སྒྲུབ་གནས་སེང་གེ་གནམ་རྫོང་ནི《 མདོ་བྱང་།》ལས།“ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ནི། །”ཞེས་པ་ནས།“དྲག་པོས་འདུལ་མཛད་ཀློང་ཐང་བྱང་ཕྱོགས་སུ། །སེང་གེ་རྒྱ་བསྣོལ་འདྲ་བའི་བྲག་རི་ལ། །པདྨ་བདག་གི་སྒྲུབ་གནས་ཤེལ་ཕུག་ཡོད། །”ཅེས་པ་ལྟར། ཕྲིན་ལས་འགྲོ་འདུལ་སྤྲུལ་པའི་གནས་བརྒྱད་ཀྱི་ཡ་གྱལ་དྲག་པོས་འདུལ་མཛད་ཅེས་བྱ་བ་ཡིན་ལ། དེ་ཡང་དྲང་དོན་དུ་རྡོ་རྗེའི་བྲག་རི་དུང་སེང་དཀར་མོ་གནམ་ལ་འགྱིངས་འདྲ་ལ། ངེས་དོན་སློབ་དཔོན་གྱི་ཕྲིན་ལས་འགྲོ་འདུལ་གནས་བརྒྱད་ཀྱི་ཡ་གྱལ་ཡིན་པར་གསུངས། རི་དེའི་རྒྱང་གྲགས་ཀྱི་མཚམས་ཚུན་ན་འབྲོག་པ་དང་ཞིང་པ་གཅིག་ཀྱང་མེད་པས་གནས་དབེན་པར་ངེས་ཤིང་། རིའི་སྤྱི་གཙུག་ཏུ་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་གྱི་མཁར་ཤུལ་མཐའ་རྟེན་ལྕགས་རི་དང་བཅས་པའི་ལོ་རྒྱུས་ཡོད། དེའི་སྐོར་ལམ་སོགས་སུ་ངོ་མཚར་བའི་བཀོད་པ་ཇི་ལྟར་ཡོད་པ་སྨོས་ན། དེ་ཡང་རིའི་ལྟག་པ་ནས་གཡས་སྐོར་དུ་སོང་བས་བར་དོའི་འཛུལ་ཁུང་། འདན་མའི་ནས་རྫོང་། གེ་སར་གྱི་རྟ་གདགས་ས། ཨོ་རྒྱན་སྒྲུབ་ཆུ། ཚེ་སྒྲུབ་མཚམས་ཁང་། ལྷ་ལུང་དཔལ་རྡོའི་ཞབས་རྗེས། ཨོ་རྒྱན་སྒྲུབ་ཕུག །དེ་ནས་གཡས་སྐོར་དུ་སོང་བས་རིའི་མདུན་གྱི་ཆ་ལ་མཁའ་འགྲོ་འབུམ་རྫོང་། སྨན་བླ་སྒྲུབ་ཕུག །ལྷ་ལུང་དཔལ་རྡོའི་སྐུ་གདུང་མཆོད་རྟེན། ལྷ་ལུང་དཔལ་རྡོའི་མཚམས་ཁང་། ཀློང་ཐང་སྒྲོལ་མ་ལྷ་ཁང་གི་དང་ཐོག་གདན་ས་ཀློང་དགོན་དགོན་ཐོག ། དེའི་གཡས་ཀྱི་སྟོད་ཀྱི་ཆ་ལ་འབྲུག་མོའི་སྐྲ་གཞོང་། འདན་ཟ་ཧོར་རྒྱལ་པོའི་རྟ་ནོར་ལུག་གསུམ་གྱི་སུག་བཞིའི་རྨིག་རྗེས། སེང་གེའི་ལག་པ་གཡས་པའི་སྟེང་དུ་མཆོད་རྟེན་བྱ་རུང་ཁ་ཤོར། མཆོད་སྐུ། རྡོ་སེམས་སྐུ་བརྙན། ཨ་ལུ་བའི་སྐུ་གདུང་མཆོད་རྟེན། འདན་མའི་ཚོགས་གཏོར། ལག་པ་གཡོན་པའི་སྟེང་དུ་འབྲོམ་སྟོན་པའི་དགའ་འཕགས་སྒང་། ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེའི་འཁྲུངས་གནས་སོགས་ཡོད། སྨན་བླའི་སྒྲུབ་ཕུག་ཏུ་སློབ་དཔོན་གྱིས་སྨན་བླའི་ཆོས་སྐོར་བདུད་རྩི་ཐིགས་པ་གཏེར་དུ་སྦས། ཕྱིས་གཏེར་སྟོན་ཉི་མ་གྲགས་པས་གཏེར་ལས་བླངས་ནས་གཏེར་སྒྲུབ་མཛད། ཀློང་དགོན་དགོན་ཐོག་ཏུ་རྒྱལ་པོ་སྲོང་བཙན་སྒམ་པོས་ཁམས་ཀྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་བཏབ། ཕ་དམ་པས་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་གཏེར་དུ་སྦས། འགྲོ་མགོན་ཆོས་རྒྱལ་འཕགས་པས་དགོན་པ་ཉམས་སྐྱོང་མཛད་ནས་འོག་ཏུ་ས་སྐྱའི་མགོན་ཁང་ནང་དུ་སྒ་ཨ་གཉན་དམ་པའི་ཕྱག་བཟོས་གུར་གྱི་མགོན་པོའི་སྐུ་བྱིན་ཅན་རྟེན་གཏོར་ཆ་ཚང་བ་ཡོད་པ་བཙུགས། རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་སྒྲུབ་ཐབས་བརྩམས། གཞན་ཡང་་ཏི་པཎ་ཆེན་གྱིས། བསྟན་བཅོས《སྨྲ་སྒོ་མཚོན་ཆ།》
བརྩམས་ནས་རང་འགྱུར་མཛད། ཞོར་དུ་འབྲོམ་སྟོན་པ་སོགས་འཁོར་གྱི་བུ་ཆེན་འགའ་ལ་རྒྱ་གར་གྱི་སྒྲ་རིག་པ་བསླབས། མངོན་པ་མཛོད་ཀྱི་བཤད་པ་རྒྱ་ཆེར་སྤེལ་བས་གཡས་པ་ཆེན་པོ་ཤེས་རབ་གྲགས་སོགས་མཁས་བཙུན་གྱི་སློབ་མ་ཇི་སྙེད་འདུས། དེ་དག་གིས་མདོ་དབུས་ཁམས་གསུམ་དུ་བཤད་རྒྱུན་སྤེལ་བས་མངོན་པ་འོག་མ་གཞི་བཞེངས་སུ་བཏང་། གསང་བ་འདུས་པ་དང་། ཡེ་ཤེས་ཞབས་ལུགས་འཆད་སྤེལ་མཛད་པས་འདུས་པ་ཁམས་ལུགས་སུ་གྲགས་པ་བྱུང་། གཞན་ཡང་ལྡན་མ་རྩེ་མང་། ཨ་རོ་ཡེ་ཤེས་འབྱུང་གནས། ལྷ་ལུང་དཔལ་གྱི་རྡོ་རྗེ། བླ་ཆེན་དགོངས་པ་རབ་གསལ། དབུས་གཙང་མི་བཅུ། ཁམས་ཀྱི་སོག་མོ་མི་དྲུག །སེ་བཙུན་གཞོན་ནུ་དབང་ཕྱུག ། འགར་མི་ཡོན་ཏན་གཡུང་དྲུང་། ཁུ་རྔོག་འབྲོམ་གསུམ། བང་སྟོན་བྱང་ཆུབ་རྒྱལ་མཚན། འབྲེ་ཤེས་རབ་འབར། དཔལ་ལྡན་དགོན་པ་བ། སྒ་ཨ་མཉན་དམ་པ། ཨ་ལུ་བ་སོགས་སྐྱེས་ཆེན་དུ་མའི་ཞབས་ཀྱིས་བཅགས་ཤིང་གདན་སར་མཛད། །