འདན་མ་དྲན་གསོ་ཁང་གི་ཐང་ཆེན་དུ་འདན་མའི་དམངས་སྲོལ་གནའ་བྲོ་འཁྲབ་བཞིན་པ།
འདན་མའི་གནའ་བྲོ་ནི། བོད་མི་རིགས་འདི་ནི་གླུ་གར་ལ་བྱང་ཆུབ་ཅིང་། གླུ་གར་གྱིས་མི་སེམས་ཀྱི་ངལ་བ་དང་སྐྱོ་བ་རྣམས་སེལ་བར་བྱེད་པས། ནམ་རྒྱུན་ངལ་ལས་སྣ་ཚོགས་ཏེ་ཞིང་ལས་སོགས་བྱེད་ཞོར་འབྲུ་དྲུག་སྙེ་མ་རླུང་གིས་དལ་བུར་གཡོ་བའི་འགྲོས་དང་བསྟུན་ནས་གླུ་ངག་གི་འགྱུར་ཁུགས་ཕྱོགས་བཞིར་ཁྱབ་པར་བྱེད། གླུ་གར་རྒྱ་མཚོའི་ཕ་ས་རུ་གྲགས་པའི་བོད་གངས་ཅན་ལྗོངས་ཀྱི་བྱེ་བྲག་མདོ་སྟོད་འདན་ལྗོངས་ཕྱུག་མོའི་གནའ་བྲོ་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་སྟེ། དེ་ཡང་བྲོ་ཚིག་གི་ནང་དོན་ཕུན་སུམ་ཚོགས་ཤིང་། གདངས་དབྱངས་དང་འགྱུར་ཁུགས། སྟངས་སྟབས་ཀྱི་རིགས་དབྱེ་ཞིབ་ཕྲ་དུ་མར་ཕྱེ་རྒྱུ་ཡོད་པ་རགས་ཙམ་ཞུས་ན།
རྩེ་མདའི་སྐོར་བྲོ་འཁྲབ་པ།
འདན་མའི་གནའ་བྲོའི་བྱུང་རིམ། དམངས་ཁྲོད་བཤད་སྲོལ་ལྟར་ན། སྔོན་འདན་ཟ་ཧོར་རྒྱལ་རྒྱུད་ཀྱི་འཁོར་འབངས་ཡོངས་རྫོགས་ཀྱིས་ཕོ་བྲང་དུ་སྤྲོ་སྐྱིད་དང་དུས་སྟོན་སྐབས་སུ་གླུ་གར་བྲོ་གསུམ་གྱི་འཁྲབ་སྟོན་མཛད་པ་དང་། ཀོང་ཇོ་སྔོན་རྗེས་གཉིས་ཕེབས་པ་དང་ད་དུང་ས་སྐྱའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་གོང་མའི་དབུ་བླར་ཕེབས་སྐབས་གནས་འདིར་ཞག་བཞུགས་མཛད་པའི་སྐབས་དེར་མང་ཚོགས་རྣམས་ཀྱིས་མཆོད་པའི་རྫས་སུ་འདན་མའི་གནའ་བྲོ་འཁྲབ་སྟོན་བྱས། དེ་ནས་ད་ལྟའི་བར་ལོ་ངོ་བརྒྱ་ཚོ་མང་པོའི་ལོ་རྒྱུས་ལྡན། ད་ལྟ་དུས་རབས་ཉེར་གཅིག་གི་མཚམས་འདིར་སླེབས་ཀྱང་། གནའ་བོའི་གླུ་གར་གྱི་བྲོ་བ་མ་ཉམས་པར་མངོན་སུམ་མིག་གི་ལོངས་སྤྱོད་དང་དར་ལུང་རྣ་བའི་བདུད་རྩི་རུ་འགྱུར་བའང་ངོ་མཚར་བའི་ལོ་རྒྱུས་ཀྱི་གྲུབ་འབྲས་སུ་གྱུར་ཡོད། ད་དུང་ཤུག་པའི་སྐོར་བྲོ་ཟེར་བའང་ཡོད།
