བྱང་ཕྱོགས་ཁ་བ་ཅན་གྱི་གནས་མཆོག་ཏུ། །
ཤར་སྟོད་རྨ་ཆེན་སྤོམ་རའི་འཕྲུལ་སྲས་ཤིག །
དགྲ་ལྷའི་ཟོ་དོར་སྟོང་གིས་རྩལ་རྫོགས་པ། །
དཔའ་ལྷ་ཞེ་ཐུལ་མི་སྤྱང་དཀར་པོ་བསྔགས། །
ཐོག་མར་དགེ་བ་དཔའ་བོའི་ལོ་རྒྱུས་ཀྱི་ཆེ་བ་བརྗོད་པ།
དེ་ཡང་གླིང་ཆོས་འཕེལ་ནག་པོའི་གདུང་སྲས་དྲི་མ་མེད་པ་མུ་ཏིག་བསྟར་ལ་རྒྱུས་པ་ལྟར་བྱུང་བ་གྲགས་པའི་རིགས་རུས་གླིང་ཆེ་འབྲིང་ཆུང་བརྒྱུད་གསུམ་བྱུང་བ་ལས་ཆུང་བརྒྱུད་ཁྱུང་གི་སྒོ་ངའི་ནང་ནས་གཤོག་དྲུག་རྒྱས་ཞེས་པའི་དཔེ་ལྟར་སྤྱི་དཔོན་རང་ཚ་ཁྲ་རྒན་གྱིས་རྨ་ཆེན་སྤོམ་རའི་མདུན་ཞོལ་དུ་བུ་ཆུང་ཞིག་རྙེད་པ་དེ་ལ་རལ་གྲིའི་འཁྲུལ་འཁོར་དང་སྨྲ་བརྗོད་གཏམ་གྱི་སྒོ་མོ་འབྱེད་པའི་ཆེད་སྦྱོང་གི་ལས་ལ་བཅོལ་བར་བྱས་ཏེ་བཤད་པའི་གཏམ་དང་གཡུག་པའི་མཚོན་ལ་གྲུབ་པར་བརྙེས་ཤིང་རང་དབང་འབྱོར་བའི་དཔའ་བོ་ཞིག་ཏུ་གྱུར། སྐུ་ནར་སོན་ཚེ་འབུམ་པའི་རྒྱ་ཚ་ཞལ་དཀར་གྱིས་བཀའི་བློན་ཆེན་བསྐོ་བཞག་བྱས་པས། ཕོ་རྩལ་སྣ་དགུའི་གཟི་མངས་རྒྱས་པའི་དཔའ་བོ་སེང་སྟག་ཨ་དོམ་ཞེས་མི་གཅིག་ལ་མིང་གི་རྣམ་གྲངས་མི་འདྲ་བ་མང་དུ་བྱུང་བ་གྲགས་པ་དེའང་དཔའ་བོའི་བྱེད་ལས་མཚོན་པའི་ཁྱད་པར་ལས་མཚན་གྱི་ཆེ་བར་བརྗོད་པ་ཞིག་སྟེ། ལྷོར་ཤིང་ཁྲི་རྒྱལ་པོ་ཆོམ་ལ་ཕབ་རྗེས་སུ་དར་ཡུལ་གྱི་སྤྱི་རྗེ་མངའ་གསོལ་བའི་མཚན་ལ་དར་རྗེ་ཁྱུང་རྒྱལ་སེང་སྟག་ཅེས་གསོལ་བ་དང་། གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་གསེར་ཁྲིར་འཁོད་རྗེས་བཀའ་ཡི་བློན་ཆེན་གསུམ་གྱི་གྲས་སུ་བདམས་ནས་ལས་མཁན་ཁྲ་གླག་སྤྱང་གསུམ་ནང་ཚན་དཔའ་ལ་མི་སྤྱང་དཀར་པོ་ཞེས་གསོལ་བ་དང་། དཔའ་ཡང་བརྟུལ་དམ་པའི་མི་བདུན་གྱི་ཡ་གྱལ་དཔའ་ལ་སེང་སྟག་ཨ་དོམ་ཞེས་དཔའ་བོའི་མཚན་གྱི་གཅོད་པན་གསོལ་ཡོད་པ་ཡིན་ལ། གཞན་ཡང་འདི་ལྟར་གསུངས་ཏེ《 