དེའང་《དིལ་མཁྱེན་ཞལ་གསུང་རྣམ་ཐར།》ལས།“ཁོ་བོའི་ཕ་རྒན་ལ་མི་ཕམ་འཇམ་དཔལ་དབྱངས་ཀྱི་བཀའ་ལས། ཕྲན་བན་རྒན་ནད་པ་འཆི་ལ་ཁད་ལ་ཁང་པ་མི་དགོས་ཀྱང་ཁྱེད་ཀྱི་འདུག་གནས། རྒྱབ་རི་དེར་སྒྲུབ་ཁང་ཞིག་རྒྱོབ་དང༌། ཆོས་རྒྱལ་སྡེ་དགེའི་རྒྱལ་སྲིད་ལ་ཕན། ཕྲན་སྡེ་དགེའི་མངའ་རིས་ལས་ཐག་རིང་དུ་མ་འགྲོ་ཞེས་ཆོས་རྒྱལ་སྡེ་དགེའི་ལྷ་སྲས་ཀྱིས་གསུངས”ཞེས་བྱུང༌། རི་ཁྲོད་དེའི་ཕྱི་ཡི་ས་དཔྱད་ཤར་ནས་བལྟས་ན་རི་བོ་རུས་སྦལ་གན་རྐྱལ་གྱི་གཟུགས་དབྱིབས་ཤིན་ཏུ་གསལ་བའི་སྙིང་གར་མི་ཕམ་ཆོས་རྗེའི་གཟིམས་སྤྱིལ་བཀྲ་ཤིས་དཔལ་འབར་གླིང་ཕྲ་བཏབ་པ་ལྟ་བུ། དེ་དང་མི་རིང་བར་ཤུག་པའི་སྡོང་པོ་ཆེན་པོ་ཞིག་སྐྱེས་པ་འཇམ་མགོན་བླ་མས་བྱང་ཆུབ་ལྗོན་ཤིང་ཡིན་ཞེས་གསུངས། རུས་སྦལ་མགོ་ནུབ་ཏུ་བསྟན་པ་ལ་མེ་རི། གཡས་ཕྱོགས་སུ་ཤིང་རི། གཡོན་དུ་ལྕགས་རི། མཇུག་མར་ཆུ་རིའི་ས་ཡི་དཔྱད་མཛེས་པ། ཤར་ཕྱོགས་ཡངས་ཤིང་ཉི་ཟླ་འཆར་སྔ། ནུབ་ཕྱི་བ། ནམ་མཁར་འཁོར་ལོ་རྩིབ་མང་ཞིང་ཡངས་པ་སོགས་ས་དཔྱད་བཟང་དགུ་ཐམས་ཅད་ཚང་བ། ནང་གི་དཔྱད་ལ། བྱང་ཕྱོགས་ཤཾ་བྷ་ལའི་བཀོད་པ་ཡོངས་སུ་རྫོགས་པ་དབུས་རི་ཀ་ལཱ་པའི་ཕོ་བྲང༌། དེའི་ཕྱོགས་མཚམས་ཀྱི་ཐང་ཐམས་ཅད་ཆུ་ཡིས་པདྨའི་འདབ་མ་ལྟར་བཅད་པའི་དབུས་སུ་གྲོང་ཁྱེར་གྱི་ཚོམ་བུ་བཀོད་པ། དགུན་དུས་ཁ་བ་དང་ལྡན་པའི་རིས་ལྕགས་རི་ལྟར་བསྐོར་བའོ། །རི་ཁྲོད་དུ་བཞུགས་སྐབས་ཁོང་ཉིད་ཉིན་ཞིག་འབྲི་ཀླུང་གི་འགྲམ་དུ་བྱོན་ཏེ། བོད་ཁམས་བདེ་བའི་སྨོན་ལམ་དང་། ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་འབྲུ་སྨན་དཀོར་ཆའི་རིགས་ཀླུ་གཏེར་དུ་སྦས་པར་མཛད་པའི་རྗེས་ཐོགས་སུ། ཕྱག་ན་མདའ་དར་ཞིག་བསྣམས་ཡོད་པ་འབྲི་ཆུའི་དཀྱིལ་དུ་བཙུགས་ཏེ། འབྲི་ཆུའི་འགྲམ་ནས་ཡར་ཕེབས་ཞོར་བོད་ཡུལ་བདེ་བའི་སྨོན་ལམ་གསུངས་པས། མདའ་དར་ཡང་རླུང་གིས་སྐྱོད་བཞིན་ཆུའི་ངོགས་ནས་གར་འཁྲབ་པ་ལྟར་བྱས་ཏེ་མཐར་རྗེ་དེ་ཉིད་ཀྱི་དྲུང་དུ་བྱུང་བ་དེར་ཡོད་ཀུན་གྱི་མཐོང་སྣང་བྱུང་བ་ལྟར། བདག་ཉིད་ཆེན་པོ་འདི་ནི་ཐུན་མོང་གི་སྣང་ངོར་གསན་བསམ་སྒོམ་པ་རྒྱ་མཚོའི་མཐར་ཕྱིན་པ་མཁས་ཤིང་གྲུབ་པའི་རྣམ་ཐར་རྩོད་མེད་དུ་གྲགས། རི་ཁྲོད་དུ་རབ་བྱུང་བཅོ་ལྔ་པའི་ལྕགས་ཕོ་ཁྱི་སྟེ་སྤྱི་ལོ་༡༩༡༠ལོར་ནག་ཟླའི་དུས་ཆེན་ནས་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེའི་རྒྱུད་ཀྱི་འགྲེལ་ཆེན་གྱི་བཤད་ཁྲིད་ལེགས་པར་གྲུབ། མཐར་མྱ་ངན་ལས་འདས་པའི་གནས་ཀྱང་རི་ཁྲོད་འདི་ཉིད་དུའོ། །
འཇུ་མི་ཕམ་གྱི་དཔལ་དུས་ཀྱི་འཁོར་ལོའི་གཞུང་བཤད་རྒྱུད་འགྲེལ།