འདན་མའི་གནའ་བྲོ་ལ་གདངས་དབྱངས་དང་གར་སྟབས་སོགས་རབ་དབྱེ་མང་དུ་ཡོད་པ་ཡིན། དང་པོ་བྲོ་གདན། བྲོ་མགོ །བྲོ་ཡི་དངོས་གཞི་ལ་ལྷ་བླ་མ། གོང་དཔོན་པོ། མ་སྲུ་མོ་སྨན་སོགས་ལ་བསྟོད་པ་དང་། རི་ཆུ་ནགས་གསུམ་དང་ཡུལ་ལྷ་གཞི་བདག་སོགས་ལ་བསྟོད་པ། ཁྱད་པར་ཕོ་ལྷ་དགྲ་བླའི་དཔང་བསྟོད་སོགས་ཀྱི་ཚིག་དང་དབྱངས་སྣ་ཚོགས་པ་དང་། རྗེས་བཀྲ་ཤིས་དང་སྨོན་ལམ་གྱིས་མཐའ་བརྒྱན་པ་བརྗོད་བྱ་ཕུན་སུམ་ཚོགས་ཤིང་གླུ་ཚིག་རེ་རེར་ལོ་རྒྱུས་ཀྱི་མེ་ཏོག་རེ་རེ་བལྟམས། བྲོ་ཚིག་རེ་རེར་གདངས་དབྱངས་མི་འདྲ་བ་རེ་ཡོད་ཅིང་། གདངས་དབྱངས་མི་འདྲ་བར་བརྟེན་ནས་གར་གྱི་སྟངས་སྟབས་ཀྱང་མི་འདྲ་བ་རེ་ཡོད། གདངས་དབྱངས་དེ་དག་ནི་ཕ་མེས་ཡང་མེས་ཀྱིས་སྙན་ནས་སྙན་དུ་བརྒྱུད་པའི་དམངས་ཁྲོད་ཞིང་འབྲོག་ཕལ་པའི་ལྷན་སྐྱེས་ཀྱི་སྐྱིད་སྡུག་དང་བག་ཆགས་ཀྱིས་བསྐྲུན་པ་ཤ་སྟག་ཡིན། དེ་ལྟར་བྲོ་འཁྲབ་པའི་ཚེ་ན་བྲོ་མགོ་འཁྲིད་མཁན་ཞིག་ཡོད་ཅིང་དེ་ལ་བྲོ་དཔོན་ཞེས་འབོད། བྲོ་དཔོན་དེ་ནི་བྲོའི་མཁན་པོ་ལྟ་བུ་དང་བྲོའི་སྒྱུ་རྩལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་ཡག་པོ་ཡོད་མཁན་ཞིག་ཡིན་དགོས། བྲོ་དཔོན་ལ་ཚང་དགོས་པའི་ཆ་རྐྱེན་ནི་སྤྱིར་གཟུགས་བཟང་བ་དང་ངག་སྙན་པར་མ་ཟད། ཀུན་དང་མཐུན་པའི་གཤིས་སྤྱོད་ལེགས་པོར་ལྡན་དགོས། བྲོ་དཔོན་གྱི་རྗེས་སུ་འབྲང་མཁན་དེ་ལ་བྲོ་གཡོག་ཟེར་ཞིང་། བྲོ་གཡོག་གིས་བྲོ་དཔོན་གྱི་ངག་འགྲོས་དང་མཐུན་དགོས་པ་མ་ཚད་བྲོ་ཡ་ཚོའི་ངག་འགྲོས་ལ་རྒྱུས་ལོན་བྱེད་དགོས། བྲོ་འཁྲབ་པའི་ཚེ་མཇུག་མར་ཡོད་པའི་བྲོ་པ་ལ་བྲོ་རྔ་ཞེས་ཟེར་ཞིང་དེ་ལ་ཡང་བྲོ་ཡི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ཡིན་དགོས། གཞན་གནའ་བྲོ་འཁྲབ་པའི་ཚེ་ན་སྐྱེས་པ་དང་བུད་མེད་གཉིས་ཀྱི་སྟངས་སྟབས་ཀྱི་ཆ་ལ་ཁྱད་པར་ཆེན་པོ་ཡོད་དགོས་པ་ཡང་ཡིན་ཏེ། སྐྱེས་པ་རྣམས་ཀྱིས་ནི་ཁོག་སྟོད་བགྲད་བགྲད་བྱེད་པ་སོགས་སྐྱེས་ཕོ་རབ་ཀྱི་ཉམས་དགུ་དང་ལྡན་པ་ཞིག་དགོས་ལ། བུད་མེད་རྣམས་ནི་དེ་ལས་ལྡོག་སྟེ་ཉམ་ཆུང་ཞིང་བག་ཕེབས་པ། བརྩེ་བ་དང་ཡིད་འོང་གི་ཉམས་ཕུན་སུམ་ཚོགས་པ་ཐོག་མཐའ་བར་གསུམ་དུ་ཡོད་དགོས་པ་ཞིག་ཡིན།