མོན་གླིང་གཡུལ་འགྱེད།》ཀྱི་ཤོག་ངོས་༢༥༠ལས།“མི་ང་ལ་མིང་གསུམ་ཐོགས་ལེ་ཡིན། །དར་ཡུལ་གཡང་གི་ར་བ་ནས། །དར་རྗེ་ཁྱུང་ཆེན་སེང་སྟག་ཟེར། །ཧོར་གླིང་འཁྲུག་པའི་དུས་སྐབས་སུ། །སེང་སྟག་ཨ་དོམ་ཟེར་ལེ་ཡིན། །དཔའ་ཡང་དག་དཔའ་ལ་མི་སྤྱང་ཡིན། །སེང་ཨ་དོམ་མི་ཡི་སྤྱང་ཀི་ཡིན། །རྟ་སྟོང་རི་ནོར་གྱི་བང་མཛོད་ཡིན། །མཚོན་ལེབ་ཆེན་མི་ཡི་བཤན་གྲི་ཡིན། །”ཞེས་གསུངས་པ་དང་། དེ་ཡང་སྟོབས་ཀྱི་འཁོར་ལོའི་བསྒྱུར་བའི་རྒྱལ་པོ་གླིང་རྗེ་གེ་སར་ཡིད་བཞིན་དབང་གི་རྒྱལ་པོ་དེས་ལྷོ་སྒོ་བསྲུང་བའི་དཔའ་བོའི་མཚན་མངའ་གསོལ་ཞིང་སྐྱེས་བུ་མི་དཀར་རྟ་དཀར་གངས་རིའི་དུམ་བུ་ཐང་དུ་འགྲིལ་བ་ལྟར་བྱུང་བ་དེའི་གདན་སའི་མཁར་ཤུལ་གྱི་རིག་གནས་ཅུང་ཟད་བཤད་པ་བྱའོ། །
དམར་ནག་ཁྲག་གིས་མིག་རྩ་སྐོར་ཞིང་དཀར་གསལ་དུང་གི་སོ་ཞོ་བསྟར། །
གངས་རིའི་དུམ་བུ་ཐང་དུ་འགྲིལ་འདྲའི་འདོ་བ་སྟོང་རི་རག་དཀར་ཞོན། །
ལེབ་ཆེན་མཚོན་གྱི་རྣོ་ངར་འབར་བས་བདུད་སྡེ་བྱེ་བའི་སྲོག་རྩ་བཀུམ། །
དགྲ་དཔུང་ཟིལ་གནོན་ལྷོ་སྒོ་བསྲུང་བའི་དཔའ་བོ་སེང་སྟག་ཨ་དོམ་གྲགས། །
བར་དུ་དགེ་བ་མཁར་ཤུལ་ལས་རིག་གནས་ཀྱི་
འོད་སྟོང་འཕྲོ་བ།
དམ་པ་གང་དེའི་གདན་སའི་མཁར་ཤུལ་ནི་དར་མདོ་ནས་སྤྱི་ལེ་༦༢༦ཡས་མས་སུ་རྒྱང་བའི་སེར་ཤུལ་རྫོང་གི་མངའ་ཁོངས་མཚོ་འཕགས་སྨི་༣༧༠༠ཡོད་པའི་འདན་ཁོག་ལུང་པའི་ལོ་ཆུང་གྲོང་རྡལ་དྲན་འཁོར་ཡུལ་ཤོག་གི་སའི་ཆར་གཏོགས་ཉིན་རྫོང་དགོན་པའི་འདབས་དང་འབྲེལ་བའི་སའི་རྒྱ་ཁྱོན་སྨི་གྲུ་བཞི་མ་སུམ་བརྒྱ་ཡས་མས་སུ་ཡོད་ཅིང་། དེང་དུས་སེང་པ་གྲོང་པའི་རྒྱབ་རིའི་གདོང་སྣེ་ཞིག་ལ་མཁར་ཤུལ་གྲུ་བཞིའི་རང་གཟུགས་མ་ཡལ་བར་ཕྱོགས་བཞིར་བརྩིགས་པ་མི་ཚད་ཙམ་ལུས་ཡོད་པ་དང་། མཁར་དེ་ཉིད་མི་ལོ་སྟོང་ཕྲག་ཡར་སྔོན་གྱི་