གདོང་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ཤུལ་ཡོད་སའི་ཇ་རིའི་སྡེ་པ།
མདོ་ཁམས་གླིང་ཁྲི་བར་མ་ལས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་འབྲི་ཀླུང་དང་ཟླ་ཀླུང་འབྱམས་སུ་ཀླས་པའི་བར་ལ་འབྲི་ཟླ་ཟལ་མོ་སྒང་ཞེས་གྲགས་པའི་ཆར་གཏོགས་ཕུ་བོ་ལྡོང་གི་རིགས་ལ་བཞིར་གྱེས་པའི་སྨུག་པོ་ལྡོང་ཞེས་ཆོས་འཕེལ་ནག་པོའི་བརྒྱུད་པ་གསེར་གྱི་ཉག་ཐག་ལ་དམ་ཚིག་གི་གཡའ་ཡིས་མ་གོས་པར་གླིང་དཀར་སྟོད་སྨད་བར་གསུམ་གྱི་ནང་ཚན་ཆེ་བརྒྱུད་སྟོད་གླིང་གསེར་པ་མཆེད་བརྒྱད་ཅེས་དམག་སྡེ་རུ་ཆེན་བརྒྱད་ཀྱི་འགོ་འཛིན་ནི།《 ཧོར་གླིང་གཡུལ་འགྱེད།》ལས། ཆེ་རྒྱུད་སྲིད་པའི་དཔོན་པོ་ལ། །གསེར་གྱི་ཉི་མ་འབུམ་ཐུབ་བཞུགས། །སྒེར་བློན་སྟག་རོང་གཟིག་འཕེན་གྱིས། །ཞེས་གསུངས་པ་ལྟར་གསེར་པའི་ཉི་འབུམ་དར་ཡག་ནི་ཡབ་ཨ་རྒྱས་ཚང་དང་ཡུམ་མཛངས་མ་གསེར་བཟའ་ལྷ་མོ་གཡང་སྒྲོན་གཉིས་ཀྱི་ཐབས་ཤེས་བདེ་སྟོང་ཟུང་གི་རྣམ་རོལ་ལས་ལྷུམས་སུ་ཞུགས་ཤིང་སྐུ་ཡི་མཚན་དཔེ་གངས་རིའི་ལྗོངས་འདིར་གྲོལ་བའི་གསེར་པའི་ཉི་འབུམ་དར་ཡག་ཅེས་ས་ཆེན་པོ་འདིར་ཡོངས་སུ་གྲགས་པ་དེའི་རིགས་རུས་ཀྱི་ཁྱད་པར་སྟོན་པའོ། །
མཁར་ནག་རྡོ་རྗེ་བྲག་རྫོང་ཞིག་རལ་གྱི་ཟུར་ཞིག
དེ་ཡང་དེང་དུས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་ནུབ་ཕྱོགས་སུ་སྤྱི་ལེ་༡༤༨ཡས་མས་ཙམ་སྐྱོད་ཅིང་མཚོ་འཕགས་སུམ་སྟོང་ལྷག་ཡོད་པའི་རྩེ་ལུང་ངམ་གསེར་ལུང་ཞེས་པའི་ལུང་འདའ་དེར་ཕྱིན་པ་ན། གནའ་དུས་གསེར་པའི་ཉི་འབུམ་དར་ཡག་གི་མངའ་འབངས་སུ་གྱུར་པའི་ཇ་རིའི་སྡེ་པ་ཞེས་པའི་ལྷ་སྡེ་དཀར་པོའི་གྲོང་ཚོ་དེར་གསེར་པའི་ཉི་འབུམ་དར་ཡག་གི་མཁར་ནག་རྡོ་རྗེ་བྲག་རྫོང་གི་རྗེས་ཤུལ་གཙོ་བོ་བྱས་པའི་གྲོང་པ་དེའི་ཕྱོགས་བཞིར་མཚམས་བརྒྱད་དག་ཏུ་སྟོད་གླིང་གསེར་པ་མཆེད་བརྒྱད་ཀྱི་ཕ་མཁར་བརྒྱད་ཡོད་པ་གྲགས་ཀྱང་། དེང་དུས་དངོས་སུ་མཐོང་རྒྱུ་ཡོད་པའི་མཁར་ཤུལ་བར་གྲོང་མཁར་སེར་དང་། མ་ཎི་མཁར་སྔོན། ཕྱི་གྲོང་མཁར་དམར། ཁྲི་པའི་མཁར་སྐྱ། མཁར་སྨུག་མཛོ་མོ་རི་རྫོང་ཞེས་གྲོང་པ་དེའི་རྒ་རྒོན་དག་གིས་མཛུབ་མོ་རིང་བསྟན་གྱིས་གྱང་རལ་ཙམ་མིང་གི་ལྷག་མ་རེ་འབོད་པའི་རྗེས་ཤུལ་མ་གཏོགས་གཞན་མཐོང་རྒྱུ་མི་འདུག །སྐབས་དེར་བཞེངས་པའི་དངོས་ཡོད་གནས་ཚུལ་ལྟར་རིག་དངོས་རྩ་ཆེན་ཞིག་ལ་མཁར་ལྟག་མ་ཎི་པད་སྤུངས་མཐོང་གྲོལ་ཆེན་མོའི་དཀྱིལ་འཁོར་གྱི་རྡོ་འབུམ་དེར་གནའ་བོའི་རྡོ་བརྐོས་ལག་རྩལ་ལས་རྒྱལ་བའི་བཀའ་འགྱུར་ཆེན་མོ་དང་། བསྟན་འགྱུར་གཟུང་སྔགས་གྲངས་ལས་འདས་པའི་གསུང་རྟེན་ཡིག་འབྲུའི་རྣམ་པའི་ཚུལ་དུ་བྱོན་པ་རྣམས་བཞེངས་ཏེ་ད་ལྟའི་བར་བཞུགས་ཡོད་པ་དང་། གསང་གསུམ་རྒྱལ་བའི་མཚན་དཔེའི་རང་གཟུགས་བསྐལ་བཟང་སངས་རྒྱས་སྟོང་གི་ཞལ་སྐྱིན་ལོངས་སྐུ་དང་སྤྲུལ་སྐུའི་ཆ་བྱད་ཅན་དང་། ཉན་རང་བྱང་སེམས་སོགས་ས་ཐོབ་ཀྱི་སེམས་དཔའ་མང་པོའི་སྐུ་བརྙན་ཅི་རིགས་སོགས་འབུར་བརྐོས་དང་འཇམ་བསྐོས་ཟུང་དུ་སྡེབ་པའི་སྒྱུ་རྩལ་གྱི་ཁྱད་པར་ལས་འཁྲུངས་པའི་སྐུ་གཟུགས་སྤུས་དག་ལ་སྒྲོས་གཙང་མར་བཞེངས་པའི་སྐུ་རྟེན་དང་། མཆོད་རྟེན་བརྒྱ་རྩ་དང་མཆོད་རྟེན་ཆ་བརྒྱད་སོགས་མཆོད་རྟེན་གྱི་རིགས་སྣ་ཚོགས་རྡོ་བརྐོས་ལག་རྩལ་ལས་ཐོན་པའི་ཐུགས་རྟེན་སོགས་མཇལ་རྒྱུ་ཡོད་ལ། བཤད་སྒྲོས་ལྟར་ན་མཁར་ནག་རྡོ་རྗེ་བྲག་རྫོང་གི་རྒྱབ་ཏུ་ཉི་འབུམ་ཡབ་ཡུམ་གྱི་བླ་མཚོ་གཏིང་ཟབ་ལ་ཁེབས་ཡངས་པ་ཞིག་ཀྱང་གནས་དེར་ཡོད་པར་མ་ཟད་མཁར་དེ་དག་རེ་རེའི་འོག་ཏུ་ཀླུ་ཆེན་བརྒྱད་ཀྱི་ཆུ་མིག་རེ་ཡོད་པའི་ལོ་རྒྱུས་བཤད་རྒྱུན་འདུག་མོད། མིག་སྔར་མཐོང་བའི་ཡུལ་དུ་མ་གྱུར་པས་འདིར་སྤྲོས་པའི་ངལ་བར་མ་བྱས་སོ། །གཞན་ཡང་བླ་མཚོ་དེའི་ཉེ་འགྲམ་དུ་ཉི་འབུམ་གདུལ་བྱ་འདི་ནས་ཞིང་གཞན་དུ་གཤེགས་སྐབས་སྐུ་གདུང་ཞུགས་ལ་ཕུལ་ནས་མཆོད་རྟེན་ཞིག་ཀྱང་བཞེངས་ཡོད་པར་གྲགས་ལ་དུས་འགྱུར་གྱི་གཡོ་འགུལ་འོག་འཐོར་ཞིག་ཏུ་སོང་ནས་སཙྪ་དང་ཤིང་རུལ་རྣམས་ཕྱིས་སུ་ཡང་ཆག་ཉིལ་དུ་སོང་བའི་རྗེས་ཤུལ་མཐོང་རྒྱུ་ཡོད་པར་རྒན་རྒོན་ཚོ་ལ་བཤད་རྒྱུ་ཡོད་པར་བདེན་ཚོད་འདུག །ཇ་རིའི་སྡེ་པའི་ཡར་ཀའི་གྲོང་ལྟག་ལྷ་ཕྱྭའི་ཐོག་གམ་མཁར་སེར་གའུ་གསེར་རྫོང་གི་གཡས་ངོས་སུ་རྗེ་འདི་ཉིད་ཀྱིས་འགྲིལ་ངོར་འོད་གསལ་རྫོང་གི་གནས་ནས་བཏོན་པར་གྲགས་པའི་ཆུ་བོ་ཆུང་ཆུང་ཞིག་འབབ་བཞིན་ཡོད་པས་ཆུ་འདའ་ཇ་རིའི་སྡེ་པའི་དུད་ཚང་ཞིག་གི་ར་བའི་འོག་ནས་འབྱམས་བཞིན་ཡོད་པར་གྲགས་ལ། ཆུ་འགོ་དེ་ཡི་གནས་བདག་ཀླུ་རྒྱལ་གསལ་མཛེས་བདེ་ལྡན་མ་ལ་བཅོལ་བའི་འཕགས་མ་སྒྲོལ་མའི་སྒྲུབ་ཆུ་ཡིན་པར་ངོས་འཛིན་གནང་བའི་ལོ་རྒྱུས་དང་། དེང་དུས་ཇ་རིའི་སྡེ་པའི་གྲོང་ལྟག་ལྷ་ཕྱྭའི་ཐོག་དེར་གསེར་པའི་གྱད་རྡོ་ཕ་བོང་ལྷ་སྐལ་ཞེས་པའི་རྡོ་ཆེན་པོ་ཞིག་ཡོད་པ་དེ་ཉིད་སྐབས་དེར་སྟོད་གླིང་གསེར་པ་མཆེད་བརྒྱད་ཀྱི་རྗེ་འབངས་མཉམ་འཛོམས་དགའ་སྟོན་སྤེལ་བའི་དུས་སུ་ལྡོང་གསེར་པའི་ཉི་འབུམ་དར་ཡག་མཆོག་གི་རྩལ་འགྲན་དུས་བཟང་ཞིག་གི་ཉིན་སྐུ་རྩེད་ཀྱི་ཚུལ་དུ་རྫུ་འཕྲུལ་གྱིས་གྱེན་དུ་བཏེགས་ནས་འཇོག་སྟེ་མ་འོངས་རྟེན་འབྲེལ་དུས་སུ་སྨིན་ཚེ་ཕ་བོང་དེ་ལས་རྒྱལ་ཡུམ་ཤེར་ཕྱིན་འབུམ་པ་ཆ་ཚང་ཞིག་ཆོས་སྐལ་དུ་ལས་ཅན་སྐྱེས་བུ་དམ་པ་ཞིག་དང་འཕྲད་ནས་ནམ་ཞིག་གཏེར་ནས་འདོན་རྒྱུ་ཡོད་པའི་ལུང་བསྟན་ཀྱང་གནང་ཡོད་པའི་བཤད་རྒྱུན་ཡོད་པར་གྲགས་ལ། ལུང་པ་དེའི་ཕུ་འདའ་བར་གསུམ་དུ་གླིང་རྗེ་གེ་སར་རྒྱལ་པོ་དཔོན་བློན་རྣམས་ཀྱིས་ཤུལ་བཞག་རིག་དངོས་གྲངས་ལས་འདས་པའི་མཛད་རྗེས་བཞག་ཡོད་ལ། གཞན་ཡང་ཇ་རིའི་སྡེ་པའི་ཕ་རིར་ཝ་དགེའི་མདུན་ཆེན་ཞེས་པའི་ལུང་པའི་ཕུགས་སུ་དམ་པ་གང་དེའི་སྒྲུབ་ཕུག་མཐོང་བ་རང་གྲོལ་ཞེས་པ་ཞིག་ཡོད་པ་གྲགས། སྤྱི་ལོ་༡༢༦༧ལོའི་ཡར་སྔོན་དུ་ཇ་རིའི་སྡེ་པའི་གྲོང་སྡེ་འདིའི་གཡས་ཟུར་ནས་དཀར་གསེབ་མི་འགྱུར་གཡུང་དྲུང་ཐར་པ་གླིང་ཞེས་པའི་གཡུང་དྲུང་བོན་གྱི་གྲུབ་མཐའ་འཛིན་པའི་དགོན་སྡེ་ཞིག་