གནས་རི་པདྨ་རི་བོ་ནི་གང་ཟག་གི་རྒྱུད་ཚོད་མཐོ་དམན་དང་བསྟུན་པའི་མཐོང་སྣང་མི་འདྲ་བ་གསུམ་ཙམ་འབྱུང་སྟེ། སྐྱེ་བོ་ཕལ་པ་ལམ་མ་ཞུགས་ཀྱི་སྣང་ངོར་ལྷུན་སྟུག་རིའི་རྩེ་མོ་མཁའ་ལ་བསྙེགས་ལ་ལྟ་བུ་ལ། སྣ་ཚོགས་པའི་ནགས་ཚལ་དང་ནེའུ་གསེང་ཡིད་དུ་འོང་བས་ཀུན་ནས་མཛེས་པ། དབྱར་དགུན་ཀུན་ཏུ་ཁམས་དྭངས་ཤིང་རིག་པ་སྤྲོ་བ། རི་མཐར་འབྲས་བུ་བཟང་པོས་བཀླུབས་པའི་ཞིང་ས་དང་། འགག་གཡས་གཡོན་གྱི་ཆུ་གཉིས་མདུན་འདུས་པ་སོགས་ཕྱི་ལྟར་བསྔགས་པར་འོས་པ་ཙམ་ཞིག་ཡོད། ལམ་ཞུགས་ཐེག་དམན་ཉན་རང་རིགས་ཅན་གྱི་སྣང་ངོར་ཕྱི་ཚུལ་དབེན་པའི་རི་བོ་ལ། ནང་ཚུལ་འཕགས་པའི་གནས་བརྟན་ནགས་ན་གནས་འཁོར་དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར་ནས་བདེན་བཞིའི་དེ་ཁོ་ན་ཉིད་ལ་ཐུགས་གཞོལ་ནས་གནས་པ་ཡོད། སྐལ་ལྡན་གསང་སྔགས་རྡོ་རྗེ་ཐེག་པའི་སྐྱེས་བུ་གྲུབ་བརྙེས་རྣམས་ཀྱི་སྣང་ངོར་ཕྱི་ཚུལ་འཕགས་པ་སེམས་ཉིད་ངལ་གསོའི་རྣམ་པ་ལ། ནང་ཚུལ་རིག་འཛིན་དུ་མའི་བསྟི་གནས། གསང་བ་ལྟར་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཡང་གསང་སྐུའི་ཐུགས་ཀྱི་དཀྱིལ་འཁོར་གདོད་ནས་ལྷུན་གྱིས་གྲུབ་པ་སྟེ། 《 བོད་ཀྱི་གནས་ཆེན་རྣམས་ཀྱི་མདོ་བྱང་བཀོད་པ།》ལས།“སྐུ་ཡི་ཐུགས་ཀྱི་གནས་ནི་བསྟན་པ་ནི། །བོད་ཀྱི་མདོ་ཁམས་འབྲི་ཀླུང་མཉན་ཞེས་སུ། །པདྨའི་བྲག་རི་སུམ་བརྩེགས་ཡོད་པ་རུ། །དབུས་སུ་ཨུ་རྒྱན་བདག་གི་སྒྲུབ་པའི་གནས། །བྲག་ཕུག་ཆོས་འབྱུང་ཟུར་དྲུག་དབྱིབས་ཅན་ཡོད། །རང་བྱུང་རྟེན་མཆོད་ངོ་མཚར་ཅན་བཞུགས་ལ། །ཀློང་ཐང་སྒྲོལ་མ་ཞེས་བྱར་འབྲེལ་བའོ། །མ་འོངས་ང་སྤྲུལ་ནམ་མཁའ་ཞེས་བྱ་འབྱུང་། །”ཞེས་མདོ་ཁམས་གནས་ཆེན་ཉེར་ལྔའི་ཡ་གྱལ་སྐུའི་ཐུགས་ཀྱི་གནས་ཡིན་པར་གསུངས་སོ། །གཞན་ཡང་སྒྲུབ་པའི་བསྟི་གནས་དེའི་མདུན་གྱི་ལྡེབས་ངོས་སྤང་དང་ནགས་ཚལ་སྤེལ་མའི་ཆ་ལ་ཕུར་པ་རྡོ་རྗེ་གཞོན་ནུའི་སྒྲུབ་ཕུག་རྡོ་རྗེ་རྫོང་དང་། དེའི་གཡོན་རྒྱང་གྲགས་ཕྱེད་ཙམ་ན་རྟ་མགྲིན་སྒྲུབ་ཕུག །རྟ་མགྲིན་སྒྲུབ་ཕུག་ནས་གཡོན་དུ་ཅུང་ཟད་སོང་ནས་སློབ་དཔོན་གྱི་སྒྲུབ་གནས་པདྨ་ཤེལ་ཕུག་ཅེས་བྱ་བ་ཕྱི་ཚུལ་རྣམ་ཐར་སྒོ་གསུམ་མཚོན་བྱེད་ཆོས་འབྱུང་གི་དབྱིབས་ཅན་ལ། ནང་དུ་རྡོ་ལེབ་ཤེལ་ལྟར་དྭངས་པའི་ངོས་སུ་ཡི་དམ་གསར་རྙིང་གི་དཀྱིལ་འཁོར་རང་ཆས་སུ་བཞུགས་པ། དེའི་ཀླད་དུ་རྫ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་མཚམས་ཁང་དང་། དེར་ལྷ་ཆོས་མཐུན་པའི《 གཏམ་པདྨའི་ཚལ་གྱི་ཟློས་གར།》བརྩམས་ས། དེ་ནས་ཐུར་སོང་བས་མདོ་མཁྱེན་བརྩེའི་མཚམས་ཁང་དང་། མ་གཟའ་དམ་གསུམ་དང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག །དེའི་འོག་ཏུ་སྟག་བྲོ་གཟིག་བྲོ་མ་ཞེས་བྱ་བ་སློབ་དཔོན་པདྨ་འབྱུང་གནས་གནས་འདིར་བྱོན་པའི་ཚེ་ཡུལ་ལྷ་གཞི་བདག་རྣམས་ཀྱིས་གར་འཁྲབ་པའི་རྗེས་ཤུལ་དང་། གུ་རུ་མཚོ་སྐྱེས་རྡོ་རྗེ་ཡབ་ཡུམ་གྱི་སྐུ་བརྙན་དོད་པའི་སློབ་དཔོན་ཁ་སོགས་ཡོད། མདོ་མཁྱེན་བརྩེའི་མཚམས་ཁང་ནས་གཡས་སུ་སོང་བས་སློབ་དཔོན་ཕྱག་རྗེས་སྐྱབས་སྦྱིན་མའམ་མཐོང་བ་རང་གྲོལ་དང་། རྟ་ཕག་ཡབ་ཡུམ་གྱི་མཚམས་ཁང་། གནས་བརྟན་ནགས་ན་གནས་ཀྱི་སྐུ་རྗེས་སོགས་ཡོད།
རིའི་གཡོན་ཧམ་ཁུང་ནང་དུ་དྲག་པོའི་སྒྲུབ་གནས་དུ་མ་དང་གྲུབ་ཆེན་ས་ར་ཧ་པའི་སྒྲུབ་གནས་སོགས་ཡོད། ལ་འདབས་མའི་གཡས་ཀྱི་ཆ་ལ་ཀླུ་མོ་དགྱེས་པའི་དུར་ཁྲོད་དང་བླ་མ་སེ་བཙུན་པའི་གདན་ས་རི་བོང་དགོན་པ། གཡོན་གྱི་ཆ་ལ་མཁའ་འགྲོའི་བྲོ་ར་དང་སློབ་དཔོན་ཁ་སོགས་ཡོད། དུར་ཁྲོད་དེ་ལྟ་བུ་ལ་ཕུང་པོ་བཞག་པའི་ཕན་ཡོན་ནི། 《 ཆགས་མེད་རི་ཆོས།》ལས།“སྲོག་དང་བླ་དང་རྣམ་ཤེས་གསུམ། །སྲོག་ནི་གཤེད་མ་འདྲ་ཡིས་བཅད། །རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །བླ་དེས་ཚེ་འདས་གཟུགས་བཟུང་ནས། །དུར་ས་དེ་རུ་གནས་པ་ཡིན། །དུར་ས་ལེགས་ན་བླ་དེ་དར། །གསོན་པོ་རྣམས་ལ་མགོན་སྐྱབས་ནུས། །ཕ་མེས་བླ་ཡིས་བསྲུང་ཞེས་བྱ། །དུར་ས་ངན་ན་བླ་དེ་གུད། །གསོན་པོ་རྣམས་ལ་སྐྱབས་འཚོལ་བས། །མི་ཁྱག་ན་ཚ་གོད་ཁ་འབྱུང་། དེ་ཕྱིར་དུར་ས་གལ་ཆེ་སྟེ། །ས་དཔྱད་ངན་པར་རོ་བསྐྱལ་ན། །དུད་འགྲོ་ཡིན་ཡང་རྡུལ་དུ་བརླག །དེ་སྐད་འཕགས་པ་འཇམ་དཔལ་གྱི། །རྒྱ་ནག་གཙུག་ལག་རྒྱུད་ནས་གསུངས། །”ཞེས་གསུངས་ལ། ཡང་སྒོས་དུར་ཁྲོད་ཆེན་པོ་འདི་ལྟ་བུ་དང་འབྲེལ་བ་ཐོབ་ན་དེ་དག་གི་སྟེང་དུ་གཤིན་པོ་དེའི་ལས་ཀྱིས་བསྐྱོད་པའི་རྣམ་ཤེས་ལ་ཡང་ཕན་པས་ཆོག་ཤེས་སྤངས་ཏེ་འདི་ལྟ་བུའི་དུར་ཁྲོད་ལ་བསྟེན་པ་གལ་ཆེའོ། །