དཔལ་ཚ་ཞང་འདན་མ་བྱང་ཁྲ་ནི་གླིང་གི་ཕུ་ནུ་སུམ་ཅུ་དང་། ཡང་ཐུལ་དམ་པའི་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ་གྱི་ནང་ཚན། སྨུག་པོ་ལྡོང་གི་རུས་རྒྱུད་དུ་སྐྱེས་ཤིང་། གླིང་རྗེ་གེ་སར་རྒྱལ་པོའི་བློན་ཆེན་དུ་གྱུར་ཅིང་། འདན་སྟོད་སྐྱུ་ར་བྲག་གི་མན་ཆད་དང་། འདན་སྨད་རྫ་བྱང་པ་ཁག་གི་ཡན་ཆད་ལ་དབང་བསྒྱུར་བའི་འདན་སྡེ་ཁྲི་སྐོར་བཅུ་གཉིས་ཀྱི་དཔོན་པོ་ཡིན་ཞིང་རིམ་བཞིན་གླིང་གི་དཔའ་ཐུལ་སུམ་ཅུའི་ཡང་རྩེ་རུ་གྱུར། རྒན་གཅོད་པ་དོན་གྲུབ་ཀྱིས་བརྩམས་པའི《 གེ་སར་རྒྱལ་པོའི་ཤུལ་རྟེན་གྱི་རྣམ་བཤད་རབ་གསལ་མེ་ལོང་།》ལས།“ཁོང་གི་ཆིབས་པའི་མིང་ལ་རྟ་འདོ་བ་དངོས་གྲུབ་ལྡེམ་པ་དང་། རལ་གྲི་ལྗང་པ་ཡུ་དམར། མི་འགྱུར་དུང་གཞུ་དཀར་པོ་རང་འཁྱིལ། མདའ་མི་འགྱུར་གནམ་ལྕགས་ཐོག་མདའ། ཁྲབ་ཆེན་ཉི་མ་རང་ཤར། རྨོག་ཆེན་བྱུ་རུ་མདངས་འཛིན་དང་བཅས་པ་ཡིན”ཞེས་བཤད་འདུག
ཀ་ཕུ་དགོན་དུ་ཉར་ཚགས་བྱས་པའི་གེ་སར་གྱི་ཞལ་ཐང་།
ཁོང་གི་མཚན་སྙན་ནི་མི་རབས་ནས་མི་རབས་སོང་ནའང་བོད་གངས་ཅན་པ་ཡོངས་ཀྱིས་དུས་གཏན་དུ་བརྗེད་མི་སྲིད་པ་མ་ཚད། འཛམ་གླིང་གི་ས་སྒང་འདིའི་སྟེང་དུ་ཡོངས་སུ་གྲགས་སོ། །
ལོ་བཅུ་ལྷག་གི་སྔོན་དུ་ཤར་ལུང་རི་དྲུག་མཁར་ཤུལ་དུ་ཕྱི་བས་དྲུས་པའི་དོང་ནས་བུད་པའི་འདན་མའི་ཟངས་དཀར།
དེ་ལྟ་བུའི་དཔའ་བོ་དམ་པ་དེའི་སྐུ་མཁར་འདན་ཤར་ལུང་རི་དྲུག་གི་མཁར་ཤུལ་སྐོར་ལ་དེ་ཡང་གླིང་སྒྲུང་《ཧོར་གླིང་གཡུལ་འགྱེད།》མཚོ་སྔོན་པར་མ་ཤོག་གྲངས་༥༨༨ལས།“ཕོ་ང་དང་ང་ངོ་མ་ཤེས་ན། །འདན་ཤུག་ར་ཞོལ་མའི་ཡར་ནང་ནས། །འདན་ཤུག་ར་གོང་མའི་མར་ནང་ན། །ཤར་ལུང་རི་དྲུག་ནང་བཅུད་ལ། །
