་གྲངས་དུ་མ་ཡོད་ལ་ཡོངས་གྲགས་སུ་གྲུབ་ཆེན་ངེད་ཕུ་པ་ཞུ། འདན་སྟོད་ཆོས་མཛོད་དགོན་པའི་ཆོས་མཛོད་སྐུ་སྐྱེ་སྤྲུལ་སྐུའི་སྐུ་ཕྲེང་དང་པོ་ཡིན།
སྐྱོབ་པ་འཇིག་རྟེན་མགོན་པོ་(༡༡༤༣—༡༢༡༧)ཡི་ཐུགས་སྲས་བརྒྱུད་འཛིན་དཔལ་ལྡན་ངེད་ཕུ་པ་ཞེས་བྱུང་བ་སྟེ་གྲུབ་ཆེན་འདི་ཉིད་རབ་བྱུང་གསུམ་པའི་མེ་མོ་བྱ་ལོ་སྟེ་སྤྱི་ལོ་༡༡༧༧འཇིག་རྟེན་གསུམ་མགོན་གྱིས་ཕྱག་བཏབ་པའི་འབྲི་གུང་མཐིལ་གྱི་གདན་སར་ཕེབས་ཏེ། སྐྱོབ་པ་འཇིག་རྟེན་གསུམ་མགོན་རྩ་བའི་བླ་མར་བསྟེན། ཁོང་ཉིད་སྒྲུབ་པ་མཐར་སོན་ནས་འཇིག་རྟེན་གསུམ་མགོན་གྱི་དངོས་སློབ་དཔལ་ཆེན་བརྒྱད་ཀྱི་ཡལ་གྱལ་དུ་གྱུར་པར་གྲགས། འཇིག་རྟེན་མགོན་གྱིས་ལུང་བསྟན་པ་ལྟར་འདན་ཡུལ་སྟོད་སྨད་དུ་ཕེབས་ཏེ་དགོན་པ་དུ་མ་ཕྱག་བཏབ་པ་ལས། འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་བརྒྱུད་འཛིན་པའི་ཀླུ་རྒྱལ་དགོན་པ་དང་། རྒྱ་ཚང་སྡེ་པའི་ཁོང་གཏོགས་འགྲོན་མདའ་ཞེས་པའི་ས་གནས་དེར་སྒྲུབ་པ་ཉམས་ལེན་ཡུན་རིང་མཛད་ནས་ལོ་མང་བཞུགས་སྐབས་ཀྱི་གདན་སའི་ཤུལ། འགྲོན་མདའི་མཚམས་ཁང་ཞེས་པའི་ཤུལ་ད་ལྟའང་མཇལ་རྒྱུ་ཡོད། ཁོང་སྐུ་ཚེའི་སྨད་ལ་ཁྲི་འདུའི་ཆོས་མཛོད་དགོན་པར་ཕེབས་ནས་འབྲི་གུང་པའི་བསྟན་པ་ལ་མཛད་རྗེས་རླབས་པོ་ཆེ་འཇོག་པར་གྲགས།
ཁོང་གིས་མཛད་པའི་《མཛོ་རྭ་ཆོས་ཁྲི་མའི་ཟབ་ཆོས།》ཞེས་པ་གདམས་ངག་གི་སྐོར་དང་། 《 འབྲི་ཆེན་བསངས་རྔན་རྒྱས་བསྡུས།》 ཞེས་བཅས་ཡོད་པ་ལས། བསངས་མཆོད་ཀྱི་སྐོར་འདི་འདན་དྲན་ཐང་དགོན་དང་། ཀླུ་རྒྱལ་དགོན། ཆོས་མཛོད་དགོན་བཅས་ཀྱིས་རྒྱུན་དུ་འདོན་མཆོད་བྱེད་བཞིན་ཡོད།
རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།
རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ནི། རབ་བྱུང་བཅུ་བཞི་པའི་ས་འབྲུག་སྟེ་སྤྱི་ལོ་༡༨༠༨ལོར་ཁམས་བྱང་འབྲོག་དགེ་རྩེ་རྫ་ཆུ་ཁའི་སྡེར་གཏོགས་རྒྱལ་ཐོག་ཅེས་པའི་གདུང་ལས་སྐུ་འཁྲུངས། རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་གྱིས་དཔལ་དགེ་བསམ་གཏན་ཕུན་ཚོགས་ཀྱི་སྤྲུལ་སྐུར་ངོས་བཟུང་། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་ཞེས་མཚན་གསོལ། སྐུ་ན་ཆུང་ངུའི་དུས་ནས་ཡི་གེ་འབྲི་ཀློག་རྣམས་ཚེགས་མེད་དུ་མཁྱེན། མཁན་ཆེན་ཤེས་རབ་བཟང་པོ་ལས་རབ་ཏུ་བྱུང་། རྡོ་བླ་འཇིགས་མེད་སྐལ་བཟང་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། ཞེ་ཆེན་དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། འཇིགས་མེད་རྒྱལ་བའི་མྱུར་གུ་སོགས་མཁས་མཆོག་དུ་མ་ལས་བཀའ་བསྟན་འགྱུར་རོ་ཅོག་དང་། ཆོས་བརྒྱུད་རིས་མེད་ཀྱི་གསུང་འབུམ་མཐའ་ཡས་པ་གསན་ཞིང་སྒོམ་སྒྲུབ་ལ་གཞོལ་བས་རྟོག་པ་ཚད་མེད་འཁྲུངས། རྫ་རྒྱལ་དགོན་གྱི་ཉེ་སྐོར་དུ་ཆོས་འཁོར་གྱི་གདན་སར་མཛད། རྡོ་འབུམ་ཞིག་གསོལ་དང་རྒྱ་ཆེར་བཏང་སྟེ་དཔལ་སྤྲུལ་རྡོ་འབུམ་ཞེས་སུ་གྲགས། ཁོང་སྐུ་ཚེ་ཧྲིལ་པོར་གནས་ངེས་མེད་དུ་ཕེབས་ཤིང་ཀུན་སྤངས་བྱ་བཏང་གི་མཛད་པ་སྤེལ། རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ཆེན་པོར་གཙོས་པའི་གཞུང་ཆེན་ཁག་གི་ལྗགས་ཁྲིད་གནང་བས་སྤྱོད་འཇུག་བླ་མ་ཞེས་པའི་མཚན་སྙན་ཡང་ཐོགས། འདན་ཁོག་ཏུ་ཞབས་ཀྱིས་བཅགས་ནས་ཀློང་ཐང་སྒྲོལ་མ་ལྷ་ཁང་དང་གནས་ཆེན་པདྨའི་རི་ལ་སྒོམ་སྒྲུབ་མཛད་ནས་ཡུན་རིང་བཞུགས་ཤིང་དགེ་བའི་འཕྲིན་ལས་དཔག་མེད་མཛད་པ་དང་། གནས་འདིར་བློ་ཟློག་རྣམ་བཞི་དང་ས་ལམ་བསྟན་པའི《 གཏམ་པདྨའི་ཚལ་གྱི་ཟློས་གར།》ཞེས་པའང་སྐབས་དེར་བྲིས།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།
འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གྲགས་པའི་ནང་ཚན་ཟླ་ཀླུང་དལ་གྱིས་འབབ་པའི་འགྲམ། ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ཟླ་རྒྱལ་རྡོ་རྗེ་འཕེན་ཕྱུག་བདག་ཏུ་བཟུང་བའི་ཡ་ཆུའི་དིང་ཆུང་ཞེས་པའི་གནས་སུ་རབ་བྱུང་བཅུ་བཞི་པའི་མེ་རྟ་སྟེ་སྤྱི་ལོ་༡༨༤༦ལོར་སྐུ་བལྟམས། དགུང་ལོ་བཅུ་གཉིས་ལ་ཕེབས་པ་གསང་སྔགས་ཆོས་གླིང་དགོན་དུ་ཕེབས་ཏེ་གྲྭ་བཙུན་གནང་། སྔོན་རྗེས་སུ་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་།
དབང་ཆེན་དགྱེས་རབ་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། དགེ་བཤེས་ངག་དབང་འབྱུང་གནས། བློ་གཏེར་དབང་པོ་སོགས་མཁས་ཆེན་དུ་མ་སློབ་དཔོན་དུ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་མཁས་པའི་རྩེར་སོན། སྐུ་ཚེ་ཧྲིལ་པོར་འཆད་རྩོད་རྩོམ་གསུམ་གྱི་མཛད་ཕྲིན་དཔག་མེད་བསྐྱངས་ཏེ། སྒྲ་ཚད་སྨན་རྩིས་སོགས་དང་། མདོ་རྒྱུད་ཀྱི་གཞུང་འགྲེལ་སོགས་གསུང་རྩོམ་པོ་ཏི་སུམ་ཅུ་སོ་གཉིས་བརྩམས་ཏེ། ཁ་བ་རི་པའི་རིག་གནས་གོང་འཕེལ་གཏོང་ཕྱིར་རིན་ཐང་གཞལ་དུ་མེད་པའི་མཛད་རྗེས་བཞག་ཡོད། མི་ཕམ་རིན་པོ་ཆེ་ཁོང་ནི་ཐུན་མོང་གི་སྣང་ངོར་གསན་བསམ་སྒོམ་པ་རྒྱ་མཚོའི་མཐར་ཕྱིན་པ་མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་ཀྱི་གོ་འཕང་ལ་གནས་པ་ཀུན་ཏུ་གྲགས་པ་དང་། ལྷའི་ཞལ་གཟིགས་དང་གྲུབ་པའི་ཆོ་འཕྲུལ་འགའ་ཞིག་མཛད་ཚུལ་སོགས་རྣམ་ཐར་དུ་གསལ། དགུང་གྲངས་རེ་བདུན་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་སྟེ་སྤྱི་ལོ་༡༩༡༢ལོར་ཞི་བ་ཆོས་དབྱིངས་སུ་བསྡུས་སོ། །གསེར་གདུང་རིན་པོ་ཆེ་དེང་དུས་ཀྱང་འདན་ས་དཀར་དགོན་དུ་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་མཇལ་རྒྱུ་ཡོད་དོ། །
གླིང་བློན་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པ།
གླིང་སྒྲུང་པ་གྲགས་ཅན་གླིང་བློན་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པ་ནི། བློན་འདན་མ་གཡུ་རྒྱལ་ཐོག་རྒོད་ཀྱི་སྐུ་མཁར་ཕོ་བྲང་ཆེན་པོ་ཤར་ལུང་རི་དྲུག་དང་ཉེ་བའི་འདན་སྨད་ཁྲོམ་ཐོག་དགོན་གསར་ཚང་ཞེས་པར་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་རྟ་ཡི་༡༨༩༤ལོར་སྐུ་བལྟམས། སྐུ་ན་ཆུང་དུས་ནས་གེ་སར་རྒྱལ་པོ་ལ་དད་པ་ཆེ་ཞིང་། གླིང་སྒྲུང་ལ་བག་ཆགས་ཟབ་པས་སྐྱེས་ཆེན་དུ་མས་འོམ་བུའི་ཨ་ནུ་དཔའ་སེང་དང་། གླིང་ཕྲུག་མི་ཆུང་ཁ་བདེ་ཟུང་གི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རྣམ་རོལ་དུ་བསྔགས་པའི་མེ་ཏོག་ཡང་ཡང་འཐོར། ཁོང་གིས་བླ་མ་མི་ཕམ་དང་། གཏེར་ཆེན་ལས་རབ་གླིང་པ། རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་དམ་པ་དུ་མར་བསྟེན་མྱངས། ཕྱིས་སྐུ་ན་སོན་པ་ན་ཁྲོམ་ཐོག་དགོན་གསར་ཚང་ལ་བུ་གཞན་མེད་སྟབས་འདན་ཀློང་ཆུ་ཁ་ན་གླིང་ཚང་གི་ཇའི་སང་བོད་མོ་ཚང་ལ་བོད་མོ་མཁའ་འགྲོ་ཟེར་བའི་སྲས་མོ་དང་ཁྱིམ་ཐབས་འཛིན། ཁོང་གི་མཛད་རྗེས་གཙོ་བོ་ནི་གླིང་ས་སྐྱོང་དབང་ཆེན་བསྟན་འཛིན་ཆོས་སྐྱོང་གི་བསྐུལ་བ་ལྟར་ཁོང་གིས་སྔོན་རྗེས་སུ་《འཁྲུངས་གླིང་མེ་ཏོག་ར་བ།》དང་《རྨ་ས་བཟུང་དར་གྱི་མདུད་པ། 》 《 རྟ་རྒྱུག་ནོར་བུ་ཆ་བདུན།》གསུམ་འབྲི་གནང་མཛད་པ་དེ་ཡིན། འཁྲུངས་གླིང་དང་རྟ་རྒྱུག་གཉིས་ལེགས་གྲུབ་བྱུང་འཕྲལ་ནས་གླིང་ཚང་ཆོས་རྒྱལ་ཆེན་པོས་གླིང་ཚང་དུ་སྤར་དུ་བཀོད་པར་མཛད་དེ་གླིང་སྒྲུང་དར་ཁྱབ་ཆེན་པོ་བྱུང་། གླིང་བློན་འགྱུར་མེད་ཐུབ་བསྟན་འཇམ་དབྱངས་གྲགས་པ་ཁོང་མཐར་དགུང་གྲངས་ཞེ་དྲུག་སྟེང་ཕེབས་པ་རབ་བྱུང་བཅུ་དྲུག་པའི་ས་ཡོས་༡༩༣༩ལོའི་སྟོན་ཟླ་ཐ་ཆུང་གི་ཡར་ཚེས་བརྒྱད་ཀྱི་ཉིན་རྫོང་མགོ་ཚེས་བཅུའི་སྒྲུབ་ཆེན་ལ་ཆིབས་བསྒྱུར་བསྐྱངས་ནས་འགུ་ཟི་ཆུ་དྲོན་ཟམ་ར་མདའི་ཆུ་འགྲམ་དེར་ཕེབས་པ་ན་གློ་བུར་དུ་དགོངས་པ་རྫོགས་པའི་ཚུལ་བསྟན། ད་ལྟ་ས་དེར་རྡོ་འབུམ་ཅིག་བཞེངས་ཡོད་དོ། །