གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་ལས་འདན་མའི་ནས་རྫོང་ཕབ་པའི་སྐོར་དེང་སང་སྒྲུང་དཔེ་མི་འདྲ་བ་བཞི་འདུག་སྟེ། 《 ཆོས་ཀྱི་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྣམ་པར་ཐར་པ་ནོར་བུའི་དྲྭ་བ་ལས་འདན་གྱི་ནས་རྫོང་ཕབ་པའི་གཏམ་རྒྱུད་བཻཌཱུརྱའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །》ཞེས་དང་《མ་སང་སྐྱེ་བུ་ཆེན་པོས་འདན་མའི་ནས་རྫོང་ཕབ་པའི་རྟོགས་བརྗོད་བཞུགས་སོ། །》
འདན་མའི་ནས་རང་གི་སྒྲུང་ཡིག་མི་འདྲ་བ་བཞི།
《 གླིང་གེ་སར་རྒྱལ་པོའི་སྒྲུང་ལས་འདན་མའི་ནས་རྫོང་འབྲུ་སྔོན་གཡང་གི་གཏེར་སྒོ་འབྱེད་པ་ཞེས་བྱ་བ་བཞུགས་སོ། །》 སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་《འདན་མའི་ནས་རྫོང་།》 ཞེས་བཞི་པོ་འདི་རེད། སྒྲུང་དཔེ་འདི་བཞི་ལས་དང་པོ་ནི་ད་ལྟ་དཀར་མཛེས་ཁུལ་སེར་ཤུལ་རྫོང་ལོ་ཆུང་(སྔར་འདན་ཁོག་རྫོང་)ས་ཁུལ་གྱི་དམངས་ཁྲོད་ལས་ལག་བྲིས་མ་ཞིག་ཡོད་པར། འདན་ཤུག་རའི་དགོན་པའི་བླ་མ་ངག་དབང་སྦྱིན་པས་ལེགས་པར་བསྒྲིགས་ནས་པར་བསྐྲུན་བྱས་འདུག །གཉིས་པ་ནི་སི་ཁྲོན་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གེ་སར་ཞིབ་འཇུག་ཁང་གིས་འཚོལ་སྡུད་བྱས་ནས་པར་བསྐྲུན་བྱས་ཤིང་གསལ་བཤད་ཀྱང་རྒྱས་ཙམ་བྲིས་འདུག །གསུམ་པ་ནི་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་འདུག་ཀྱང་གསལ་བཤད་གང་ཡང་མི་འདུག །བཞི་པ་ནི་ལྷ་སའི་སྒྲུང་པ་བསམ་འགྲུབ་ཀྱིས་ཕབ་ནས་བོད་ལྗོངས་དཔེ་རྙིང་པར་སྐྲུན་ཁང་ནས་པར་དུ་བསྐྲུན་འདུག