སྐབས་འདིར་འདན་མའི་གནའ་བྲོའི་བྲོ་ཚིག་སྐོར་ཞིག་འོས་སྦྱོར་ཞུས་ན། དང་པོ་དཔེར་ན་བྲོ་གདན་ལྟ་བུ་ལ།“ས་ཆ་ཡག་མོ་པདྨའི་གདན་སྟེང་། །པདྨ་ཡག་མོ་གཡང་གི་ར་བ། །ར་བ་ཡག་མོར་རང་ཕྱོགས་བླ་ལུ། །ཆོས་ར་ཁྲ་མོ་བསྭོ་བསྭོ་བསྭོ་ལ་རྒྱན། །ས་ཆ་ཡག་མོ་པདྨའི་གདན་སྟེང་། །པདྨ་ཡག་མོ་གཡང་གི་ར་བ། །ར་བ་ཡག་མོར་རང་ཕྱོགས་དཔོན་ལུ། །ཁྲིམས་ར་ཁྲ་མོ་བསྭོ་བསྭོ་བསྭོ་ལ་རྒྱན། །ས་ཆ་ཡག་མོ་པདྨའི་གདན་སྟེང་། །པདྨ་ཡག་མོ་གཡང་གི་ར་བ། །ར་བ་ཡག་མོར་རང་ཕྱོགས་མ་སྲུ། །གནས་ར་ཁྲ་མོ་བསྭོ་བསྭོ་བསྭོ་ལ་རྒྱན། །”སོགས་བྲོ་གདན་ལ་བྲོ་འགའ་ཡོད་པ་དང་དེ་ནས་བྲོ་མགོ་ནས་བྲོ་ཡི་དངོས་གཞི་རྣམས་རིམ་བཞིན་འཁྲབ་ཞིང་མཐར་བྲོ་རྔ་ལ་བཀྲ་ཤིས་དང་སྨོན་ལམ་གྱིས་མཐའ་བརྒྱན་པ་ཡིན།
དཔེར་ན་བཀྲ་ཤིས་པའི་བྲོ་ཚིག་གཅིག་བརྗོད་ན།“སྟེང་མ་ལྷ་ཡི་ཡུལ་ནས། །མཛེས་པའི་ལྷ་མོ་བཅུ་གསུམ། །མཛེས་པའི་ལྷ་མོ་བཅུ་གསུམ། །བཀྲ་ཤིས་མདའ་དར་བཅུ་གསུམ། །བཀྲ་ཤིས་མདའ་དར་བཅུ་གསུམ། །བཀྲ་ལ་ཤིས་པ་ཤོག །བར་མ་གཉན་གྱི་ཡུལ་ནས། །མཛེས་པའི་ལྷ་མོ་བཅུ་གསུམ། །མཛེས་པའི་ལྷ་མོ་བཅུ་གསུམ། །བཀྲ་ཤིས་མདའ་དར་བཅུ་གསུམ། །བཀྲ་ཤིས་མདའ་དར་བཅུ་གསུམ། །བཀྲ་ལ་ཤིས་པ་ཤོག ། འོག་མ་ཀླུ་ཡི་ཡུལ་ན། །མཛེས་པའི་ལྷ་མོ་བཅུ་གསུམ། །མཛེས་པའི་ལྷ་མོ་བཅུ་གསུམ། །བཀྲ་ཤིས་མདའ་དར་བཅུ་གསུམ། །བཀྲ་ཤིས་མདའ་དར་བཅུ་གསུམ། །བཀྲ་ལ་ཤིས་པ་ཤོག །”སོགས་བཀྲ་ཤིས་དང་སྨོན་ལམ་གྱི་བྲོ་སྣ་མང་པོ་ཡོད།
གླིང་བྲོའི་བྱུང་རིམ། གླིང་རྗེ་གེ་སར་རྒྱལ་པོས་འདན་མའི་ནས་རྫོང་ཕབ་རྗེས་འདན་མ་ཡང་གླིང་གི་ཁོངས་སུ་གཏོགས་པས་ཚ་ཞང་འདན་མ་བྱང་ཁྲ་འདན་མའི་རྗེ་དཔོན་དུ་བསྐོ་བཞག་མཛད། དེ་རྗེས་འདན་ཁོག་ལ་གླིང་བྲོ་ཞེས་པ་ཡང་འཁྲབ་སྲོལ་བྱུང་། དཔེར་ན། “གླིང་ཕྲུག་གེ་སར་རྒྱལ་པོ། ག་དང་གངས་ཀྱི་རི་ལ་འཁྲུངས་འགི་ཟེར། གླིང་ཕྲུག་གེ་སར་རྒྱལ་པོ། ཁྲ་མོ་གླིང་དཀར་སྟོད་ལ་འཁྲུངས་འགི་ཟེར། གླིང་གི་དཔལ་བརྟུལ་སུམ་ཅུ། མཇལ་ས་ལ་དང་ལ་མོ་ཕེབས་འགྲོ་ཟེར།”ལྟ་བུའོ།།