ཤུལ་བཞག་རིག་དངོས་དང་ལོ་རྒྱུས་ཀྱི་རིན་ཐང་ལྡན་ལ། གནས་དེར་ས་འགུལ་ཆེན་པོ་ཞིག་གིས་གནོད་ཐེབས་འོག་མཁར་རྫོང་དེའང་སྐབས་དེར་རྡིབ་སོང་བར་གྲགས་ལ། མཁར་ཤུལ་དེའི་ཕྱིའི་བཟོ་བསྐྲུན་གྱི་ཁྱད་པར་ལ་བརྟག་ན་སྐབས་དེའི་ཕུལ་བྱུང་ལག་རྩལ་དང་བཟོ་བཀོད་ཀྱི་རྗེས་ཤུལ་མཐོང་ཐུབ་པ་ནི། རྡོ་མཁར་དེའི་རྡོ་བཟོའི་ལག་རྩལ་གྱི་བསྒྲིགས་གཞི་སྤུས་དག་ལ་ཕྱི་ནང་ཐམས་ཅད་གབ་འབུར་མེད་པར་གྲུ་བཞི་ཤོ་ལྟར་ངོས་སྙོམས་པས་ཕྱིར་དགྲ་བོའི་མཚོན་ཆའི་གནོད་འཚེ་འགོག་པར་བྱེད་པའི་དཔའ་བོའི་བཙན་རྫོང་གི་བརྗིད་ཉམས་ལྡན་པ། མཁར་རྫོང་དེ་ཉིད་ཉམ་ཞིག་ཏུ་མ་སོང་གོང་མཁར་འོག་ཏུ་འཚོ་བའི་དགོས་མཁོ་བསྐང་བའི་བཏུང་བྱའི་ཉེར་སྤྱོད་རང་བྱུང་དུ་རྡོལ་བའི་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་མིག་ཅིག་ཀྱང་ཡོད་པའི་གཏམ་བརྒྱུད་དྲོན་མོ་བཤད་རྒྱུན་བཞུགས་ཡོད་པ་དང་། མཁར་རྫོང་ནང་གི་བཟོ་བཀོད་ཀྱི་ཁྱད་ཆོས་ལ་བརྟག་ན་མཁར་ཤུལ་ལས་བཏོན་པའི་ཀ་བ་བཞི་ཉིན་རྫོང་དགོན་དུ་ཡོད་པར་ད་ལྟ་མིག་སྔར་མངོན་སུམ་མཐོང་རྒྱུ་བཞུགས་ཡོད་པས་སྐབས་དེར་ཤིང་བཟོའི་ལག་རྩལ་ཚད་མཐོན་པོ་ཕྱིན་ཡོད་པར་མ་ཟད། བཟོ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་ཕུལ་བྱུང་འབུར་བརྐོས་ཀྱི་ལག་རྩལ་ལས་བསྐྲུན་པའི་སྒྱུ་རྩལ་ཕུན་སུམ་ཚོགས་པའི་རང་བཞིན་དང་ལྡན་པས་མཐོང་བྱེད་མིག་གི་རྒྱལ་མོའི་བདུད་རྩིར་སྤེལ་ནུས་པ་དང་། སྐབས་དེའི་དམིགས་བསལ་ཤིང་བཟོའི་ལག་རྩལ་ཚད་མཐོན་པོར་ཕྱིན་ཡོད་པའི་སྣང་ཚུལ་ལ་ཀ་བ་དེ་དག་ཤིང་མཐུད་བྱས་ཡོད་པས་དེང་དུས་འཕྲུལ་ཆས་ཀྱིས་བཟོས་པའི་བཟོ་རྩལ་དང་རྣམ་དབྱེར་མེད་པའི་རིག་གནས་དང་སྒྱུ་རྩལ་གྱི་ཐད་ལ་ཉམས་མི་དམན་པའི་ཁྱད་ཆོས་ལྡན་ཡོད། སྤྱིར་སྣོད་བཅུད་ཀྱི་འཇིག་རྟེན་འདི་