སྒྲུང་དཔེ་བཞི་པོར་ཞིབ་བསྡུར་བྱས་ནས་བལྟས་ཚེ། སྒྲུང་དཔེ་དང་པོ་འདན་ཁོག་པར་མ《ཆོས་ཀྱི་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ་གྱི་རྣམ་པར་ཐར་པ་ནོར་བུའི་དྲྭ་བ་ལས་འདན་གྱི་ནས་རྫོང་ཕབ་པའི་གཏམ་རྒྱུད་བཻཌཱུརྱའི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ། །》 ཞེས་པའི་མཛད་བྱང་དུ་གླིང་ཕྲུག་མ་ཎི་དེ་ཝའི་སྐྱེ་ཐང་རྗེ་བྷོ་དྷི་བཛྲའི་བརྒྱུད་འཛིན་ཐ་ཤལ་བ་ཨ་ཡུ་དྷྭ་ཛས་གང་ཤར་བཟོ་བཅོས་མེད་པར་གཏན་ལ་ཕབ་པ་ཞེས་སྒྲུང་འདིའི་དབུ་ཕྱོགས་སུ་གསལ་བ་ལྟར་ན་སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་གང་གི་རྣམ་པར་ཐར་པ་ནོར་བུའི་ཆུན་པོ་བཞིན་རྒྱས་བསྡུས་སྣ་ཚོགས་བྱུང་བའི་ནང་ཚན་འཁྲུངས་ལེའུ་དཔག་བསམ་ལྗོན་བཟང་གི་ཆ་ལག་ཏུ་གཏོགས་པ་ཡིན་ཚུལ་དང་། མཇུག་ལ་གྲུབ་ཉེ་སྐབས་ཤིག་ན། འདིར་ཇོ་རུའི་མགུར་གླུ་བཀྲ་ཤིས་རིང་མོ་ཡོད་ཀྱང་ད་དུང་རྣམ་ཐར་འགའ་ཞིག་དཔེ་ཐོག་ཏུ་འགོད་དགོས་པའི་ལུང་བསྟན་མངོན་དུ་ཡོད་པ་དང་། རྗེ་བླ་མའི་བསྟན་པའི་ཉི་མའི་འོད་སྟོང་བཞིན་ཕྱོགས་ཀུན་ཏུ་ཁྱབ་པའི་ངོར། གསེར་ཞལ་རིན་པོ་ཆེ་མངོན་དུ་མཇལ་བའི་སྨོན་འདུན་རྟེན་འབྲེལ་གྱིས་རེ་བཀོད་པར་མ་འོས། ཞེས་གསལ་བར་མངོན་པའི་ཟུར་ངོས་ནས་གཞིགས་ན་སྒྲུང་མཁན་འདི་ལ་ནས་རྫོང་འདི་ཙམ་མ་ཡིན་པར་སྒྲུང་མང་དུ་བཞུགས་པ་ཤེས་ཐུབ། ནང་དོན་སྤྱི་ཁོག་ནི། བྱང་གེ་སར་རྒྱལ་པོ་འདན་གྱིས་བཀྲོང་པའི་ཚུལ་དང་། གེ་སར་དང་ཟ་ཧོར་གཉིས་ཀྱི་རྒྱུ་འབྲས་ཀྱི་ཞིབ་བཤེར་འདུན་མ་སྔ་ཕྱི་ལེའུ། འདན་གླིང་གཡུལ་འགྱེད་དྲག་པོ་དམག་གི་ལེའུ། ལྷ་སྲས་ཇོ་རུས་འདན་གྱི་ནས་རྫོང་གི་གཏེར་སྒོ་ཕྱེས་པའི་ལེའུ་སྟེ་ལེའུ་བཞིས་བསྟན། པར་མ་འདི་ལས་ཆད་སོང་བ་སྔ་ཕྱི་སྐབས་གཉིས་ཙམ་འདུག་པར། རྒྱལ་ཁབ་གེ་སར་ཞིབ་འཇུག་གཞུང་ལས་ཁང་གི་འགན་གཙོ་གཞོན་པ་འཇམ་དབྱངས་ཆོས་སྒྲོན་ལགས་ཀྱིས་