ཀ་ཕུ་དགོན་དུ་ཉར་ཚགས་བྱས་པའི་ཚ་ཞང་འདན་མ་བྱང་ཁྲའི་དབུ་རྨོག་དང་མདུང་། འདན་མའི་གསེར་འབུམ་སོགས།
དཔོན་གེ་སར་ཁྲི་གདུགས་ཉི་མ་དེའི། །དཔའ་འདན་མ་འོད་ཀྱི་སིལ་མ་ཟེར། །”ཞེས་དང་། 《 རྒྱ་གླིང་།》 བོད་ལྗོངས་པར་མ་ཤོག་གྲངས་༢༠༦ལས།“ཕ་མིང་མ་ཐོབ་མ་མིང་ཐོབ། །མ་མ་འདན་ནས་ཡིན་པའི་མིང་། །ཞང་པོ་བྱང་ནས་ཡིན་པའི་ཕྱིར། །དེས་ནས་འདན་མ་བྱང་ཁྲ་ཟེར། །”ཞེས་དང་།《སྟག་གཟིག་ནོར་འགྱེད།》རབ་རྒྱན་ཤིང་ཁྱིའི་ཟླ་བ་བརྒྱད་པར་ལྡན་མ་འཇམ་དབྱངས་ཚུལ་ཁྲིམས་ཀྱིས་ལག་བྲིས་མའི་ཤོག་གྲངས་༨ལས།“ང་འདྲ་ང་ངོ་མ་ཤེས་ན། །ཤར་ལུང་རི་དྲུག་མཁར་ནང་ནས། །གདན་ཁྲི་སུམ་བརྩེགས་ཡང་སྟེང་ནས། །དཔའ་མི་འགྱུར་ཚ་ཞང་འདན་མ་ཡིན། །”ཞེས་གསུངས་པ་ལྟར། ཤར་ལུང་རི་དྲུག་གམ་སྒང་དྲུག་ཅེས་པ་ནི། རྒྱབ་རི་གསུམ་དང་མདུན་རི་གསུམ་སྟེ་རི་དྲུག་གི་དཀྱིལ་དུ་ཡོད་པའི་སྒོ་ནས་བཏགས་པ་ཡིན་ནོ། །
འདན་མའི་མདའ་རྟགས་བཞག་སའི་ཕ་བོང་།
རི་དྲུག་ནི་ཡོངས་གྲགས་སུ་བཤད་པ་ལྟར་ན། རྒྱབ་རི་དབུས་མ་སྒང་འཚེར་སྒང་དང་། རྒྱབ་རི་གཡས་ལ་ཞེ་འབོལ་སྒང་། རྒྱབ་རི་གཡོན་ཝ་རྒལ་སྒང་ཟེར་ཞིང་། མདུན་རི་དབུས་མ་ལྷོ་ཆུ་སྒང་དང་། མདུན་རི་གཡས་ལ་ཝམ་འབམ་སྒང་། མདུན་རི་གཡོན་གཡང་རི་སྒང་ཟེར་ཞིང་རི་དྲུག་གི་དཀྱིལ་དུ་ཆགས་ཡོད་པ་སྨོས་མ་དགོས་ལ་མཁར་ལ་ཤར་ལུང་རི་དྲུག་མཁར་ཟེར་བར་ད་ལྟའང་མིང་དེ་ལྟར་ཆགས་ཡོད་ལ། གླིང་སྒྲུང་ཐམས་ཅད་ཀྱི་ནང་དུ་རྫོང་བཙན་པོ་ཤར་ལུང་རི་དྲུག་མཁར་རྫོང་ཞེས་ཟེར་བ་དང་། ད་ལྟ་ཀ་ཕུ་དགོན་པའི་ཉེར་འཁོར་དུ་མཁར་དངོས་ཞིག་ཤུལ་གྱི་ས་འབུར་ཆེན་པོ་ཞིག་ཡོད་ཅིང་། རྨང་གཞིའི་རྡོ་རྩིག་ཅུང་རེ་མཐོང་ཞིང་སྐམ་ཤས་ཆེ་སར་གྱང་དུམ་ཅུང་ཙམ་རེ་ཡང་ལྷག་འདུག ། མཁར་ཤུལ་གྱི་ཕྱོགས་ལ་ལ་ནས་ཕྱི་བའི་ཁུང་བུ་སོགས་ནས་སྤང་ལེབ་དང་ལྕམ་དུམ་སོགས་རྙེད་རྒྱུ་འདུག་ཟེར།