ཆགས་གནས་འཇིག་སྟོང་བཞིའི་རང་བཞིན་དང་ལྡན་པས་འཕོ་འགྱུར་དང་འཕེལ་འགྲིབ་རེས་མོས་འོག་དར་རྒུད་བྱུང་བ་ཡིན། དེའི་ནང་འགྲོ་བའི་རིས་སོ་སོའི་བློ་ཁོག་དང་མཐུན་པའི་རིག་གནས་ཀྱིས་སྐྱེད་སྲིང་འོག་འཚར་ལོངས་བྱུང་བ་ཤ་སྟག་ཡིན་པར་རྟོགས་ཐུབ་ལ། མིག་སྔར་ཤུལ་བཞག་རིག་དངོས་འདི་ལྟ་བུ་སེམས་ཀྱི་ཟབ་སར་ཐིམ་པའི་སྔོན་བྱུང་གི་ལོ་རྒྱུས་ལ་བསམ་ནའང་དུས་རབས་ཀྱི་འཕོ་འགྱུར་དང་འཕེལ་འགྲིབ་འོག་དར་རྒུད་བྱུང་བའི་རིག་གནས་ཀྱི་དངོས་པོ་ཕྱོགས་རེ་ཙམ་མ་ཡིན་པར་ཆ་ཚང་བ་དང་ཕུན་སུམ་ཚོགས་པ་ཞིག་མཐོང་ཐུབ་ལ། གོང་དུ་ཞུས་པ་ལྟར་རྡོ་བཟོ་དང་ཤིང་བཟོ་ཁང་བཟོ་སོགས་ལག་རྩལ་གྱིས་བསྐྲུན་པ་ལ་སྒྱུ་རྩལ་གྱིས་ཉམས་ཕུན་སུམ་ཚོགས་པའི་རང་བཞིན་དང་ལྡན་པར་མ་ཟད། མངོན་གསལ་དོད་པོའི་སྐབས་དེར་ཚོན་གྱི་སྦྱོར་སྡེབ་དང་རི་མོའི་རིག་གནས་ཀྱི་ལག་རྩལ་ཡང་ཚད་མཐོན་པོར་ཕྱིན་ཡོད་པར་རྟོགས་ཐུབ། གཞན་ཡང་མཁར་ཤུལ་ལས་སེང་སྟག་གི་བསྟན་སྐལ་སྐུ་འདྲ་ཞིག་ཀྱང་དོན་པར་དེང་དུས་ཉིན་རྫོང་དགོན་པར་བཞུགས་ཡོད་པར་གྲགས་སོ། །
དཔའ་བོ་གཤེགས་པའི་ཤུལ་བཞག་རིག་དངོས་གཅིག །
ལག་གཉིས་འཁར་བར་བརྩེགས་པའི་རྒད་པོ་གཉིས། །
མ་བགྲོས་དུས་གཅིག་འཛོམས་པའི་ལས་སྐལ་གསུམ། །
ཚེ་སྔོན་ཐོད་པའི་རིས་སུ་བརྐོས་པ་ལགས། །
ཐ་མ་དགེ་བ་མཁར་ཤུལ་གྱི་ཁོར་ཡུག་རིག་དངོས་ཀྱིས་ཐང་མར་བརྡལ་བ།
དཔའ་བོ་ཆེན་པོ་དེའི་མཁར་ཤུལ་དང་ཉེ་བའི་རྒྱབ་རིའི་གཡོན་དུ་ཐད་ཀར་འཕྲང་ལམ་དོག་པོར་ཞིག་རྒྱུད་ཚེ་བྲག་ལྡེབས་ཤིག་ཏུ་ཧ་ཅང་མཐོང་དཀོན་པའི་ཐུགས་རྗེ་ཆེན་པོ་འགྲོ་འདུལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་བཅུ་གཅིག་ཞལ་བཞེངས་སྐུ་གནའ་བོའི་མི་རིགས་འདིའི་ལག་རྩལ་ལས་བསྐྲུན་པའི་རིག་གནས་ཀྱི་དངོས་པོ་གྲ་མ་ཆག་ཅིང་ཟུར་མ་ཉམ་པའི་