མདུན་བྲོའི་བྱུང་རིམ། རྗེས་སུ་སྡེ་དགེ་རྒྱལ་པོས་འདན་ཁོག་གི་ས་ཆ་འགའ་དབང་མཛད་བྱས་པར་བརྟེན། ཁྱིམ་ཁག་ཆེན་པོ་བདུན་སྡེ་དགེའི་མདུན་སྐོར་ལ་བསྐོ་བཞག་མཛད་ཅིང་དེའི་འཁོར་འབངས་རྣམས་ཀྱིས་མདུན་བྲོ་ཞེས་པའི་བྲོ་འདི་འཁྲབ་སྲོལ་བྱུང་བ་ཡིན། དཔེར་ན།“བར་ལ་སུ་བཞུགས་སུ་བ་བཞུགས། བར་དུ་སྡེ་དགེ་རྒྱལ་པོ་བཞུགས། མདུན་ལ་སུ་བཞུགས་སུ་བ་བཞུགས། མདུན་ལ་མདུན་སྐོར་སུམ་ཅུ་བཞུགས། མདའ་དར་ཡག །མདུང་དར་ཡག །རྟེན་འབྲེལ་འགྲིག”ལྟ་བུའོ།།
འདན་མའི་སྐོར་བྲོ། འདན་ཁོག་གི་ཕུལ་དུ་བྱུང་བའི་དམངས་ཁྲོད་རིག་གནས་རྣམས་ཀྱི་ནང་ནས་འདན་མའི་སྐོར་བྲོ་ནི་ལོ་གཞོན་ཕོ་མོ་ཚོས་ཆེས་དགའ་བསུ་ཐོབ་པའི་བྲོ་ཞིག་ཡིན་ལ། བྲོ་འདི་ནི་སྟངས་སྟབས་ཀྱི་ལྡེམ་ཆ་དང་བྲོ་འགྲོས་ཀྱི་མགྱོགས་དལ་སོགས་གཞོན་ཆུང་ཕོ་མོའི་ཡིད་སེམས་དབང་མེད་འགུག་ཐུབ་པ་ཞིག་ཡིན། དཔེར་ན།“ཁམས་འདན་མའི་ས་དེ་ནོར་བུའི་ས། ནོར་བུའི་ས་ལ་དགོན་ཆུང་ཆགས། དགོན་ཁྲ་མོ་ག་ཆགས་བླ་མ་བཞུགས། བླ་མ་ག་བཞུགས་ཆོས་ར་དར། ཆོས་ར་ཉི་མ་རང་ཤར་རེད། ཁམས་འདན་མའི་ས་དེ་ནོར་བུའི་ས། ནོར་བུའི་ས་ལ་རྫོང་ཆུང་ཆགས། རྫོང་ཁྲ་མོ་ག་ཆགས་དཔོན་པོ་བཞུགས། གོང་དཔོན་པོ་ག་བཞུགས་ཁྲིམས་ར་དར། ཁྲིམས་ར་ཉི་མ་རང་ཤར་རེད། ཁམས་འདན་མའི་ས་དེ་ནོར་བུའི་ས། ནོར་བུའི་ས་ལ་རྒྱ་གྲོང་ཆགས། རྒྱ་གྲོང་ག་ཆགས་མ་སྲུ་བཞུགས། མ་སྲུ་ག་བཞུགས་གནས་ར་དར། གནས་ར་ཉི་མ་རང་ཤར་རེད།”ལྟ་བུའོ།།
རྩེ་མདའི་ཞབས་བྲོའི་བྱུང་རིམ། སྤྱིར་རྩེ་མདའ་ཞེས་པའི་ས་མིང་ཐོགས་སྟངས་ལ་བཤད་སྲོལ་མི་འདྲ་བ་གཉིས་ཡོད་དེ། གཅིག་ནས་རྩེ་མདའ་ཞེས་པའི་ས་མིང་ཐོགས་དོན་དེ་རྩེ་མདའི་མི་ཆུང་བྱིས་པའི་དུས་སུ་གོམ་པ་སྤོ་ཤེས་པ་ནས་ཞབས་བྲོ་འཁྲབ་ཤེས་པ་དང་། ཁ་གྲག་ཤེས་པ་ནས་གླུ་དབྱངས་ལེན་ཤེས་པ་ཞིག་ཡིན་པའི་ཆ་ནས་རྩེ་མདའ་ཞེས་ཟུར་ཆགས་པར་བཤད། བཤད་སྲོལ་གཉིས་ནས་སྨད་མདོ་ཁམས་སྡེ་དགེ་ས་ཡི་ཡང་རྩེ་དང་། སྟོད་སྒ་བ་རིན་ཆེན་ཚོ་དྲུག་གི་མདའ་རུ་ཆགས་ཡོད་པའི་ཆ་ནས་རྩེ་མདའ་ཞེས་མིང་ཐོགས་པའང་བཤད། གང་ལྟར་ཀྱང་རྩེ་མདའི་ས་ཆ་ནི་རྩི་ཤིང་སྨན་སྣའི་ལོ་འདབ་རྒྱས་ཤིང་། འབྲུ་དྲུག་འཕེལ་ཁ་དར་བའི་གནས་ཤིག་ཡིན། མི་ལ་རྩེད་རིགས་དར་བས་རྩེ་མདའི་སྐོར་བྲོ་ཞེས་གང་སར་ཁྱབ་བྱུང་ཡོད།
རྩེ་མདའི་ཞབས་བྲོ་འདིར་སྐོར་བྲོ་ཞེས་མིང་རྟགས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཐོག་མ་གཞས་བྲོ་འདི་དར་དུས་སྐོར་ར་བསྐོར་ནས་འཁྲབ་སྲོལ་ཡོད་པར་སྐོར་བྲོ་ཟེར། སྐོར་བྲོ་ལའང་རིགས་གཉིས་ཏེ་གཅིག་ནི་སྐྱེས་པ་ཁོ་ནས་འཁྲབ་པའི་བྲོ་ཆེན་དང་། གཉིས་ནི་ཕོ་མོ་གཉིས་ཀས་འཁྲབ་པའི་གཞས་བྲོ་གཉིས་ཡོད། མ་ཚད་པར་ད་རུང་སྐྱེས་པས་རྟ་ཞོན་ཏེ་བུད་མེད་རྣམས་ཀྱིས་དར་དང་ཆང་གི་སྣེ་ལེན་གྱིས་ཆང་བཤད་དང་། འབྲས་དཀར་། ཞྭ་བཤད་ལ་སོགས་པའི་རིག་གནས་སྒྱུ་རྩལ་མང་པོ་དར། རྩེ་མདའི་ཞབས་བྲོ་ནི་ད་ལྟ་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་ནང་ཚུད་ཡོད།
འདན་མ་ལ་བོད་ཀྱི་ས་གནས་གཞན་དང་འདྲ་བར་ས་གནས་རང་ཉིད་ཀྱི་ཁྱད་ཆོས་མཚོན་པའི་བྲོ་གླུ་དང་དམངས་ཁྲོད་གཏམ་དཔེ། ཁེད། བཤད་པ། སྒྲུང་། དམངས་ཁྲོད་ལག་རྩལ་སོགས་དར་སྲོལ་ཆེ། ལྷག་པར་དུ་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་དང་ལྡན། ༢༠༠༨ལོར་ནས་བཟུང་འདན་མ་ནས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་གསར་དུ་བཙུགས་ནས་ལོ་ལྟར་ཉིན་གསུམ་ནས་ལྔའི་བར་དུ་གླིང་ཕུ་ནུའི་གར་འཆམ་དང་འདན་མའི་གནའ་བྲོ། འདན་མའི་སྐོར་བྲོ། གླིང་སྒྲུང་དང་གླུ་དབྱངས་སོགས་ངག་དང་ལུས་ཀྱི་སྒྱུ་རྩལ་མི་འདྲ་བ་སྣ་ཚོགས་བལྟས་ན་མིག་གི་ལོངས་སྤྱོད་དང་ཉན་ན་རྣ་བའི་བུ་རམ་དུ་གྱུར་ཡོད་ཅིང་། དེ་དུས་ཡུལ་མི་རྣམས་ཀྱང་གནའ་རབས་ཀྱི་ཆས་གོས་རྒྱན་ཆ་མི་འདྲ་བ་སྣ་ཚོགས་འདོགས་ཤིང་གནའ་མི་གསར་དུ་ཐོན་པ་ལྟ་བུའི་ངོ་མཚར་བའི་ལྟད་མོ་དུ་མ་ཡོད་དོ། །