ཡོད་པར་གྲགས་ལ། ཇ་རིའི་སྡེ་པ་དང་མཆོད་ཡོན་འབྲེལ་བའི་ཆོས་སྡེའམ་བོན་སྡེ་ཞིག་ཡིན་སྟབས་གྲོང་ཚོ་འདི་ལ་ཇ་རི་ནམ་ཇ་རིན་ཞེས་ཐ་སྙད་མི་འདྲ་བ་གཉིས་བྱུང་བའི་ལོ་རྒྱུས་ལྟར་ན། གྲོང་ཚོ་དེ་ལ་གཡུང་དྲུང་བཀྲ་ཤིས་ཚང་ཟེར་བའི་ཁ་ལས་དགེ་བའི་འབྱོར་ལྡན་གྱི་དུད་ཚང་ཆེ་གྲས་ཤིག་ཡོད་པར་གྲགས་ལ། སྐབས་དེར་བྱ་ལས་ཆེ་ཕྲ་གང་དུ་ཞུགས་ཀྱང་ཐོག་མར་དུད་ཚང་དེའི་ནང་ཇ་འཐུང་ནས་ཁ་དགེ་བཀྲ་ཤིས་ཀྱི་ཁ་གཡང་འབོད་བཅུག་ན་ལེགས་ལམ་རྟགས་དང་རྟེན་འབྲེལ་བཟང་པོ་གེག་མེད་དུ་འགྲུབ་པའི་སྡོང་གྲོགས་ཡོད་པར་གྲགས་པའི་སྲོལ་དང་། ལས་དབང་ཆེ་ཆུང་ཕོ་མོ་དྲགས་ཞན་སོགས་གང་ལའང་མ་བལྟོས་པར་ཀུན་དང་མཐུན་ཞིང་ཀུན་ལ་སྙོམས་པའི་ཇ་རིན་མི་དགོས་པའི་གསོལ་ཇ་དྲངས་པ་གྲགས་པ་དང་། ཇ་རིའི་གཡུང་དྲུང་བཀྲ་ཤིས་ཚང་གི་ཇ་འདི་འཛད་མེད་རི་ལྟར་ཡོད་ཅེས་གང་གི་ཐ་སྙད་གཉིས་ཀར་དོན་གྱི་གོ་བ་འགྲེལ་ཆགས་པ་རེའི་ཐོག་སྐྱོན་ཡོད་པར་མཐོང་ཐུབ། རྗེས་སུ་བྱེ་བྲག་དུད་ཚང་དེའི་མིང་ཡུལ་སྡེ་སྤྱི་ལ་ཐོགས་ནས་དེང་དུས་ཇ་རིའི་སྡེ་པ་ཞེས་ཐ་སྙད་འདོགས་པའི་ལོ་རྒྱུས་མངོན་གསལ་ཡོད་པར་བྱེ་བྲག་གྲུབ་ན་སྤྱི་གྲུབ་པ་རང་བཞིན་གྱི་རྟགས་ལས་གསལ་བར་མངོན་ནོ། །མདོར་ན་གསེར་ལུང་ཕུ་འདའ་བར་གསུམ་དུ་གླིང་དཀར་ཁྲ་མོའི་སྟོད་གླིང་གསེར་པ་མཆེད་བརྒྱད་ཀྱི་ཕ་གཞིས་དྲོན་མོའི་གདན་ས་དང་འབྲེལ་བའི་ལོ་རྒྱུས་རིག་དངོས་གྲངས་ལས་འདས་པ་ཡོད་པས་དེང་དུས་ཡུལ་སྐོར་དང་རིག་གནས་མཉམ་འདྲེས་སུ་སོང་བའི་ཆོས་ལུགས་དང་ལོ་རྒྱུས་དམངས་སྲོལ་གླིང་སྒྲུང་སྐྱེ་ཁམས་དཔལ་ཡོན་སོགས་ཤུལ་བཞག་རིག་དངོས་ཀྱི་མཛེས་སྡུག་བསྐྲུན་པའི་ཡུལ་གྲུ་ཆེན་པོ་འདི་ལ་སེར་ཤུལ་རྫོང་དང་རྫོང་མི་དམངས་སྲིད་གཞུང་། རྫོང་ཡུལ་སྐོར་རིག་གནས་ཅུས་སོགས་ཀྱི་རྒྱབ་སྐྱོར་འོག་ས་གནས་དེའི་རིག་དངོས་སྲུང་སྐྱོབ་དང་ཡུལ་སྐོར་དར་སྤེལ་བཏང་བར་ཚད་ལྡན་གྱི་ལྗོངས་རྒྱུའི་སྐྱོད་ཡུལ་དོན་དམ་པ་ཞིག་ཏུ་གྱུར་ཡོད། །