མཁར་འདི་གྱང་ལས་གྲུབ་པ་དང་ལོ་མང་སོང་ཡང་བརྩེགས་རིམ་གཅིག་ཅན་གྱི་གྱང་གོག་ད་ལྟར་ཡང་མཐོང་རྒྱུ་ཡོད་པས་ཧ་ཅང་སྲ་མཁྲེགས་ཅན་གྱི་བརྩིགས་གྱང་བཟོས་ཡོད་པ་འདྲ། གཡས་ཕྱོགས་སུ་གད་དོང་གཏིང་ཟབ་རིང་ཙམ་ཡོད་པར་གཡུ་འབྲུག་འཁྱིལ་བའི་གད་པ་དང་། དེ་ཡི་གཡས་ཕྱོགས་ཆེར་མི་རིང་བའི་སར་དེའུ་འབུར་ཆེ་ཆུང་གཉིས་ཡོད་པ་དམག་གི་སོ་བྱེད་ས་ཡིན་ལ་ད་ལྟའང་སོ་དེའུ་གོང་འགབ་ཟེར། གཡོན་ན་འདན་མའི་བླ་ཤིང་ཤུག་པ། གཞུང་ལམ་འགྲམ་ན་ཚེར་ཕུང་དམར་པོ་ཞིག་སྐྱེས་འདུག་པ་འདན་མའི་ལྟེ་ཁྲག་ས་ལ་འཐོར་ཤུལ་ཡིན་པ་དང་། འདན་མའི་ཚེར་ཕུང་དམར་པོའམ་འདན་ཚེར་སྤུངས་ལ་ཁའང་ཟེར་ཞིང་། སྔ་ནས་ད་ལྟའི་བར་འཛམ་གླིང་སྤྱི་བསངས་སྐབས་ཀྱི་སྡེ་དགོན་ཟུང་གིས་ལྷ་བསངས་ཕུལ་ས་ཡིན། སྐུ་མཁར་གྱི་མདུན་ཐང་དུ་ཀ་སིང་ཐང་ཞེས་ད་ལྟའང་འབོད་བཞིན་ཡོད་ལ། འདན་མ་གཡུལ་དུ་ཆས་སྐབས་ཀྱི་བསང་ཁྲི་དང་། མདའ་རྟགས་བཞག་སྟེ་བྲག་ཐོ་ཆེན་པོ་ཞིག་གི་རྩེ་མོ་བཅད་པའི་ཤུལ་བཅས་གསལ་པོར་ཡོད། ད་ལྟའང་དགོན་པ་དང་སྡེ་པ་ཡོངས་ཀྱིས་དབྱར་ཐང་བཞུགས་ས་དང་། རྟ་རྒྱུགས་དང་རྩེད་བྲོ་འཁྲབ་ཅིང་བསང་ཁྲི་རུ་བསང་གཏོང་བ་སོགས་ཀྱི་སྲོལ་རྒྱུན་ཆགས་ཡོད། སྐུ་མཁར་རྒྱབ་ཀྱི་ཡུལ་ལྷ་གང་གང་རྒྱལ་པོའི་མདུན་དུ་བྲག་རི་ཧ་ཅང་མཐོན་པོའི་ངོགས་ནས་ཆུ་ཕྲན་ཞིག་འབབ་པ་དེ་ལ་ཆུ་འཕྱར་བྲག་ཟེར་ཞིང་། བྲག་རི་དེ་ཡི་ལོགས་སུ་འདན་མ་ཚེ་སྒྲུབ་ཀྱི་བསྙེན་མཚམས་བཞུགས་གནས་ཀྱི་བྲག་ཕུག་ཅིག་ཡོད། ཁོང་གིས་ཚེ་ཡི་ལྷ་ཚོགས་སྒྲུབ་ནས་འགྲུབ་པའི་ཕུག་པའི་ཕུག་ནས་ཚེ་ཆུ་རང་འབབ་ཏུ་བྱུང་བ། དེ་འཐུང