བྲག་བརྐོས་རི་མོ་སྤུས་ལེགས་དེང་དུས་ལོ་རྒྱུས་ཀྱི་རིན་ཐང་གཞལ་དཀའ་ཞིང་རིག་གནས་ཀྱི་མཚར་སྡུག་ཡོངས་སུ་རྫོགས་པར་འགྲོ་བའི་བསོད་ནམས་ཀྱི་ཚོགས་ཞིང་ཀུན་འདུས་ནོར་བུའི་ལུགས་སུ་བཞུགས་ཡོད་པ་དང་། ད་ལྟའི་ཉིན་རྫོང་དགོན་པའི་གཡོན་དུ་སྤང་ཆུང་གྲུ་བཞི་ཡོད་པའི་ས་དེར། ཆུ་རྡོ་མིའི་ཐེག་ཚད་ཙམ་གྱི་འཕྲད་ངོས་ཀྱི་མཐའ་འཁོར་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྙིང་པོ་ཡི་གེ་དྲུག་མ་རང་བྱོན་རིག་དངོས་ངོ་མཚར་ཅན་ཞིག་མཇལ་རྒྱུ་ཡོད་པ་དེ་དེང་དུས་ཉིན་རྫོང་དགོན་པའི་བསྟན་གྱི་གཙོ་བོར་བཞུགས་ཡོད་པ་ཡིན་ལ། མདོར་ན་མཁར་ཤུལ་དེའི་ཁོར་ཡུག་ཀུན་ཏུ་རི་ཆུའི་རིག་གནས་སོགས་དཔའ་ལ་མི་སྤྱང་དཀར་པོའི་དང་འབྲེལ་ཡོད་ཀྱི་རིག་དངོས་ཤ་སྟག་ཡིན་པ་ནི་སུས་ཀྱང་སྙོན་དུ་མེད་དོ། །དེང་དུས་ས་གནས་འདིའི་ལོ་རྒྱུས་ཀྱི་སྐྱེད་ཚལ་སྟུག་པོའི་ཁྲོད་ནས་རིག་གནས་ཀྱི་འདབ་སྟོང་བཞད་པའི་ཚལ་དུ་ཕྱོགས་སོ་སོ་ནས་ཕེབས་པའི་ཡུལ་སྐོར་དང་ལྗོངས་རྒྱུ་བ་རྣམས་ལ་མིག་གི་དགའ་སྟོན་དང་རྣ་བའི་བདུད་རྩིར་ངོམ་མེད་དུ་སྤྲོ་ཐུབ་པར་ཐེ་ཚོམ་མེད། །
སླར་སྨྲས་པ།
སྐྱིད་མ་སྡུག་ཀྱི་འཇིག་རྟེན་མི་ཡུལ་འདིར། །
ལན་གཅིག་ཡོང་བར་དོན་ཆེན་མ་འགྲུབ་ཀྱང་། །
མེས་པོ་གོང་མའི་ཤུལ་བཞག་རིག་དངོས་ཀྱི། །
ལོ་རྒྱུས་བདེན་པ་སྨྲ་ན་ཉེས་པ་ཅི། །
དབུལ་པོའི་ལྟོ་རྒྱབ་འཚོལ་བའི་དཀའ་སྤྱད་དང་། །
བདེན་དོན་རིག་པས་འཚོལ་བའི་སྐུ་ཚེགས་གཉིས། །
འདུ་བྱེད་སེམས་ལས་སྡུག་བསྔལ་འདྲ་ན་ཡང་། །
དོན་ལ་བསམ་ན་གནམ་སའི་ཁྱད་པར་ལགས། །
ལོ་བརྒྱའི་རྒན་པོའི་ལོ་རྒྱུས་བཞིན་རས་ལ། །
ཤེས་རབ་གསུམ་གྱིས་ལྟ་བའི་མིག་བསྒྲུབས་ནས། །
མངོན་སུམ་བཅར་ཕོག་རིག་པ་མདུང་ཚུགས་སུ། །
ཤེས་བྱའི་དཀྱིལ་འཁོར་མཁྱེན་པའི་ཀློང་དུ་ཟླུམ། །