བསྐྱར་པར་གློག་རྡུལ་དེབ་ཞིག་བསྐུར་གནང་མཛད་པ་ལས་ཆད་ཐོ་ཕྱི་མ་ཁ་གསབ་བྱེད་ཐུབ་སོང་མོད། སྔ་མའི་ཆད་ཐོའི་ནང་དོན་ཁ་གསབ་མ་ཐུབ་པར་རང་མལ་དུ་བཞག་དགོས་བྱུང་། སྒྲུང་དཔེ་གཉིས་པ་མཚོ་སྔོན་པར་མ་དང་འདན་ཁོག་པར་མ་གཉིས་སྒྲུང་བཤད་སྐོར་ཁྱད་པར་ཆེ་ཙམ་འདུག་ཀྱང་གླུ་ཤག་གི་ཐད་དུ་འདྲ་ས་མང་པོ་འདུག
གསུམ་པ་སི་ཁྲོན་པར་མ་སྔར་ཡོད་དམངས་ཁྲོད་མ་དཔེ་ལྟར་དུ་བསྡུ་བསྒྲིགས་བྱས་ནས་ཁ་སྐད་དང་བརྡ་རྙིང་མང་ཙམ་འདུག་ལ། སྒྲུང་ཡིག་འདིའི་འགོར་གསལ་བཤད་ཡང་བྱས་ནས་འདི་ལྟར་བཀོད་འདུག་སྟེ། གླིང་གེ་སར་རྒྱལ་པོའི་སྒྲུང་ལས། མ་སང་སྐྱེ་བུ་ཆེན་པོས་འདན་ཡུལ་ནས་རྫོང་ཕབ་པའི་རྟོགས་བརྗོད། ཅེས་པའི་སྒྲུང་ཡིག་འདི་ནི། དེང་དཀར་མཛེས་ཁུལ་རྫ་ཆུ་ཁའི་ས་ཁུལ་ནས་ལག་སོན་བྱུང་བའི་མ་དཔེ་དབུ་མེད་རུལ་སོང་ལག་བྲིས་མ། དཔེ་རྙིང་དཔེ་དཀོན་གྱི་གྲས་ཤིག་ཡིན། དེ་ནི་དམངས་ཁྲོད་བཤད་རྒྱུན་ལས་བྱུང་བ་ལེགས་སྒྲིག་དང་ཞུས་དག་པར་སྐྲུན་བྱེད་མ་མྱོང་བའི་ཁ་སྐད་ཅུང་མང་བའི་སྒྲུང་དཔེ་ཞིག་ཀྱང་ཡིན། ནང་དོན་གྱི་ཆ་ལ་བསམ་ན། འདན་ཁོག་ཏུ་གླིང་གི་ཇོ་རུ་སོགས་ཀྱིས་སྔོན་མོ་ནས་ཀྱི་རྫོང་ཕབ་པའི་སྐོར་ཞིག་ཡིན་མོད། འཇུ་མི་ཕམ་དང་། སྒྲུང་མཁན་ཐོ་ཅོ་པ་རིན་ཆེན་གྲགས་པ་སོགས་ཀྱིས་མཐོང་ཐོས་བརྒྱུད་མྱོང་བ་མ་དཔེ་རང་དུ་གསལ་ན། དཔེ་རྙིང་དཔེ་དཀོན་ཞིག་ཡིན་ངེས་དང་། ལོ་རྒྱུས་ཞིབ་འཇུག་སོགས་ཀྱི་རིན་ཚད་མི་དམན་པ་ཞིག་ཡོད་པར་དམིགས་ནས། སི་ཁྲོན་ཞིང་ཆེན་གེ་སར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་མི་རྒན་རྡོ་རྗེས་ཡིག་རྒྱག་ལ་སོགས་ལེགས་སྒྲིག་ལ་ངལ་བ་དང་ལེན་བྱས་ནས་པར་སྐྲུན་གྱི་ཆ་རྐྱེན་ཡོངས་སུ་བསྒྲུབས་ཁུལ་བྱས་ནས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་ཡིན་ཞེས་གསལ་པོར་བཀོད་འདུག །དེའི་ནང་དོན་ལ། གླིང་སྒྲུང་འདིར་བརྗོད་ཟད་མཐའ་ཞིག་ག་ལ་ཡོད་དེ་མེད་མོད། སྐབས་འདིར། འདན་ཡར་ལུང་ཁྲི་དཀར་རྒྱལ་པོ་དེ། གླིང་ཇོ་རུས་དབང་དུ་བསྡུས་ནས། འདན་ཁོག་ཏུ་སྔོན་མོ་ནས་ཀྱི་རྫོང་ཕབ་པའི་སྐོར་ཞིག་སྟེ། དེ་ལ་ཇོ་སྐྱིད་ཡིད་བཞིན་ནོར་བུ་ཁོང་རང་ལོ་དགུ་པར་རྨ་ས་བཟུང་ནས་བཞུགས་ཡོད་སྐབས། མེ་མོ་འབྲུག་གི་ལོར། ལྡོང་མི་འགྱུར་སྤྱི་དཔོན་རྒྱལ་པོ་ཉིད་ཀྱི་མ་ཡིག་ལུང་བསྟན་ལས། ལོ་དགུ་ལོན་ཚེ་འབྲུག་ལ་ཞོན། །འབྲུ་དྲུག་གཡང་གི་གཏེར་སྒོ་ཕྱེ། །ཞེས་གསུང་ཡོད་པ་དང་། ཁོང་གི་རྨི་ལམ་ལའང་། ལྷོ་སྤྲིན་དཀར་ཤིན་ཏུ་མཛེས་པ་ཞིག་གི་དཀྱིལ་དུ། གཡུ་འབྲུག་གི་སྒྲ་ལྡིར། འབྲུ་དཀར་གྱི་ཆར་བབས་པ་སོགས་རྨི་ལྟས་བྱུང་བར། སྤྱི་དཔོན་གྱི་ཐུགས་དགོངས་ལ། འདན་ཁྲི་དཀར་རྒྱལ་པོའི་ནས་རྫོང་ཕབ་པའི་དུས་ལ་བབས་པ་མཁྱེན་ནས། རྨ་སྨད་ཇོ་རུའི་མདུན་དུ་ཕེབས་ནས། ཁུ་ཚ་གཉིས་ཐུགས་གྲོས་ཞིབ་རྒྱས་མཛད། ཁུ་བོ་ཁྲོ་ཐུང་རྒྱལ་པོ་དང་ཇོ་སྐྱིད་ཡིད་བཞིན་ནོར་བུ་གཉིས་འདན་ཡུལ་ལ་ཕེབས་རྒྱུ་གཏན་ཁེལ། དེ་ལ་འདན་ཡུལ་ལུང་ཆུང་གཡུ་ཤོད། གནས་པདྨ་རིའི་མདུན་འདབས། ས་ཆུ་ཡར་ལ་ཆད་ས། ཆུ་ངན་མར་ལ་རྒྱུག་ས། གསེར་ལྡན་ཆུ་བོའི་མདུན་ཟུར། འབྲུ་སྔོན་མོའི་གཏེར་ཁ་ལེན་ས། གླིང་གི་འདན་མ་བློན་ཆེན་དང་། འདན་བཟའ་སྨན་གྱི་ཕ་ཡུལ། ལྷ་འཕགས་མ་སྒྲོལ་མའི་བཞུགས་གནས་དེར། འདན་ཕོ་བྲང་སྣང་བ་འོད་ལྡན་དེའི་དབུས་ན། ལྷ་ཇོ་བོ་ཞལ་དཀར་གྱི་སྤྲུལ་པ། འབྲུ་རིན་ཆེན་ནས་ཀྱི་མངའ་བདག །འདན་ཁྲི་སྡེ་གསུམ་གྱི་བདག་པོ། འདན་ཁྲི་དཀར་རྒྱལ་པོ་དང་། བཙུན་མོ་མེ་ཏོག་དར་སྒྲོན། མོ་སྨན་ཡོངས་ཀྱི་གཙོ་མོ་སྲས་མོ་མེ་ཏོག་ལུ་གུ་མཚོ་དང་། བློན་པོ་ཉི་མ་ཟེར་འཕེན་དང་། ཟླ་བ་ལག་བཟང་། སྐར་མ་ཁམས་བཟང་། སྤྱི་ཁྱབ་བེར་དམར་དར་ལུ། གཡོག་གོ་ཆོད་ལྷ་རྒྱལ་སོགས་ཕྱི་ནང་གི་འཁོར་ལོངས་སྤྱོད། དཔལ་འབྱོར་མངའ་ཐང་དགུང་དང་མཉམ་པ་ཡོད་ནའང་། ཁོང་གིས་ལུང་བསྟན་དང་། ཚེ་མདའི་རྟགས་མཚན་སོགས་གང་ལ་བལྟས་ཀྱང་། སྔོན་མོ་ནས་ཀྱི་རྫོང་དེ་འབེབ་རན་པའི་དུས་ལ་བབས་པ་དང་། གླིང་ཇོ་རུའི་རྫུ་འཕྲུལ་སྣ་ཚོགས་དང་། སྲས་མོའི་ཐབས་ཤེས། ཁུ་བོ་ཁྲོ་ཐུང་གི་དྲན་འཕྲུལ་སོགས་ལ་བརྟེན་ནས། འཁྲུག་རྩོད་དང་དམག་འཐབ་སོགས་ཆེར་མ་དགོས་པར་འདན་ཁྲི་དཀར་རྒྱལ་པོ་མངའ་འོག་ཏུ་འདུས། སྔོན་མོ་ནས་ཀྱི་འབྱུང་ཁུངས་དགོས་འདོད་ནོར་བུ་འབྱུང་། འཛམ་བུ་གླིང་གི་ཁྱད་ནོར། འདན་མ་ཡུལ་གྱི་ནང་རྟེན་ཨ་འབྲུ་གཡང་གི་ནོར་བུ་དེ། ཁྲ་མོ་གླིང་ཡུལ་ལ་གདན་དྲངས། བོད་ཡུལ་རྩམ་པའི་འཕེལ་རིམ་ལོ་རྒྱུས་དུམ་བུའང་དེ་ལས་བྱུང་བ་དང་། སྲིན་མོ་ནག་མོ་གྲོང་རྒྱུ་མ་དང་། ཧོར་གྱི་སོ་པ་མི་ཆུང་སྨུག་གུ་གཡག་ཞོན་དང་། བྷ་ཡི་ཨ་མྱེ་སྔགས་ནག་དང་། མོ་པ་ཧོར་བླ་རི་བ་རྒྱ་འཇམ་ལ་སོགས་གཞི་བདག་གི་ཚུལ་དུ་བཀའ་དང་དམ་ལ་བཏགས། བླ་གཡུ་དྲུག་དཀར་འོད་ལྡན་སོགས་བླངས། གསང་མཚན་རྒོད་རྒྱལ་བཙུན་མོ་དང་། མི་འགྱུར་བསྟན་པ་ལྷ་དར་ལ་སོགས་མཚན་དུ་གསོལ། གླིང་ཁམས་བདེ་ལ་བཀོད། ནས་གཡང་དེ་གླིང་གི་རྟེན་དུ་བཞག་ནས་ཇོ་རུ་རེ་ཞིག་རྨ་སྨད་དུ་བཞུགས་པ་སོགས་ཀྱི་ནང་དོན་གཙོ་བོ་མཚོན་ཡོད་ཅེས་གསལ་ལོ། །
མཚོ་སྔོན་པར་མ་ཞུ་དག་བྱས་ནས་ཡིག་སྐད་མང་བ་དང་ཡིག་ནོར་ཉུང་དུ་བཏང་འདུག །སྔ་གཞུག་གང་དུའང་གསལ་བཤད་མི་འདུག །སྒྲུང་དཔེ་འདིའི་ནང་དོན་ལ་ལེའུ་བཞིར་ཕྱེས་འདུག་པར། ལེའུ་དང་པོ། སྤྱི་དཔོན་རྒྱལ་པོས་ཇོ་རུ་ལ། །འདན་ཡུལ་ནས་རྫོང་ཕབ་རྒྱུ་ཞུས། །ཇོ་རུས་ཐབས་ཤེས་སྣ་ཚོགས་ཀྱིས། །ཁྲོ་ཐུང་རྒྱལ་པོ་གྲོགས་སུ་བཀུག །ལེའུ་གཉིས་པ། ཁྲོ་ཐུང་གཡོ་འཕྲུལ་ཅི་བྱས་ཀྱང་། །ལྷ་མདའ་ཁྱུང་གཤོག་ཇོ་རུར་ཐོབ། །འབྲོང་གཡག་ངར་མས་ཁྲོ་ཐུང་ཉིད། །རྭ་རྩེར་བླངས་ནས་འདམ་དུ་འཕངས། །ལེའུ་གསུམ་པ། ཇོ་རུས་བཟུང་བའི་སྤྱང་ཀི་གཉིས། །ཨ་ཁུར་བཙོངས་པས་ལས་ཐམ་ཐོབ། །ས་ངན་སྲིན་མོའི་བྷ་ག་རུ། །སྔགས་ནག་འཛུམ་མེད་དམ་ལ་བཏགས། །ལེའུ་བཞི་པ། སྟག་རོང་ཁྲོ་ཐུང་གཡོ་སྒྱུའི་ངང་། །སྔོན་ལ་རྒྱུགས་པས་ཕམ་ཁ་ཉོས། །ཇོ་རུས་རྫུ་འཕྲུལ་སྣ་ཚོགས་ཀྱིས། །ནས་གཡང་གླིང་དཀར་སྟོད་ལ་དྲངས། །ཞེས་སོ། །
སྒྲུང་དཔེ་བཞི་པ་སྒྲུང་མཁན་བསམ་གྲུབ་ཀྱིས་ཕབ་པའི་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་《འདན་མའི་ནས་རྫོང་།》 ཞེས་པ་བོད་ལྗོངས་དཔེ་རྙིང་པར་སྐྲུན་ཁང་གིས་པར་དུ་བསྐྲུན་ནས་གསལ་བཤད་དུ་འདི་ལྟར་བཀོད་འདུག་སྟེ། སྔོན་སངས་རྒྱས་སྟོང་རྩ་གཉིས་མི་ཡུལ་དུ་བྱོན་ནས་བསྟན་པ་རིན་པོ་ཆེའི་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བས་མགོ་ནག་སེམས་ཅན་ཐམས་ཅད་ལ་གནས་སྐབས་ཀྱི་བདེ་བ་ཕྲན་བུ་ཐོབ་པ་བྱུང་ཡང་དུས་མི་རིང་བར་ཕྱོགས་བཞི་མཚམས་བརྒྱད་ཀྱི་བདུད་སྲིན་མ་རུངས་པ་རྣམས་ངན་པ་ལག་འབྲེལ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དགྲ་རུ་འཛིན། ས་ཐོག་གི་འགྲོ་དྲུག་སེམས་ཅན་རྣམས་ལ་ཞེ་སྡང་ཕྲག་དོག་དང་ཁོང་ཁྲོ་ང་རྒྱལ་གྱི་སྡང་མིག་རབ་ཏུ་བགྲད་ནས་སྲོག་གཅོད་དབུགས་ལེན་དང་ཤ་ཟ་ཁྲག་འཐུང་གི་མཆེ་བ་གཙིག་པས། མགོ་ནག་སེམས་ཅན་རྣམས་ཡ་ང་འཇིགས་སྐྲག་གི་གནས་སུ་ལྷུང་ལ་ཉེ་བ་ན། སུམ་ཅུ་རྩ་གསུམ་ལྷ་ཡི་ཞིང་ཁམས་ནས་རིགས་གསུམ་མགོན་པོའི་སྐུ་ལུས་གཅིག་འདུས་ཀྱི་ལྷ་སྲས་ཤིག་བར་མ་མི་