་ན་ཚེ་རིང་བའི་ཕན་ཡོན་ལྡན་ཟེར་ཞིང་ཡུལ་མི་རྣམས་ཀྱིས་ཁྱེར་བ་དང་མ་ཚད་ཡུལ་གཞན་དུའང་ཁྱེར་བཞིན་ཡོད། སྒྲུབ་ཕུག་དེ་ཡི་མཐའ་སྐོར་དུ་ཕ་བོང་ཤིན་ཏུ་ཆེ་བ་དུ་མ་བརྩེགས་ནས་འདུག་པ་འདི་ནི་མི་ཕལ་པ་ཞིག་གི་རྩིག་པ་མིན་པ་འདྲ། འདིར་ཞིབ་འཇུག་པ་རྣམ་པས་རྟོག་དཔྱོད་བྱེད་པ་འཚལ་ལོ། །
སྐུ་མཁར་གྱི་གཤམ་དུ་བཀའ་བཞི་པ་བྱང་ཆུབ་སེམས་དཔས་ཕྱག་བཏབ་པའི་འདན་ཀ་ཕུ་དགོན་པ་ཆགས་ཡོད་ལ། འདན་ཀ་ཕུ་སྐྱིད་ཀྱི་དགོན་པ་འདི་ནི་དཔའ་ཚ་ཞང་འདན་མའི་ལོ་རྒྱུས་ཁུངས་ལྡན་འདི་རུ་ཡོད། འདན་མའི་གདན་ས་དངོས་ཀྱང་འདི་ཡིན་པའི་བཤད་སྲོལ་ཡོད་ལ་དགོན་པ་འདི་རུ་གླིང་འདན་མའི་སྐུ་རྟེན་ལྟ་བུར་གེ་སར་རྒྱལ་པོ་གཙོ་བཞུགས་ཀྱི་ཁྲ་གླག་སྤྱང་གསུམ་གྱི་སྐུ་ཐང་དང་། ཤོག་ནག་ལ་གསེར་བྲིས་གནང་བའི་འདན་མའི་གསེར་འབུམ་ཞེས་གྲགས་པར་གསུང་རྟེན་དང་། ད་དུང་རིན་ཐང་ལྡན་པའི་གནའ་རྫས་འདན་མའི་ཁྲབ་དང་རྨོག །མདའ་གཞུ། སག་ཐག །རལ་གྲི། མདུང་། ཕུབ་བཅས་གོ་ཆ་ཆ་ཚང་ཡོད་པ་ཀ་ཕུ་དགོན་པའི་དགུན་ཆུང་གི་གར་འཆམ་ཆེན་མོའི་སྐབས་གོ་ཆ་དེ་དག་པེ་ཧར་རྒྱལ་པོའི་འཆམ་ཆས་ཡིན་པ་དང་། གནའ་ཤུལ་གྱི་བདེན་དཔང་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས། དངོས་རྫས་ཀྱི་རིན་ཐང་ལྡན་པའི་གནའ་རྫས་དེ་དག་ལས་སྐུ་ཐང་དང་། གསེར་འབུམ་ཐར་ཐོར། དབུ་རྨོག །ཁྲབ་བྱང་། མདུང་དེ་དག་མ་གཏོགས་གཞན་དག་དུས་འགྱུར་གྱི་སྐབས་སུ་བརླགས་ཟིན། འདན་མའི་ཞལ་ཐང་དང་། གསེར་འབུམ། དབུ་རྨོག །མདུང་རྣམས་ད་ལྟར་འདན་ཀ་ཕུ་དགོན་པའི་ནང་རྟེན་དུ་ཉར་ཚགས་བྱས་ཡོད། གནའ་ཤུལ་གྱི་དངོས་རྫས་འདི་དག་ནི་དད་ལྡན་མཇལ་བ་པོ་སུ་ཡིན་རུང་དངོས་སུ་མཇལ་ཁའང་གནང་བཞིན་ཡོད་དོ། །