ཡི་ཡུལ་དུ་སྐུ་ལུས་བསྒྱུར་ནས་གཉོམ་ཆུང་སྐྱོང་བའི་གླིང་དཀར་རྗེ་བོའི་ཁྲི་ལ་འཛེགས། འོན་ཀྱང་ལྷ་སྲས་དེ་ཉིད་ཀྱིས་མི་ཡུལ་གྱི་འགྲོ་དོན་བསྐྱང་བར་གྲུབ་ཐོབ་ས་ར་ཧ་པའི་རྣམ་སྤྲུལ། འདན་ཟ་ཧོར་རྒྱལ་པོའི་སྲས་པོ་ཚ་ཞང་འདན་མ་བྱང་ཁྲ་ཞེས་པའི་ལྷ་སྲས་དེ་དཔུང་རོགས་སུ་ངེས་པར་གདན་འདྲེན་ཞུ་དགོས་པར་མ་ཟད། མགོ་ནག་མི་ལ་མེད་ཐབས་མེད་པའི་འདན་མའི་ནས་རྫོང་དེ་སྒང་པ་བོད་ལ་བཞག་པ་དགོས་པ་ཡིན་པས། དོན་དེ་གཉིས་བསྒྲུབ་པར་གླིང་གི་བང་མི་རིམ་པར་མངགས་ནས་འདན་གླིང་གཉིས་ལོ་གསུམ་རིང་ཆིངས་དང་འདུན་མ་བྱས། གླིང་པ་རྣམས་དཔའ་སྟོབས་ཆེ་བ་དང་འདན་ཡུལ་གྱི་དཔོན་བློན་རྣམས་དཔའ་སྙིང་ཆེ་བས་དུས་རེ་ཞིག་བར་གཅིག་འོག་གཅིག་ཏུ་མ་འདུས་པར་བཙན་པོ་གཡུལ་ལག་བསྲེ་ལ་ཉེན་ཚེ། གླིང་རྒྱལ་བློན་མདུན་གྲོས་ཀྱིས་འདན་གླིང་འཁྲུག་རྩོད་མི་རུང་བར་བསྐལ་པ་ཇི་སྲིད་བར་མནའ་འབྲེལ་མཛའ་མཐུན་ཡོང་རྒྱུའི་བཀའ་ཡིག་བསྐུར། ཟ་ཧོར་རྒྱལ་བློན་རྣམས་གླིང་དཀར་པོའི་བཀའ་ཡིག་དོན་ལ་མོས་སེམས་སྐྱེས་ནས་མཐར་འདན་མ་བྱང་ཁྲས་གཙོས་དཔོན་བློན་འཁོར་བཅས་གླིང་ཡུལ་དུ་ཞབས་སོར་སྐྱོད་པར་མ་ཟད་རིན་ཆེན་འབྲུ་ཡི་གཏེར་ཁ་མགོ་ནག་མི་ཡི་སྤྱི་ནོར་དུ་འཇོག་རྒྱུའི་ཞལ་འཆམ། ཟ་ཧོར་རྒྱལ་པོའི་སྲས་པོ་འདན་མ་བྱང་ཁྲ་དེ་ཡང་གེ་སར་རྒྱལ་པོའི་བཀའ་ཡི་བློན་པོར་བསྐོས་ནས་འདན་གླིང་གཉིས་བསྐལ་པ་ཇི་སྲིད་བར་མནའ་འབྲེལ་འཆམ་མཐུན་དང་སྐྱིད་སྡུག་མཉམ་མྱོང་བྱ་རྒྱུའི་ཚ་ཞང་གི་འབྲེལ་བ་གཏན་དུ་ཕབ་པར་གདའོ། །ཞེས་བཀོད་པ་སོགས་འདན་མའི་ནས་རྫོང་པར་མི་འདྲ་བ་བཞི་པོའི་ནང་དོན་ལ་ཞི་རྒྱས་དབང་དྲག་གི་འཛད་འཕྲིན་གྱི་ཁྱད་པར་ཙམ་ནི་ཕན་ཚུན་ཁ་སྐོང་དང་འཐུས་སྒོ་ཇེ་ཚང་དུ་སོང་བའི་རྣམ་པ་ཞིག་ཏུ་འཁུམ། །